གཡུ་དྲུག་དཀར། རྡ་ས།
ཕ་ཡུལ་དུ་མར་ལོག་པའི་ལམ་བར་དུ། ལུས་པོ་རླུང་འཁོར་དུ་བསྡད་དེ་རྒྱུགས་ཤིང་། གནམ་གྲུ་ལ་བསྡད་དེ་འཕུར་ནས་སོང་ཡང་། སླེབས་རྒྱུ་ཞིག་མི་འདུག ཁ་ལོ་མི་ཐུབ་པའི་སེམས་པ་སྔོན་ལ་ལྡིང་ནས་མཆོང་ནས་བུད་འགྲོ་བས། ཕ་ཡུལ་དུ་མར་ལོག་པའི་ལམ་བར་ནི། ལུས་དལ་ཞིང་སེམས་མགྱོགས་པའི་འགལ་ཟླའི་བར་ཐག་རིང་པོ་རིང་པོ་ཞིག་རེད་ཨང་། དོན་ངོ་མར། ཕ་ཡུལ་དུ་མར་ལོག་པའི་ལམ་བར་ནི། སླེབས་རྒྱུ་མེད་པའི་དེ་འདྲའི་བར་ཐག་རིང་པོ་རིང་པོ་ཞིག་ཡིན་ནམ།
ཕ་ཡུལ་ནས་ཕྱིར་ལོག་པའི་ལམ་བར་དུ། རླུང་འཁོར་ཆེ་ཆུང་གཉིས་ལ་བསྡད་དེ་རྒྱུགས་ཤིང་། གནམ་གྲུ་ཕར་བརྗེ་ཚུར་བརྗེ་བྱས་ཏེ་འཕུར་ནས་ཡོང་ཡང་། རྔམ་རྔམ་འཇིགས་འཇིགས་ཀྱི་སེམས་པས་ད་དུང་གཞུག་ནས་འདེད་པས། སེམས་བདེ་ས་དེར་འབྱོར་རྒྱུ་ཞིག་མི་འདུག དོན་ངོ་མར། ཕ་ཡུལ་ནས་ཕྱིར་ལོག་པའི་ལམ་བར་གྱི་གནམ་ས་གཉིས་ཀ་དེ་འདྲའི་འཚུབ་པོ་འཚུབ་པོ་ཞིག་ཡིན་ནམ།
ཕར་ལམ་ཚུར་ལམ་གྱི་ཉེ་རིང་། དུས་ཚོད་དང་སྐར་མ་དང་སྐར་ཆ་དང་བཅས་བ་སེམས་ན་ཁྲིགས་ཁྲིགས་ཡིན་ལ། འདི་ནས་གང་དང་དེ་ནས་གར་ལ་འགྲོ་དགོས་མིན་གྱི་ལམ་ཐིགས་ཀྱང་ཡིད་ན་ཝ་ལེ་ཝ་ལེ་ཟེར་བ་ལྟར་ཡང་། རང་ཉིད་དུས་ནམ་ཞིག་ལ་ས་གང་དུ་འབྱོར་མིན་གྱི་གདེངས་ཡེ་དང་དཀྱིལ། མཐར་གང་ནའང་མི་འདུག
ཕ་ཡུལ་དུ་ཕྱིར་ལོག་པའི་ལམ་བར་གྱི་སྣག་སྣུམ་གཞུང་ལམ་རིང་མོ་དག་བདེ་རབས་ཟེར་ཡང་། སེམས་པ་ཡར་དཀྲུགས་མར་དཀྲུགས་བྱེད་དགོས་འདུག་པས། ང་ལ་བདེ་ཐང་གི་སྣང་བ་ཞིག་གཏན་ནས་མ་བྱུང་། ཕ་ཡུལ་གྱི་བར་སྣང་ཁམས་ཆེན་པོ་དེ་གཙང་རབས་དག་རབས་ཟེར་ཡང་། ཕར་ལ་དྲན་སེམས་ཀྱི་གཤོག་རླུང་གིས་འཁུར་འགྲོ་ཞིང་། ཚུར་ལ་ར་མདའ་ཡི་འཇིགས་རྔམ་གྱིས་དེད་ནས་ཡོང་བས། ང་ལ་ཁམས་གཙང་དྭངས་གཙང་གི་བརྩེ་བ་ཞིག་གཞར་ཡང་མ་ཆགས།
བདག་གི་གཅེས་པའི་ཕ་ཡུལ་ལགས། ད་ནི་ང་རང་ཁྱེད་ཀྱི་པང་དུ་ལོག་པའི་ལམ་བར་ནི། ལུས་ལ་ངལ་བ་མེད་ཀྱང་། སེམས་ལ་དཀའ་བ་རི་རབ་ལས་མཐོ་བ་ཞིག་བརྩིགས་དགོས་པའི་བར་ཐག་ཅིག་ཏུ་གྲུབ་འདུག་ན། དུས་ནམ་ཞིག་ལ། ང་ཡིས་བདེ་ཐང་གིས་ཁྱེད་ཀྱི་པང་དུ་ལོག་པའི་ལམ་ཞིག་བརྙེད་དམ། །