བོད། ལྷ་ྐླུ་གཉན་གསུམ།
བོད་གངས་ཅན་པ་ཚང་ལ་གཏམ་དཔེ་འདི་འདྲ་ཞིག་ཡོད་། ཁ་ནས་གང་བཤད་ལ་མ་བལྟ། ལག་ནས་གང་བྱེད་ལ་ལྟོས་ཟེར་བ་དེ་ནི་ཅི་འདྲའི་དོན་སྙིང་ལྡན་པ་ཞིག་མ་རེད་དམ། ལྷག་པར་དུ་དེ་རིང་སང་གི་དུས་ཚོད་འདི་ལ་དྲ་ཐོག་པ་ང་ཚོའི་ཁ་ལས་ཡིག་རྨོངས་པའི་ལག་ལེན་ལ་ནུས་ཤུགས་བླ་མ་མེད་པ་ཞིག་ཐོན་བཞིན་པ་ཡོད་པ་འདི་དག་ནི། ད་སྐབས་ང་ཚོས་མིག་མཐོང་ལག་ཟིན་དུ་གྱུར་ནས་འོང་དུས། ང་ཚོ་ནི་བཤད་རྒྱུ་དགའ་བ་ལས་ལག་ལེན་བྱེད་མཁན་མིན་པར་ཁས་ལེན་མི་བྱེད་ཐབས་མེད་དུ་གྱུར་ཡོད།
འདི་ནི་ཕྱོགས་གཞན་ཞིག་ནས་བཤད་པ་ཡིན་ན་༧རྒྱལ་བའི་བཀའ་གསུང་ལག་ལེན་དངོས་སུ་བསྟར་བའི་ལྷ་སྡེ་ཐོག་མ་ཞིག་རེད།
ཨོ་རེད། ངས་འདི་ལྟར་སྐད་ཆ་མགོ་བཙུགས་དུས་ཁྱེད་ཅག་ གིས་མི་འདིས་ག་རེ་བཤད་འདོད་ཡོད་དམ་སྙམ་ནས་ང་རང་གི་སྐད་ཆ་ལ་རྣ་བ་གཏད་ཡོད་ཤས་ ཀྱང་ཆེ་ལ། མི་ཁ་ཤས་ཀྱིས་མགོ་ནས་ཅུང་ཙམ་ཀློག་རྗེས་མི་འདིས་ཁ་བྱང་བརྫིག་པོ་ཞིག་བཏགས་པ་ མ་གཏོགས་སྐད་ཆ་ནང་དོན་ཡོད་པ་གང་ཡང་བཤད་རྒྱུ་མི་འདུག་དྲན་ནས་སུན་སྣང་དང་བཅས་ དེ་ཀློག་མཚམས་བཞག་ཡོད་ཀྱང་སྲིད། གང་ལྟར། ད་ནི་སྐད་ཆ་འདིའི་ནང་དོན་དངོས་དེ་བཤད་པ་ཡིན་ན། ༧རྒྱལ་བ་ཡིད་བཞིན་ནོར་བུས་ལོ་མང་རིང་དུ་བོད་པ་ཚོས་ཆང་འཐུང་བ། ཐ་མག་འཐེན་པ། ཤོ་རྒྱག་པ་སོགས་བྱས་དེ་ཉིན་མ་བཏང་བ་ཡིན་ན་དངོས་ནས་སེམས་སྐྱོ་བའི་གནས་སྟངས་རེད། རབ་བྱུང་ན་ཤོ་མི་རྒྱག་པ་དང་ཆང་མི་འཐུང་བ། ཐ་མག་མི་འཐེན་པ་སོགས་བྱེད་ཐུབ་ན་ཡག་པོ་ཡོད་རབས་ཀྱི་བཀའ་གསུང་ནི་ལོ་མང་རིང་གནང་མྱོང་ཡོད་པ་རེད། ཡིན་ཡང་། སྐྱེ་བོ་སྒེར་བ་དག་གིས་ཐ་མག་འཐེན་པ་ནས་གཅོད་པ། ཆང་འཐུང་བ་ཆང་བཅད་པ། ཤོ་རྒྱག་མྱོང་བ་གཏན་ནས་སྤང་བ་སོགས་ད་ལྟའི་བར་དུ་མང་བོ་བྱུང་མྱོང་ཡོད་པ་དེ་ནི་རྒྱུན་ལྡན་ལྟ་བུ་ཞིག་ལ་ང་ཚོས་བརྩི་བཞིན་ཡོད་པ་རེད། འོན་ཀྱང་། དེ་རིང་ངས་འདི་ནས་གླེང་བཞིན་པ་ནི་དེ་འདྲའི་དོན་དག་ཆུང་ཆུང་མིན་པར་ཆེ་ས་བོད་མི་རིགས་ཀྱི་ལས་དབང་དང་འབྲེལ་ཞིང་། ཆུང་ས་སྐྱེ་བོ་སྒེར་གྱི་ཁྱིམ་ཚང་དང་བཟའ་མི་ཉེ་འབྲེལ་གྱི་ཚེ་འདིའི་སྐྱིད་སྡུག་ལ་འབྲེལ་བ་ཡོད་པའི་གནད་དོན་ཞིག་ཆགས་ཡོད་པ་དེ་རེད།
སྤྱིར་བཏང་འཛམ་གླིང་གི་ཡུལ་གྲུ་ཕལ་མོ་ཆེ་ནས་སྐྱིད་སྐྱིད་གཏོང་བ། བཟའ་སྟོན་བྱེད་པ། སྡེ་ཁྲོམ་པ་འདུ་ས། ཆུང་ན་ཆུང་འཛོམ་ས། གླུ་ལེན་གར་རྩེད་བྱེད་ས་སོགས་གང་དུ་ཡང་ཆང་མེད་ས་ཞིག་མེད་ཟེར་ནས་གླེང་ཆོག་ལ་དེ་ཡང་དགོས་འཁོ་ལྟ་བུ་ཞིག་དུ་ཡང་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་ལ། མི་མང་གིས་ཀྱང་སྟོན་མོ་དང་གླུ་ལེན་གར་རྩེད་བྱེད་སར་ཆང་གླུ་དང་ཆང་གཞས་ཟེར་ནས་དམིགས་བསལ་གྱིས་གླུ་ལེན་བྱེད་སྲོལ་གྱང་ཡོད་པ་རེད། དེ་འདྲའི་གནད་འགག་གི་འབྲེལ་བ་ཞིག་ཀྱང་ཡོད་པ་རེད་ལ། ཕྱོགས་གཞན་འཁོན་བརྡུང་རེས་བྱེད་པ། ནང་སྤུན་ཟླ་གསོད་པ། གྲོགས་ན་ཟླའི་བར་དུ་ཁ་འཆི་ཤོར་བ། ཁྱིམ་བཟའ་ཚང་གཏོར་བ། ངོ་ཚ་དང་ཁྲེལ་མེད་དུ་ཆགས་པ་སོགས་ཀྱང་ཆང་འཐུང་གི་མཇུག་འབྲས་སྡུག་ཤོས་དེ་ཆགས་ཡོད་པ་རེད།
ཤོ་རྒྱག་པ་ནི་དེ་མཚུངས་ཀྱི་གནད་དོན་ངན་པ་ཆེས་མང་བོ་ཞིག་དང་འབྲེལ་ཡོད་པ་ནི་དྲ་ཐོག་པ་ཚང་མས་ཤེས་གསལ་རེད་ལ། ལྷག་པར་དུ་ཤེས་ཡོན་ཅན་མང་བོ་ཞིག་དང་བླ་ མ་དང་མཁས་པ་སོགས་ཀྱིས་དེ་ལ་འགག་བྱ་མང་བོ་བྱས་ཡོད་ཀྱང་དེང་མི་མང་བོ་ཤོ་རྒྱག་ པར་མགོ་འཁོར་ནས་ཆུང་ས་ནས་རང་གི་རང་དོན་འཐུས་ཤོར་དང་ཆེ་ས་ནས་བོད་སྤྱི་བའི་ སྤྱི་དོན་འཐུས་ཤོར་དུ་འགྲོ་བཞིན་ཡོད་པ་ངེད་ཅག་གིས་ཤེས་གསལ་མཐོང་གསལ་ཞིག་ ཆགས་ཡོད་པ་རེད། ཐ་མག་གམ་དུ་བ་ཡང་། མིའི་རིགས་ཀྱི་འཕྲོད་བརྟེན་ལ་གནོད་འཚབ་ཆེ་ཤོས་ཤིག་དང་། སྐྱེ་བོ་སྒེར་སོ་སོའི་འགྲོ་སོང་ ཐོལ་བ་དང་ནང་ནས་འཐེན་ན་ནང་མི་དག་གི་འཕྲོད་བརྟེན་ལ་གནོད་པ་དང་ཕྱི་ནས་འཐེན་ན་ ཡང་རང་ཉིད་གཙོ་བའི་ཁོར་ཡུག་ལ་བཙོག་པ་བཟོ་བཞིན་ཡོད་པ་མ་ཟད། ནད་ཚ་ཆེས་སྡུག་ཆག་དུ་འབོད་པའི་ཀན་སར་ན་བའི་རྒྱུ་རྐྱེན་སོགས་ཀྱང་ཆགས་བཞིན་ ཡོད་པ་ནི་མི་མང་བོ་ཞིག་གིས་ཤེས་པ་ནས་ད་དུང་དེ་ཉིད་སྐྱུར་ཐུབ་ཀྱི་མེད་པ་ང་ རང་ལྟ་བུ་ཆེས་མང་བོ་ཞིག་ཡོད་པ་རེད།
ད་ ནི་སྐད་ཆ་འདིའི་བརྗོད་གཞི་ངོ་མ་ཞུས་པ་ཡིན་ན་ནི། བོད་མདོ་སྨད་བླ་བྲང་སྔོན་ཆགས་སྡེ་བའི་སྡེ་དཔོན་དཔལ་ལྡན་བཀྲ་ཤིས་ཀྱིས་ད་ལོ་ ངེད་ཅག་གིས་བླ་མའི་བཀའ་བཞིན་སྡེ་མི་ཡོངས་ཀྱི་མ་གྲོས་བསམ་པ་གཅིག་མཐུན་གྱིས་ བླ་མའི་ཞབས་བརྟན་དང་སྐུ་ཚེ་བརྟན་ཆེད་དུ་ཟེར་ན་རེད། སྡེ་མི་ཡོངས་ཀྱིས་ཚོགས་བསགས་ཟེར་ན་འདྲ་སྡེ་མི་ཡོངས་ཀྱིས་རྒན་གཞོན་དབྱེ་བ་མེད་པར། ཤོ་བཅད། ཆང་བཅད། ཐ་མག་བཅད་པ་རེད། ད་སྡེ་བ་ཡར་མར་ཚང་མས་ང་ཚོའི་སྡེ་བའི་མིང་གི་བཟུང་དེ་བསྟོད་བསྔགས་བྱེད་ཀྱི་འདུག་ཟེར་བས། ངས་ཀྱང་དེ་བས་ལྷག་ཞིག་དངོས་ནས་བྱེད་རྒྱུ་ཡོད་ནི་མ་རེད། ཤེས་ཡོན་པ་ཡིན་ཟེར་མཁན་དེ་ཚོ་ཡིན་ཡང་འདི་འདྲའི་ལྷག་གི་དོན་དག་ཞིག་བྱེད་ཐུབ་ཀྱི་ཡོད་པ་མ་རེད། དངོས་ནས་རླབས་ཆེན་རེད། ཁྱེད་རང་ཡི་གེ་མི་ཤེས་མཁན་ཞིག་ལ་མཚོན་ན་དེ་བས་ལྷག་ཞིག་དངོས་ནས་བྱེད་རྒྱུ་ཡོད་ནི་མ་རེད་ཅེས་བཤད་དུས། ཁོས་རེད་རེད། ང་རང་ཡིན་ན་དངོས་ནས་དགའ་ནས་བསྡད་ཡོད། ན་ནིང་སྡེ་དཔོན་ལ་བསྡད་དེ་ཚང་མས་བཟང་གི་ཟེར་ནས་ད་ལོ་ཡང་བསྐྱར་འདུག་རོགས་ཟེར་ནས་འབོད་སྐུལ་བྱས་པ་ལྟར་བསྡད་པ་ཡིན། ད་ནི་བསྡད་པ་དོན་གོ་ཡང་བྱུང་འདུག་བསམ་ནས་ང་རང་ཡང་དགའ་ནས་བསྡད་ཡོད་ཟེར། དྲ་ཐོག་པ་ཚོ་ཁྱེད་ཅག་གིས་གཟིགས་དང་བོད་ནང་གི་བོད་པ་དག་གི་དད་པ་དང་ཡིད་ཆེས་ཁ་ལག་གཉིས་སུ་འདུག་པ་མཐོང་དེ་འོང་དུས། ཁྱེད་ཅག་གིས་ག་རེ་བསམ་བཞིན་འདུག འདི་ནི་བོད་མི་རིགས་ཀྱི་འགུལ་ཤུགས་བྱེད་སྟངས་ཐུན་མོང་མ་ཡིན་པ་ཞིག་མ་རེད་དམ། ངས་ཉིན་མ་འདི་ཚོས་རང་དུ་བསམ་བློ་གཏོང་བ་ཡིན། སྡེ་མི་ཚང་མས་ཆང་བཅད། ཤོ་བཅད། ཐ་མག་བཅད། དངོས་ནས་བློ་ཡུལ་དུ་མི་གཤོང་བའི་བྱ་བ་རླབས་ཆེན་ཞིག་མ་རེད་དམ་སྙམ་ཞོར་དུ། ད་ནི་ཁོང་ཚོ་ལ་ཡང་མིང་གསར་བ་ཞིག་བཏགས་དེ་གནོད་ཤུགས་སྤྲོད་མཁན་རེ་བྱུང་མི་ཡོང་ངམ་དྲན་ནས་སེམས་འཁུར་གྱང་ཡོང་གི་འདུག དྲ་གྲོགས་ཚོ། སྡེ་བ་འདི་ལ་བོད་མི་ཚང་མས་དམིགས་དཔེ་ལྟ་སྲིད་དམ། སྡེ་བ་འདི་བརྒྱུད་དེ་བོད་མི་ཆེས་མང་བོ་ཞིག་གིས་ཤོ་དང་ཆང་། ཐ་མག་སོགས་གཅོད་རྒྱུའི་གྲ་སྒྲིག་བྱེད་སྲིད་དམ། ཁོང་ཚོས་ཀྱང་རང་གི་སྡེ་བ་ནས་མགོ་གཙུགས་དེ་ རང་གི་རང་དོན་དང་སྤྱི་བའི་སྤྱི་དོན་ལ་ཕན་པས་ལས་ཀ་འདི་འདྲ་བྱེད་པར་འདོད་པ་ ཡོད་དམ། ངས་འདི་ལྟར་དྲན་ཞོར་དུ་སྡེ་བ་འདིས་མིང་ལ་འདི་ལྟར་འབོད་འདོད་བྱུང་། ༧རྒྱལ་བའི་བཀའ་གསུང་ལག་ལེན་ལ་བསྟར་བའི་ལྷ་སྡེ་ཐོག་མ་ཟེར་འདོད་བྱུང་།
དྲ་གྲོགས་ཚོ་འདི་ནི་གནས་ཚུལ་དངོས་ཡོད་ཅིག་ལས་རྫུན་བཟོ་དང་རང་གི་རྟོགས་བཟོ་ བྱས་པ་དེ་འདྲ་རྩ་བ་ནས་མིན་པ་ཐུགས་སུ་འཛིན་རོགས་ཞུ།
ང་ངོ་མ་སེམས་ཁོངས་ནས་མཆི་མ་ཤོར་སོང༌། ང་གདོང་དམར་བོད་ཀྱི་སོན་རྩ་ཞིག་ཡིན་པར་སྤོབས་པ་མཐོ་ནས་མཐོ་རུ་འགྲོ་གི་འདུག
ཁྱོད་ཐོག་མ་ཟེར་རྒྱུར་དགའ་བ་ལ།།
ཁྱོད་མཇུག་མ་ཡོད་ན་སྐྱིད་པ་ལ།།
རྩེད་མོ་བྱས། བཀའ་སློབ་འདི་དག་སྤེལ་པ་དང་ལག་ལེན་དུ་འཁེལ་ཐབས་བྱ་རྒྱུ་ཤིན་ཏུ་གལ་ཆེའོ།། །། རྫོགས་སོ།།
མེ་སྒྱོགས་རྒྱ་མཚོ་ལགས། ཅི་ཡང་མི་བྱེད་པ་ལས་མགོ་ཙམ་བཙུགས་ཀྱང་ཕུན་སུམ་ཚོགས་པ་ཞིག་མ་རེད་དམ། དངོས་ནས་ངེད་ཅག་གིས་བྱེད་མ་ཐུབ་ཀྱང་དེ་འདྲའི་བྱེད་མཁན་གང་ན་སུ་ཡོད་པ་དག་གིས་མཛད་རྗེས་ཤིག་ཡིན་ཡང་ཡིག་ཐོག་དུ་ཕབ་ཐུབ་པ་ཡིན་ན་ནི་ངེད་ཅག་གིས་ཡི་གེ་འབྲི་ཙམ་ཤེས་པའི་དགོས་པ་་མ་རེད་དམ།
དྲ་གྲོགས་མ་བསོད་ནམ་བདེ་སྐྱིད་ལགས། ཁྱེད་རང་གིས་རྗེས་སུ་ཡི་རུང་བྱས་པ་དེ་ལྟར་དུ་ང་ཚོ་བོད་མི་མི་ཉུང་བ་ཞིག་གིས་ཀྱང་དེ་ལྟར་བྱས་པ་ཡིན་ཚེ། དངོས་ནས་བོད་པ་ཚང་གི་གཅིག་ཕན་གཅིག་གིས་གྲོགས་ཟེར་བ་དེ་རུ་འགྲོ་བ་རེད། དངོས་ནས་ཡག་པོ་རེད།
ལྷ་གཉེན་ལགས།།
མགོན་པོ་ཀླུ་སྒྲུབ་སོགས་ཀྱི་ལྟ་བ་བརྒྱ་བཤད་པ་ལས། དེང་སང་བོད་པའི་སྤྱི་ཚོགས་ནང་གི་བྱེད་ངན་རྣམས་ལ་ཐེར་འདོན་གྱིས་ཡོ་བསྲང་གནང་ཐུབ་ཐབས་བྱ་རྒྱུ་ནི་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་རེད།།
ཁྱེད་ཀྱིས་དེ་ལྟ་བའི་བཀའ་སློབ་ཁྱབ་སྤེལ་བྱེད་ཀྱིན་ཡོད་པ་ནི་རྗེསུ་ཡིད་རང་ཞུ་འོས་པ་ཡིན།
གཞན་སྐྱོན་ཐེར་འདོན་གཅིག་བུ་བྱེད་པ་གལ་མི་ཆེ་བར། རང་སྐྱོན་རང་གིས་ཐེར་འདོན་བྱས་དེ་རང་ཉིད་ལ་བསྒྱུར་བཅོས་གཏོང་དགོས་པ་དེ་ནི་གལ་ཆེན་ཡིན། དེ་ལྟར་བྱེད་ཐུབ་ཉིན་མི་དང་གཞན་གྱིས་ལམ་ཁ་ནི་རང་བཞིན་གྱིས་ཐེར་འདོན་བྱས་པ་རེད་ཟེར་ནས་བཤད་ཀྱང་མ་འགྲིག་པ་མེད་པར་འདོད་ཀྱི་ཡོད། དེའི་སྟབས་ཀྱིས་གཞན་སྐྱོན་འཚོལ་བ་ལས་རང་སྐྱོན་ལ་བརྟག་པར་བྱ་རྒྱུ་དེ་ནི་ངེད་ཅག་གི་འགན་ཆེ་ཤོས་དེ་རེད་འདོད་ཀྱི་ཡོད། སྤྱིར་མི་ཚོས་ཁ་ནང་དུ་ཡོང་ཚད་བཤད་རྒྱུ་ལས་ལག་ནང་དུ་ཡོང་ཚད་བྱེད་རྒྱུར་འབད་བརྩོན་བྱེད་རྒྱུའི་ཆོད་སེམས་རང་་ཉིད་ལ་ཡོད་མེད་དེ་ཤེས་རྒྱུ་ནི་རང་རྒྱུས་རང་ལ་ཡོད་པའི་བརྟག་དཔྱད་བྱེད་རྒྱུའི་ཆ་རྐྱེན་ཡང་ལྡན་གྱི་ཡོད་པ་འགན་ལེན་བྱེད་དགོས་ཀྱི་ཡོད་པར་སྙམ་བཞིན་ཡོད་ལགས། མེ་སྒྱོགས་རྒྱ་མཚོ་ལགས། ངས་སྟོང་བཤད་བྱེད་མཁན་གྱི་མི་དེ་དག་གིས་ཐོག་མར་རང་གི་ལུས་ངག་ཡིད་གསུམ་ལ་ཞུ་དག་གཏོང་ཐུབ་ན་སྙམ་ནས་འབོད་སྐུལ་བྱེད་ཀྱི་ཡོད་པ་ལས། མི་ངན་གྱི་བྱ་སྤྱོད་ཐེར་འདོན་བྱེད་པ་ལ་ཡང་བྱེད་མཁན་རང་ཉིད་ལ་ཡང་ཆ་རྐྱེན་གང་ཙམ་ཞིག་མ་ལྡན་ཚེ། ང་ཚོས་བོད་པ་ཚང་གི་གོམ་གཤིས་ཤིག་ལ་ཐོག་མར་གཏམ་ལ་མི་ལྟ་བར་ཁ་ནས་ཅི་བཤད་མ་བལྟ། ལག་ནས་ཅི་བྱེད་ལྟོས་ཟེར་སྲོལ་ཡོད་པ་སྐུ་ཉིད་ཀྱིས་ཀྱང་ཤེས་གསལ་རེད།