ཨ་འདུས་མིག་ཆུ། ས་རཱ།
ད་ལོ་ང་ལ་ལོ་སར་མེད། དགའ་དགའ་སྐྱིད་སྐྱིད་བྱེད་པའི་དགའ་སྣང་གི་མོས་ཁམས་གཏན་ནས་མེད། ལོ་སར་མེད་པ་ནི།མཁའ་དབྱངས་སུ་ཉི་འོད་མེད་པས་མ་ཡིན་ལ།ས་གཞི་རུ་སྐྱེ་ཁམས་ཁོར་ཡུག་བྲལ་སོང་བས་ནི་ག་ལ་ཡིན་ཨང། ད་ལོ་ང་ལ་ལོ་སར་མེད། གླུ་ལེན་ཞིང་གར་འཁྲབ་པའི་སྤྲོ་སྣང་གི་སེམས་ཁམས་གཏན་ནས་མེད། ལོ་སར་མེད་པ་ནི། ང་རང་ཉིད་ཀྱི་རྣམ་ཤེས་འགག་ཉེར་ཡོད་པས་མ་ཡིན་ལ། ཕ་མ་དང་རྒྱང་ཐག་རིང་སོང་བས་ཀྱང་ག་ལ་ཡིན་སྲིད་ཨང་། ད་ལོ་ང་ལ་ལོ་སར་མེད། ཤར་མར་ཐུད་གསུམ་བསྒྲིགས་པའི་གང་འདོད་གང་སྐྱིད་ཀྱི་སྤྲོ་བ་གཏན་ནས་མེད། ལོ་སར་མེད་པ་ནི། ང་རང་ཉིད་དཔལ་འབྱོར་ལོངས་སྤྱོད་ཀྱིས་སྟོངས་པས་མ་ཡིན་ལ། མགོ་ཁང་ཞིག་གཏན་ནས་མེད་སོང་བས་ནི་ག་ལ་ཡིན་སྲིད་ཨང་། ང་ལ་ལོ་སར་མེད་པ་ནི། ད་ལོའི་མེ་ལྕེ་དག་གི་འབར་ཤུགས་ཆེ་སོང་བས་ཡིན་ལ། མེ་ལྕེ་དག་གི་འུར་སྒྲ་བཙན་དྲགས་པས་ཡིན་ནོ།།
ང་ལ་ལོ་སར་མེད་པ་ནི། ཤ་རུས་གདོས་བཅས་ལས་གྲུབ་པའི་ཕུང་པོ་གང་མང་ཞིག་མེ་ལ་འབར་སོང་བ་དང་། སེར་པོ་གསེར་ནག་ལས་གྲུབ་པའི་དཔའ་བོ་མང་མང་ཞིག་མེ་ལྕེའི་ཀློང་ན་འཐིམས་སོང་བས་ཡིན་ནོ།། ང་ལ་ལོ་སར་མེད་པ་ནི། ཕ་ཡུལ་དུ་སྙིང་ཉེ་ལ་ངོ་གདོང་གཅིག་པའི་ཕུ་ནུ་མིང་སྲིང་གང་མང་ཞིག་དམར་པོ་མེ་ཀློང་ནས་བཞུད་སོང་བ་དང་། ཤ་རུས་གདུང་རྒྱུད་གཅིག་པའི་ནང་མི་གཉེན་ཉེ་མང་དག་ཅིག་མུན་པའི་ཀློང་རིམ་ན་ཁྲིད་སོང་བས་ཡིན་ནོ།།
ང་ལ་ལོ་སར་མེད་པ་ནི། ཡ་ཐོད་ཀྱི་མིག་ཟུང་དུ་གྱུར་བའི་དཔའ་བོ་དག་མེ་ལ་འབར་སོང་བ་དང་། བྲང་གཞུང་གི་སྙིང་དུ་གྱུར་བའི་རྒྱལ་གཅེས་པ་ཚོ་རྒྱང་ལ་བཞུད་སོང་བས་ཡིན་ནོ།། ང་ལ་ལོ་སར་མེད་པ་ནི། ཚེ་སྲོག་གྲངས་མེད་ཅིག་མེ་ལ་འབར་སོང་ནའང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་མིག་གིས་མ་མཐོང་བ་དང་། སྐྱེས་བུ་གང་མང་ཞིག་མེ་མདའི་སོ་ཁ་ནས་བཞུད་སོང་ནའང་རྒྱལ་སྤྱིའི་དབུ་ཁྲིད་དག་གིས་མ་གཟིགས་པས་ཡིན་ནོ།།
ང་ལ་ལོ་སར་མེད་པ་ནི། འདི་འདྲ་ཞིག་ངོ་མ་ཡིན་ནོ། ལོ་སར་མེད་སོང་བ་ནི། མིག་ཆུ་མང་དྲག་པས་ཡིན་ལ། སྤྲོ་སྐྱིད་མེད་སོང་བ་ནི། སྡུག་བསྔལ་ཆེ་དྲག་པས་ཡིན་ནོ།། དེ་ལྟ་ན། ཤོག་སྦག་མ་སྤར་རོགས། བདག་གི་སེམས་ཁམས་ལ་གནོད་ཀི། སྤྲོ་གར་མ་ཁྲབ་རོགས བདག་གི་མིག་ཟུང་གིས་མི་མཐོང་ཀི། མིག་ཟུང་ནས་མིག་ཆུ་བཞུར་ཡོང་དུས་བྲང་གཞུང་གི་སྙིང་ཁམས་འབར་འོང་གི། བྲང་གཞུང་གི་སྙིང་ཁམས་འབར་ཡོང་དུས། མིག་ཟུང་ནས་མཆི་མ་ཤར་ཤར་རེད།
མིག་ཆུ་མོད་པའི་ཉི་མ་ནི། སྐྱོ་གདུང་ཡིན་པ་ལས་བདེ་སྣང་གི་འཚོ་བ་ཡིན་མི་སྲིད། སེམས་ཁམས་ན་བའི་དུས་སྐབས་ནི། ནམ་ཡང་མི་སྐྱིད་པའི་སྐྱོ་གར་ཞིག་ཡིན་པ་ལས་དགའ་དགའ་སྐྱིད་སྐྱིད་ཅིག་ག་ལ་ཡིན་ཨང་། ལོ་ནག་གི་ཁྲོད་ན་མིག་ཆུ་མེད་པ་ནི། རྩྭ་གཟུགས་སུ་གྱུར་པའི་ཕུང་པོ་ཡིན་ངེས་ལ། དཔའ་བོ་དྲན་པའི་མྱ་ངན་གྱི་རོལ་དབྱངས་ཤིག་དཀྲོལ་མ་ཐུབ་ན་ནི། རུས་གསེང་ན་རྐང་མེད་པའི་དུར་ཐང་གི་ཀེང་རུས་འབའ་ཞིག་ཏུ་གྲུབ་པར་ངེས་སོ།།
ལོ་སར་མེད་སོང་བ་ནི། འབྱོར་བས་མནར་སོང་བས་མ་ཡིན་ཡང་། རླབས་ཆེ་བའི་ཚེ་སྲོག་མང་པོ་ཞིག་འབར་སོང་བས་ཡིན་ནོ། ལོ་སར་མེད་སོང་བ་ནི། ལོ་སར་ལ་སྤྲོ་སྣང་མེད་པས་མ་ཡིན་ཡང་། གསེར་རི་འདྲ་བའི་རྣམ་ཤེས་དུ་མ་ཞིག་ལྔ་ལམ་དུ་ཆས་སོང་བས་ཡིན་ནོ།། གང་ལྟར་ང་ལ་ལོ་སར་མེད་ཀྱང་། ཁྱེད་ཀྱིས་ལོ་སར་གཏོང་ན། ཁ་རོག་ཀེར་གཏོང་རོགས། ཁ་འཇམ་ཚིག་འཇམ་གྱིས་བསླུ་ཁྲིད་མ་གཏོང་། ང་ལ་གཞན་ལ་ལྟ་བྱེད་ཀྱི་མིག་ཡོད་པས་ཁྱེད་ཚོ་མཐོང་བཞིན་འདུག་ལ། སྒྲ་དབྱངས་འཛིན་པའི་རྣ་བ་ཡོད་པས་ཁྱེད་ཚོས་སྐད་ཆ་ཐོས་འོང་གི། གང་ལྟར་བདག་ནི་ལོ་སར་དང་བྲལ་ཚུལ་འདི་ཡིན་ལ། མུན་ནག་གི་ལོ་སར་ལུས་ལ་གྱོན་སྟངས་ཀྱང་འདི་ཁོ་ན་ཡིན། ལོ་སར་མེད་པའི་སྡུག་བསྔལ་ནི། སྙིང་ལ་བབ་པའི་རི་ཆེན་ཞིག་འདྲ་འོ། ལོ་སར་མེད་པའི་ན་ཟུག་གི་མིག་ཆུ་ནི། སྤྲིན་གསེབ་ནས་འཇོ་བའི་དྲག་ཆར་ཞིག་དང་མཚུངས་སོ།།
ལོ་སར་བྱེད་མཁན་ཞིག་ཡོད་ཚེ། བོད་པ་ནང་ཁུལ་དུ་ངོ་རྒོལ་བྱས་པ་ལས་མ་འདས།
ཁྱེད་ལ་ལོ་སར་ཡོད་ཀྱང་རུང་། མེད་ཀྱང་ཆོག ལོ་གསར་དང་བྲལ་ཀྱང་འགྲིག མ་བྲལ་ཀྱང་འཐུས། ལ་རྒྱ་ཡོད་ན་བོད་ཀྱི་བརྡ་དག་ཡག་པོ་ཞིག་སྦྱོང་རོགས་ཞེས་པ་རེ་བའི་མཐར་ཐུག་ཡིན་ལོ།