ཤོན་ཙུང་གི་སྐུ་ཚེ།
(600—664)
སྐྱེས་སར་ཀླུ་སྒྲུབ།
ང་རང་ལོ་ན་ཆུང་དུས་ནས་ཐང་སན་བླ་མ་ཞེས་པ་དེ་ཡང་ཡང་གོ་མྱོང༌། རྗེས་སུ་ཐང་སན་བླ་མ་ཞེས་པ་རྒྱ་མའི་བླ་མ་ཞིག་ཡིན་པ་ཤེས་ཙམ་ཉིད་ལས་ཕྱོགས་ཡོངས་ཀྱི་གནས་ཚུལ་ཤེས་རྟོགས་གང་ཡང་མ་བྱུང༌། ད་ཆ་བསམ་བློ་བཏང་ཚེ་དེ་ནི་དུས་རབས་བཅུ་དྲུག་པའི་ཏཱ་མིང་རྒྱལ་རབས་སྐབས་ཀྱི་རྩོམ་པ་པོ་ཝུའུ་ཁྲེང་ཨེན་ གྱིས་སློབ་དཔོན་ཆེན་པོ་ཐང་ཤོན་ཙུང་རང་གིས་མཛད་པའི་<>ཅེས་པར་གཞི་བཅོལ་ཐོག་སྤྱི་ཚོགས་ཁྲོད་ཀྱི་ཤོད་སྒྲུང་དང་རྟོག་བཟོ་ཅི་རིགས་ཀྱིས་ཟུར་བརྒྱན་ནས་བརྩམ་སྒྲུང་གི་རྣམ་པས་བྲིས་པའི་<>ཅེས་པ་དེ་དེ་སྔོན་རྒྱ་ནག་གིས་འཁྲབ་སྟོན་བྱས་པའི་གློག་བརྙན་འགྲེམས་སྤེལ་ཤུགས་ཆེ་བྱས་པ་དང༌། བོད་རིགས་མང་ཚོགས་ལ་མཚོན་ན་ཧ་ལམ་མི་རིགས་ཡོངས་རྫོགས་ཆོས་དད་ཅན་གྱི་མི་རིགས་ཤིག་ཡིན་ཐོག ལྷག་པར་ཡུན་རིང་གི་ལོ་རྒྱུས་ནང༌། སངས་རྒྱས་པའི་ཆོས་དང་འབྲེལ་པ་ཤུགས་ཆེ་ཡོད་པ་མ་ཟད། དེང་སང་ཡང་སྤྱི་ཚོགས་འཚོ་བ་དང་ཁ་འབྲལ་ཐབས་མེད་པ་ཞིག་ཆགས་ཡོད་ཁར། ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང་རྒྱ་ནག་ལ་ཕྱོགས་ཡོངས་ནས་འབྲེལ་ཆེ་བ། ལྷག་པར་རྒྱ་གར་འཕགས་པའི་ཡུལ་ཞེས་བོད་མི་ཚོས་བཅོས་མིན་གྱི་ཡིད་སྨོན་དང་གུས་བཀུར་ཞུ་སའི་གནས་ཤིག་ཡིན་སྟབས་རང་གི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་སློབ་དཔོན་ཆེན་པོ་ཞིག་རིང་ནས་ཡིད་སྨོན་བྱེད་སའི་འཕགས་ཡུལ་ཆོས་ཀྱི་ཞིང་སར་དམ་པའི་ཆོས་ལེན་དུ་སོང་པའི་གཏམ་བརྒྱུད་གློག་བརྙན་ལ་ཅི་ཙམ་བལྟས་ཀྱང་ཡིད་མི་ཚིམ་པ་ལྟ་བུའི་གནས་སྟངས་ཤིག་གི་ཐོག་ནས་ང་དང༌། ངའི་ཕ་ཡུལ་གྱི་བོད་རིགས་མང་ཚོགས་ནང་ཐང་སན་བླ་མ་ཞེས་པ་དེ་ཐོས་འཛིན་གྱི་བུ་གར་མ་སོན་མཁན་ཕལ་ཆེར་མེད་པ་ལྟ་བུ་ཞིག་ཏུ་གྱུར་ཡོད། གློག་བརྙན་དེར་བལྟས་ཡོད་མཁན་ཞིག་ཡིན་ཚེ་དངོས་དོན་ཡིན་མིན་ཇི་ལྟར་ཡང་ཐང་སན་བླ་མ་ཞེས་པའི་བག་ཆགས་ཤིག་གསོན་ཉམས་ལྡན་པར་བཞག་ཡོད། དེར་བརྟེན་ཁོང་བོད་རིགས་ཁྲོད་གྲགས་ཆེ་བ་ཞིག་ཡིན། ཡིན་ན་ཡང་བློ་ཕམ་པ་ཞིག་ལ་ཁོང་གིས་མཛད་པའི་ལམ་ཡིག་<>ཅེས་པ་འདི་ཉིད་དུས་རབས་བཅོ་བརྒྱད་པའི་ནང་གོང་མགོན་པོ་སྐྱབས་ཀྱིས་བོད་ཡིག་ནང་བསྒྱུར་ཐོག་དུས་ཕྱིས་ཆ་ཀན་ཧོ་ཐོག་ཐུས་ལེགས་བཅོས་བྱས་ཏེ་ཤིང་དཔར་དུ་བསྐོས་པ་ཞིག་ཡོད་ན་ཡང་རྒྱུ་རྐྱེན་འགའ་ཞིག་ལ་བརྟེན་ནས་སྤྱི་ཚོགས་ནང་དར་ཁྱབ་ཆེན་པོ་བྱུང་མེད་པ་དང༌། དེ་མཚུངས་རེ་གཉིས་ཡོད་པ་ཡང་མཁས་པ་དཔེ་མཁྱུད་བྱེད་མི་ཚོས་ལྐོག་ཉར་བྱས་སྟབས་མི་དཀྱུས་མ་ཞིག་གིས་ཅི་ཙམ་བཙལ་ཡང་རྙེད་དཀའ་པ་ལྟ་བུའི་དུས་ཚོད་འདིར་ཁོང་གི་ལམ་ཡིག་ངོ་མ་དང༌། དེ་དང་ལྷན་དུ་ལམ་ཡིག་འདི་ཉིད་མཛད་པ་པོ་སློབ་དཔོན་ཤོན་ཙུང་རང་གི་མཛད་རྣམ་མདོར་བསྡུས་ཤིག་བོད་རིགས་ཤེས་ལྡན་མི་སྣ་སྤྱི་དང༌། དེ་མཚུངས་བོད་ཡིག་ཐོག་ནས་ཞིབ་འཇུག་རྩོམ་འབྲི་གནང་མི་དང༌། དཔེ་ཀློག་བྱེད་མི་ལྷན་རྒྱས་ལ་ཤོན་ཙུང་གི་རྣམ་ཐར་ངོ་མ་དེ་མཁྱེན་རྟོགས་ཡོང་སླད་འདིར་ཅུང་ཙམ་བྲིས་ན།
སན་ཙང་ཞེས་པ་ནི། སྡེ་སྣོད་གསུམ་པ་ཞེས་པའི་དོན་ཡིན་ཞིང༌། དེའི་འགོར་ཐང་སྦྱར་པ་ནི་ཁོང་ཆེན་པོ་ཐང་རྒྱལ་རབས་ཀྱི་དུས་སུ་བྱོན་པས་ཡིན། དེས་ན་ཐང་སན་ཙང་ཟེར་བ་ནི་ཁོང་གི་ཆེ་བསྟོད་ཅིག་ལས་མཚན་དངོས་ལ་ཤོན་ཙུང་ཞུ། ཁོང་གི་མཚན་བོད་ཡིག་ཏུ་འབྲི་མཁན་ཚོས་ཐང་ཟན་ཙང་དང༌། ཐང་སན་ཙང༌། ཐང་སིན་ཙང་སོགས་མང་དུ་བྲིས་འདུག་ཀྱང༌། རྒྱ་ཡིག་གི་ ལ་བརྟག་ན་ཐང་སན་ཙང་ཞེས་འབྲི་དགོས་པ་འདུག སན་ཞེས་པ་ནི་གྲངས་ཀ་གསུམ་གྱི་དོན་དང༌། ཙང་ནི་སྐབས་འདིར་སྡེ་སྣོད་འཛིན་པའི་དོན་ཡིན་པས་ཐང་སན་ཙང་ཞེས་བྲིས་ན་དེ་ནི་ཆེན་པོ་ཐང་རྒྱལ་རབས་དུས་ཀྱི་སྡེ་སྣོད་གསུམ་པ་ཟེར་པ་ཡིན་འདུག་པས་ཐང་སན་ཞེས་འབྲི་བ་འདི་དག་པར་མངོན། དེ་ལྟར་དུས་ཕྱིས་འཕགས་ཡུལ་དུ་ཕེབས་སྟབས་དཔལ་ནཱལེཎཌ་ནས་མཧཱ་ཡ་ན་དེ་ཝ་སྟེ་ཐེག་ཆེན་ལྷར་འབོད་པ་སོགས་ཁོང་ལ་མཚན་བསྟོད་ཕུལ་པ་མང་པོ་བྱུང་འདུགསློབ་དཔོན་འདིའི་རུས་མིང་ལ་ཁྲེན་ཝེ་ཟེར་ཞིང༌།སྤྱི་ལོ་དྲུག་བརྒྱ་ལོར་ལུའོ་ཀྲུའུ་ཀོའུ་ཧྲེ་
ཞེས་པར་སྐུ་འཁྲུངས། ཧན་ཤར་མའི་གོང་མ་གཉིས་པ་ཧན་མིང་དྷིའི་ཁྲི་ལོ་བརྒྱད་པ། སྤྱི་ལོ་དྲུག་ཅུ་རེ་དྲུག་ལོར་རྒྱ་ནག་ལ་ནང་ཆོས་དབུ་བརྙེས་པ་ནས་མར་བརྩིས་ཚེ་ཁོང་རྒྱ་ནག་ལ་ནང་ཆོས་དར་ནས་ལོ་ལྔ་བརྒྱ་སོ་བཞིའི་མཚམས་སུ་བྱོན་པ་ཞིག་རེད། ཁོང་ནི་དེ་སྔོན་གྱི་ཆེན་པོ་ཧན་རྒྱལ་རབས་ཀྱི་བློན་ཆེན་ཀྲུང་ཀུང་གི་གདུང་རྒྱུད་ཡིན་ཡང༌། ཁོང་གི་ཡབ་ཡུམ་གྱི་མཚན་ཡིག་ཆ་ཚད་ལྡན་ནས་ད་ཕན་མ་རྙེད། ཁོང་སྐུ་ན་གཞོན་ནུའི་དུས་ནས་ཤེས་རབ་དང༌། དྲན་ཤེས། བློ་སྤོབས་བཅས་འགྲན་ཟླ་བྲལ་པ་ཞིག་ཡིན་པར་གྲགས། ཁོང་གི་འཚར་ལོངས་དང་སྐྱེས་སྟོབས་ཀྱི་དཔལ་ཡོན་གོང་འཕེལ་དུ་འགྲོ་པའི་མཐུན་རྐྱེན་ལྟ་བུར། སྐབས་དེ་རྒྱ་ནག་ཁྱོན་ཡོངས་འཕེལ་རྒྱས་ཀྱི་དུས་མཚམས་ཤིག་ཏུ་སླེབས་པ་དང༌། ཐང་རྒྱལ་རབས་ཀྱི་རྣམ་དཔྱོད་ལྡན་པའི་མདུན་བསྐྱོད་དང་ལྷན་དུ་ཁོང་གི་མཛད་འཕྲིན་རྒྱས་པོ་བྱུང་ཡོད་པ་རེད། ཁོང་སྐུ་ན་གཞོན་དུས་ནས་རབ་ཏུ་བྱུང་ཚུལ་གསུངས་ཡོད། ཁོང་རབ་ཏུ་བྱུང་ནས་ཐོས་བསམ་སློབ་གཉེར་ཤུགས་ཆེ་བྱས་ཤིང༌། ལྷག་པར་དུ་མངོན་པའི་སྐོར་ལ་ཆེད་དུ་སྦྱང་བ་མཛད་ནས་མཁས་པར་གྱུར། ཁོང་གིས་དྲི་མེད་གྲགས་པས་བསྟན་པའི་མདོ་དང༌། དམ་ཆོས་པད་མ་དཀར་པོའི་མདོ་གཉིས་ཞལ་འདོན་མཛད་ཅིང༌། རྒྱུན་དུ་དཔེ་གཟིགས་མཛད་དེ་རྒྱའི་སྐད་ཡིག་ནང་ཡོད་པའི་ཆོས་དཔེ་ཐམས་ཅད་གཟིགས་སྟབས་ཕལ་ཆེར་ཡོད་ཚད་བཀླག་ཚར་པ་ལྟ་བུར་གྱུར། ཡིན་ན་ཡང་དོན་ལ་སྒྲོ་འདོགས་གཅོད་ཡུལ་མང་དུ་ཡོད་ཀྱང་ཐེ་ཚོམ་བསལ་ཐུབ་པའི་མཁས་པ་དཀོན་སྟབས་སྔར་གྱི་ལོ་པཎ་ཚོའི་རྗེས་སུ་ཞུགས་ནས་འཕགས་ཡུལ་དུ་ཕེབས་འདུན་ཤར། དགུང་ལོ་ཉེར་བརྒྱད་དང་སྤྱི་ལོ་དྲུག་བརྒྱ་ཉེར་བདུན། ཐང་རྒྱལ་རབས་ཀྱི་གོང་མ་གཉིས་པ་ཐང་ཐའེ་ཙུང་གི་ཁྲི་ལོ་དང་པོར་རང་ཉིད་འཕགས་ཡུལ་དུ་ཕེབས་འདོད་ཀྱི་བསམ་པ་ཆེ་ཚུལ་དང༌། གོང་མས་བཀའ་འཁྲོལ་ཡོང་པའི་སྙན་ཞུ་ཕུལ་པར་བློན་པོ་འགས་བཀག་ནས་དོན་སྨིན་མ་བྱུང༌། ཡིན་ན་ཡང་རྒྱ་གར་ནས་རྒྱ་ནག་གོང་མར་ལེགས་སྐྱེས་འབུལ་མི་བཏང་པ་དེ་འདྲ་དང་ལྷན་དུ་བཞུགས་ནས་རྒྱ་གར་གྱི་སྐད་ཡིག་དང༌། ཡུལ་ཆོས་བགྲང་བྱ་གསུམ་རིང་སྦྱང༌། མཐར་གཉེན་ཉེ་ཞིག་གིས་མཐུན་རྐྱེན་སྦྱར་ནས་སྤྱི་ལོ་དྲུག་བརྒྱ་ཉེར་དགུ། གོང་མའི་ཁྲི་ལོ་གསུམ་པ། རང་ལོ་སུམ་ཅུའི་སྟེང་ཁོང་འཕགས་ཡུལ་དུ་ཕེབས་བཞུད་ཀྱི་འདུན་པ་གོང་མའི་སྙན་དུ་ཞུ་ཐུབ་པ་བྱུང་སྟབས་གོང་མས་ཀྱང་གནང་བ་བསྩལ་ནས་ལོ་དེ་ག་རང་ལ་སྤྲོ་སེམས་ཆེན་པོའི་ངང་ནས་གྲོན་དངུལ་དང༌།ལམ་ཡིག་སོགས་དགོས་མཁོ་བསྣམ་ནས་རྒྱ་ནག་གི་ནུབ་བྱང་བརྒྱུད་སྐམ་ཐོག་ནས་དེང་སང་གི་ཤིན་ཅང་ཧ་སྨི་དང༌།
ཐུའུ་ལུའུ་ཧཕུན། སུའུ་ལེན་ཅིར་ཅི་སི་སྤྱི་མཐུན་རྒྱལ་ཁབ། ཀ་ཤིསྨིར་བཅསརིམ་པར་བརྒྱུད་ནས་ཕེབས། ལམ་བར་ནས་ཐུའུ་ལུའུ་ཧཕུན་དུ་ཕེབས་ཤིང་དེ་སྔོན་རྒྱ་ཡུལ་ནས་ངོ་ཤེས་པའི་ཚོང་བ་ཞིག་གིས་ཧོན་ཙང་ཤེས་ནས་ཐུའུ་ལུའུ་ཧཕུན་རྒྱལ་པོར་ཞུས་པས་རྒྱལ་པོས་གདན་དྲངས་ཏེ་མོལ་མཆིད་བྱས་པས་ཐུགས་ཡིད་དྲངས་པས་རྒྱལ་པོ་ཡབ་ཡུམ་ཚང་མར་ཤེར་ཕྱིན་དང༌། གསལ་རྒྱལ་གྱི་མདོ་སོགས་ཆོས་ཚན་འགའ་ཞིག་གསུངས། རྒྱལ་པོས་བླ་མཆོད་དུ་བཞུགས་པར་གསོལ་འདེབ་ཞུས་ཀྱང༌། སློབ་དཔོན་ལ་དམིག་བསལ་གྱི་ཕྱག་ལས་དང་དགོས་པ་གལ་ཆེན་ཡོད་སྟབས་ཞག་མ་གསུམ་ལས་མ་བཞུགས་པར་ཕེབས་ཐོན་མཛད། དེར་རྒྱལ་པོས་ཀྱང་བཞུགས་ཐབས་ཀྱི་ཨུ་ཚུགས་མ་བྱས་པར་ལམ་གྲོན་དུ་གསེར་སྲང་བརྒྱ། རྟ་སུམ་ཅུ། ཡུལ་གོས་ལྔ་བརྒྱ། ལམ་ཡིག་མི་འདྲ་བ་ཉི་ཤུ་རྩ་བཞི་དང༌། སྐྱེལ་མ་བྱེད་མི་རྟ་པ་དྲུག་ཅུ་བཅས་མངགས་ནས། ཅིར་སི་ཅིའི་རྒྱལ་པོ་ཡེ་ཧུ་ལོ་ཧན་གྱི་གམ་དུ་བསྐྱལ། དེ་ནས་སློབ་དཔོན་གྱིས་གོས་ཐམས་ཅད་སོག་རྒྱལ་ལ་ལེགས་སྐྱེས་སུ་ཕུལ། སོག་རྒྱལ་གྱིས་ཀྱང་བདག་རྐྱེན་དཔེ་མེད་མཛད་ཅིང༌། དེ་ནས་ཐེའི་མན་གྱི་བར་དུ་འབངས་སྣ་བཅུ་དྲུག་ཡོད་པ་ཚང་མ་སོག་རྒྱལ་གྱི་མངའ་འོག་ཡིན་སྟབས་ཉིན་རེ་བཞིན་རྟ་པ་བཅུ་རེའི་སྐྱེལ་མ་དང༌། བཞོན་པ་བཟའ་བཏུང་སོགས་བསྒྲུབ་ཏུ་བཅུག་ཐོག་སོག་རྒྱལ་གྱིས་ཐབས་ཤེས་སྤྱད་ནས་སློབ་དཔོན་འདི་མཧཱ་ཙི་ནའི་གོང་མ་ཆེན་པོའི་ནུ་བོ་ཡིན་ཁར་ཁོང་རང་གིས་ཆོས་འཚོལ་དུ་བཏང་པ་ཡིན་པས་སྣེ་ལེན་ཡག་པོ་དགོས་ཚུལ་གྱི་དྲིལ་བསྒྲགས་ཏེ་ལམ་ཞུགས་བྱས་རྐྱེན་ལམ་བར་ནས་རྒྱལ་པོ་རྒྱལ་ཕྲན་ཀུན་གྱིས་བཀུར་གཟོས་བླ་མེད་ཞུས་ཏེ་འཕགས་ཡུལ་དུ་བདེ་བར་ཕེབས། དེ་ལྟར་སློབ་དཔོན་ཁོང་གིས་ལམ་བར་ནས་གནས་མཇལ་ཞུ་པ་དང༌། སློབ་གཉེར་བྱེད་པ། ཟིན་བྲིས་འདེབས་པ། མཁས་པའི་མདུན་ནས་ཆོས་ཞུ་བ། དད་ལྡན་གཞན་ལ་ཆོས་སྟོན་པ་སོགས་རྒྱུན་ཆད་མེད་པར་གནང་སྟབས་ཁོང་གིས་མི་ལོ་བཅུ་བདུན་གྱི་དུས་ཡུན་དང༌། ངལ་དུབ་ཅི་རིགས་ཀྱི་དཀའ་ཁག རིན་ཐང་གཞལ་པར་དཀའ་པའི་གསེར་ཊམ། ད་དུང་ཡོད་ཚད་ཀྱི་རྨང་གཞི་དང་ནོར་གྱི་དྭངས་མར་གྱུར་པའི་ཚེ་སྲོག་བཅས་བློས་གཏོང་ཆེན་པོ་ཞིག་བྱས་པའི་གྲུབ་འབྲས་དེ་སློབ་དཔོན་ཁོང་ཕྱིར་རྒྱ་ནག་ཏུ་སླེབས་མཚམས་རྒྱ་གར་གྱི་ཆོས་དང༌། རིག་གནས། ཡུལ་སྲོལ་གོམས་གཤིས་སོགས་ས་ཁུལ་སོ་སོར་དར་པའི་ཤེས་བྱ་ཇི་སྙེད་ཅིག་ཕྱི་གཏེར་ནང་འདྲེན་བྱས་སྟབས། སྙན་ངག་མཁན་ཞིག་གིས་བལྟས་ན་སློབ་དཔོན་ཁོང་གིས་རྒྱ་གར་གྱི་སྣོད་བཅུད་ཉིས་ཆ་རྒྱ་ཡུལ་དུ་གདན་དྲངས་པར་མཛད་ཅེས་འབྲི་ཆོག་པ་ཞིག་གནང༌། དེ་ནི་ཁོང་གིས་རྒྱ་གར་དད་པ་དང་དག་སྣང་བྱེད་ཡུལ་ཙམ་དུ་མ་བཞག་པར་རྒྱལ་ཁམས་རིག་པས་བསྐོར་པའི་གཟེངས་སུ་ཐོན་པའི་གྲུབ་འབྲས་ཉག་གཅིག་དེ་ཡིན། དེར་བརྟེན་འདི་ལྟ་བུའི་རྣམ་དཔྱོད་ཀྱིས་གཟུར་གནས་ཀུན་གྱི་ཡིད་བཀུག་ནས་ཡོད་པ་དཔེར་ན། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། རྒྱའི་བཙུན་པ་སྔ་ཕྱི་འདི་གསུམ་གྱི་རྒྱ་གར་ལམ་ཡིག་རྣམས་མཇལ་ཚེ་ཁ་སང་རྒྱ་གར་ནས་བྱོན་ནམ་སྙམ་པ་ཙམ་འཆར། ཞིབ་པ་དང་བདེན་པ་ལ་ཚོད་མེད། རང་རེའི་ཡུལ་རྒྱ་གར་དང་ཁད་ཉེ་བར་མ་ཟད། བོད་ཀྱི་མཁས་གྲུབ་དེ་ཙམ་ཞིག་ཡུལ་དེར་བྱོན་ཞིང༌། མདོར་ན་ཕྱིའི་ཡུལ་གྲུ་གཅིག་གི་ནང་ན་རྒྱ་གར་ལ་རྒྱུས་ཆེ་བ་བོད་ལས་ལྷག་པ་ཞིག་མི་སྲིད་ལྟར་ལགས་མོད། ཆེས་ཞིབ་མོའི་རྒྱུས་བཤད་དེ་འདྲ་ཆག་ལོའི་རྡོ་རྗེ་གདན་གྱི་བཤད་པ་ཙམ་ལས་སུས་ཀྱང་མ་གསུངས་པར་སྣང༌། ཕྱིས་འབྲི་མཁན་དག་གིས་ཀྱང་སའི་རྒྱ་ཁྱོན་དང་མཆོད་རྟེན་གྱི་ཚད་ལྟ་བུ་རེ་བཤད་ཚེའང༌།འུ་ཆག་ཡུལ་ཆུང་པའི་མིག་ལ་སྣང་ལུགས་ཤིག་ཡིན་ནམ། ཧ་ཅང་ཆེ་དྲགས་པ་རྐྱང་ཡོད་ལ། རྒྱའི་བཙུན་པ་དག་གིས་གྱང་དང༌། ལེའུ་དབར་གྱི་ཚད་གསུངས་པ་རྣམས་ལ་ད་ལྟ་ཡང་ཤུལ་སོགས་བལྟས་ཚེ་དེ་ཁོ་ན་ལྟར་ཡོད། དཔེར་ན། སློབ་དཔོན་འདི་དག་གིས་ག་ཡ་ནས་རྡོ་རྗེ་གདན་དུ་ལེའུ་དབར་བཅུ་བཞི་བཅོ་ལྔ་ཙམ་ཡོད་གསུངས་པ་དེ་ག་ལྟར་བདེན། རང་རེའི་ལོ་རྒྱུས་ན་ག་ཡ་ནས་ནུབ་ཏུ་ཟླ་བ་གསུམ་ན་རྡོ་རྗེ་གདན་སོགས་བྲིས། ས་ཆུང་དུ་སོང་ཟེར་ན་ཟླ་བ་གསུམ་ཟེར་མཁན་དེ་ཝེན་ཚག་ཐང་སན་ཙང༌།ལས་ལོ་དགུ་བརྒྱའི་རྗེས་སུ་སོང་བ་ཡིན། ཞེས་པ་ལྟར་དངོས་ཡོད་དང་མཐུན་པའི་ཞིབ་འཇུག་ཚད་ཐུབ་གནང་ཡོད། སློབ་དཔོན་འདིས་རྒྱ་གར་ནས་སློབ་དཔོན་དགེ་འདུན་གྲགས་པ་དང༌། བི་ཤུད་དྷ་སིདྷ། ཛ་ཡ་བནདྷུ། སཱུརྱ་དེ་བ། ཛི་ན་རཀྵི་ཏ། འདུལ་བ་བཟང་པོ། ཟླ་བའི་གོ་ཆ། ཛ་ཡ་བུདདྷ་སོགས་དགེ་བའི་བཤེས་གཉེན་བརྒྱ་ཕྲག་བསྟེན་ནས་གསུང་ཆོས་མང་དུ་ཞུས་ཤིང༌། གཙོ་པོ་ནི་སྐབས་དེའི་ནཱ་ལེཎཌའི་མཁན་པོ་འདུལ་བ་བཟང་པོ་ཡིན་ཞིང་ཁོང་གཅིག་བུའི་མདུན་ནས་ལོ་ལྔར་བྱམས་ཆོས་སྡེ་ལྔ་དང༌། མངོན་པ་མཛོད། ཚད་མ་སོགས་ཞིབ་པར་གསན། སློབ་དཔོན་ཁོང་མཚན་སྙན་ཆེ་བ་དང༌། དེ་སྔོན་སོག་རྒྱལ་ཡེ་ཧུ་ལོ་ཧན་གྱིས་སློབ་དཔོན་འདི་ཉིད་རྒྱ་ནག་གོང་མའི་ནུ་བོ་ཡིན་ཁར། གོང་མ་རང་གིས་ཆོས་ལེན་དུ་མངག་ཚུལ་གྱི་བཀའ་ཡིག་གནང་སྟབས་སློབ་དཔོན་ནཱ་ལེཎཌར་སླེབས་སྐབས་དགེ་འདུན་ཉིས་བརྒྱའི་སེར་སྦྲེང་དང༌། མི་སྐྱ་སྟོང་ཚོ་བརྒལ་བས་བསུ་བ་བྱས་པ་སོགས་མཐོང་དང་བཀུར་གཟོས་བླ་མེད་ཞུས། ཕྱོགས་ནས་ཕེབས་པའི་སྐུ་མགྲོན་སྡེ་སྣོད་གསུམ་ཀ་མཁྱེན་མཁན་ལ་ཞག་ཉི་ཤུའི་རིང་སྒེར་མཆོད་ཉིན་རེ་བཞིན་བཟའ་བཅའ་བཟང་པོ་སྡེར་མ་ཉི་ཤུ་རེ། གཉིས་ཤེས་པ་ལ་བཅུ། གཅིག་ཤེས་པ་ལ་ལྡ་རེ་འབུལ་སྲོལ་ཡོད་སྟབས་སློབ་དཔོན་ཁོང་སྡེ་སྣོད་གསུམ་འཛིན་གྱི་མཁས་པ་ཆེན་པོ་ཡིན་སྟབས་ཉིན་ལྟར་ཟས་རིགས་སྡེར་ཉི་ཤུ་དང༌། འབྲས་སཱ་ལུ་བྲེ་གང༌། གོ་ཡུ་དང༌། སུག་སྨེལ་རྡོག་པོ་ཉི་ཤུ་རེ། ག་བུར་སྲང་གང༌། འོ་མ། ཞུན་མར། སྦྲང་རྩི་རྣམས་དང༌། དེ་མིན་གཙང་སྦྲ་བྱེད་མི་དམངས་བྲན་གཅིག བྲམ་ཟེ་གཅིག བཞོན་པར་གླང་ཆེན་གཅིག་དང་ཞབས་ཕྱི་ཞུ་མི་བཅུ་རྣམས་ཀྱི་འཚོ་བ་སྦྱར་ནས་སྣེ་ལེན་དང་གུས་བཀུར་མཐོ་བོ་གནང༌། སློབ་དཔོན་ཁོང་འཕགས་ཡུལ་དུ་བཞུགས་རིང་རྒྱལ་པོ་ཀུ་མ་ར་དང༌། ཧར་ཤ་སོགས་ཀྱིས་བཀུར་སྟི་ཚད་མེད་བྱས་ཤིང་དེ་དག་གི་གྲོགས་དང་བཅས་ནས་སྐབས་དེའི་རྒྱ་གར་རྒྱལ་ཡོངས་དང༌། ཁ་ཆེ། བལ་ཡུལ་བཅས་ཀྱི་ས་གནས་གང་སར་གནས་མཇལ་དང༌། ཆོས་སྟོན་རྒྱུ་སོགས་བསྟན་པའི་རྒྱལ་མཚན་དགུང་དུ་འདེགས་བར་མཛད་སྟབས་ཁོང་ལ་འཕགས་ཡུལ་པ་རྣམས་ཀྱིས་མཧཱ་ཡ་ན་དེ་ཝ་ཞེས་ཆེ་བསྟོད་ཞུས། <> ཞེས་པའི་དེབ་གཉིས་པར་ཧར་ཤ་ནི་སངས་རྒྱས་ཆོས་ལུགས་ལ་ལྷག་བསམ་རྣམ་དག་དང༌། དད་དམ་གཡོ་མེད་ཐོག་ཐེག་པ་ཆེན་པོར་མོས་གུས་རྩེ་གཅིག་ཞུ་མཁན་ཞིག་ཡིན་སྟབས་ཐེངས་གཅིག་ཁོང་གིས་རྒྱལ་ཕྲན་ཞིག་དབང་དུ་སྡུད་སྐབས་ཡུལ་དེར་ཐེག་དམན་པ་དར་ཤུགས་ཆེ་བས་ཐེག་དམན་པ་ཞིག་གིས་བརྩམས་པའི་བཅོས་མའི་ཐེག་ཆེན་སུན་འབྱིན་བྱེད་པ། ཞེས་པའི་གཞུང་དེ་ཧར་ཤས་གཟིགས་སྟབས་ཐུགས་དགོངས་འཁྲུག་ནས་ཕོ་ཉ་མངགས་ཏེ་རྒྱ་གར་ཤར་གླིང་ན་མཚན་སྙན་ཆེ་པའི་མཧཱ་ཙི་ནའི་མཁས་པ་ཐང་སན་ཙང་གདན་དྲངས་ཏེ་དགག་བཅུག་པར་ཐང་སན་ཙང་གིས། ལོག་ལྟ་འཇོམས་པ་ཞེས་པའི་ཆེད་རྩོམ་ཞིག་བྲིས་ནས་རྒྱལ་པོར་ཕུལ། དེ་རྗེས་སྤྱི་ལོ་དྲུག་བརྒྱ་ཞེ་གཉིས་ལོར་ཧར་ཤ་རྒྱལ་པོས་རང་གི་ཕོ་བྲང་དུ་སངས་རྒྱས་ཆོས་ལུགས་ཀྱི་ཐེག་པ་གོང་འོག་བར་རྩོད་པ་རྒྱག་རྒྱུའི་ཚོགས་ཆེན་བསྐོང་པར། ཚོགས་ཆེན་དེར་རྒྱ་གར་ཕྱེད་གླིང་གི་རྒྱལ་ཁབ་བཅོ་བརྒྱད་ཀྱི་རྒྱལ་པོ་དང༌། གྲུབ་མཐའ་སོ་སོའི་མཁས་པ་སུམ་སྟོང་ལྷག དེ་མིན་བྲམ་ཟེའི་ཆོས་ལུགས་སོགས་ཆོས་ལུགས་གཞན་པ་ཡང་ཉིས་སྟོང་ལྷག་དང་མི་སེར་དེ་བས་མང་པ་ཕེབས་ཡོད་སྟབས། མི་ཚོགས་ཀྱི་འཚང་ཀ་དང༌། རྒྱལ་པོ་སོ་སོའི་གདུག་དང་བ་དན་གྱི་ས་གཞི་གཡོག་པ་ལྟ་བུར་གྱུར། དེ་སྐབས་ཐང་ཟན་ཙང་གིས་ཐེག་ཆེན་པའི་གྲུབ་མཐའི་ཕྱོགས་བཟུང་སྟེ། སངས་རྒྱས་ཆོས་ལུགས་ཀྱི་དགོངས་དོན་སྤྱི་དང་བྱེ་བྲག་ཐེག་ཆེན་གྱི་ཁྱད་ཆོས་གསུངས་ཁར། ཐེག་པ་ཆུང་ངུའི་ཞན་སྐྱོན་ཐད་མཐའ་དཔྱོད་ཞིབ་ཕྲ་གནང་ནས། དེ་སྔ་ཆེད་དུ་མཛད་པའི་ལོག་ལྟ་འཇོམས་པ་ཞེས་པའི་གསུང་རྩོམ་དེ་ཉིད་ཚོགས་རའི་སྒོར་བཀལ་ནས་སུ་ཞིག་གིས་རྩོམ་འདིའི་ཡིག་འབྲུ་གཅིག་ཁུངས་འཕེར་པོ་མེད་པ་རྙེད་ན་ཁོ་པོའི་མགོ་བཅད་ཆོག་ཅེས་གསལ་བསྒྲགས་བྱས་པར་དང་ཐོག་ཐེག་པ་ཆུང་ངུའི་གྲུབ་མཐའ་འཛིན་པ་གྲྭ་བཙུན་རེ་གཉིས་ཀྱིས་དྲི་བ་བཏོན་ཡང༌། ཐང་སན་ཙང་གིས་དགག་པ་ནན་ཏན་བརྒྱབ་ནས་ཁ་གྲགས་རྒྱུ་མེད་པ་བཟོས། རྩོད་པའི་དུས་ཡུན་ཉིན་བཅོ་བརྒྱད་ཡིན་ཡང་དང་ཐོག་ཉིན་གཅིག་པོ་ལས་དྲི་བ་ཙམ་ཡང་འདོན་ཐུབ་མཁན་མེད་སྟབས་ཐང་སན་ཙང་གིས་དེར་འདུས་པའི་མི་ཚོར་སངས་རྒྱས་ཀྱི་ཆོས་མང་དུ་གསུངས། ཉིན་མཐའ་མར་སླེབས་སྐབས་ཧར་ཤས་ད་ནི་རྩོད་མཁན་མེད་པས་ཚོགས་འདུ་མཇུག་སྒྲིལ་རྒྱུའི་ཁྱབ་བསྒྲགས་མཛད། ཐང་སན་ཙང་ལ་གླང་ཆེན་མཛེས་རྒྱན་སྤྲས་པ་ཞིག་ཆིབས་སུ་བཅུག་ནས་ཚོགས་ར་དང་གྲོང་ཁྱེར་ནང་བསྐོར་པ་བརྒྱབ་སྟེ་རྩོད་གླེང་རྣམ་པར་རྒྱལ་པའི་རྟེན་འབྲེལ་ཞུས་པ་དང༌། གླང་ཆེན་གཡས་གཡོན་དུ་འགྲོ་པའི་ཞབས་ཕྱི་པ་ཚོས་ཐང་སན་གྱི་སྐུ་གཟན་འཐེན་ཏེ་སྐད་གསང་མཐོན་པོའི་ངང་ནས། ཐང་རྒྱལ་གོང་མའི་སྡེ་སྣོད་འཛིན་པ་དེས།།ཐེག་ཆེན་ཆོས་གཞུང་བཤད་པ་ཤིན་ཏུ་ལེགས།།རྩོད་ཟླས་མི་མཐུན་བསམ་འཆར་གང་བཏོན་རུང༌།། ཁུངས་འཕེར་དགག་ལན་བསློགས་ཏེ་སུན་ཕྱུང་བ།།ཚོགས་ཆེན་ཉིན་མོ་བཅོ་བརྒྱད་ཚོགས་པའི་རིང༌།།རྩོད་ལན་སློག་མཁན་རྩོད་ཟླ་གཅིག་ཀྱང་མེད།། དེ་དོན་ཚང་མས་ཤེས་པ་གལ་འགང་ཆེ།། ཞེས་ཐང་སན་ཙང་གིས་ཐེག་ཆེན་ཆོས་རྩོད་ལ་རྒྱལ་ཁ་ཐོབ་པའི་གསལ་བསྒྲགས་གནང་པ་སོགས་མཚན་སྙན་ཆེན་པོ་བྱུང༌། དེ་རྗེས་ཁོང་གི་སློབ་དཔོན་འདུལ་པ་བཟང་པོ་སེམས་ཙམ་པའི་ལྟ་བ་འཛིན་མཁན་ཞིག་ཡིན་སྟབས་ཐེངས་ཤིག་པཎཌི་ཏ་འཕྲོག་བྱེད་འོད་ཅེས་པས་སེམས་ཙམ་པའི་ལྟ་བ་སུན་འབྱིན་པའི་གཞུང་བརྩམ་པར། སློབ་དཔོན་འདིས་རང་གི་བླ་མའི་བཀའ་དྲིན་འཇལ་ཆེད་དུ་གཅིག་ཏུ་གྲུབ་པ་ཞེས་པའི་བསྟན་བཅོས་ཤོ་ལོ་ཀ་སུམ་སྟོང་ཡོད་པ་ཞིག་མཛད་ནས་འདུལ་བ་བཟང་པོར་ཕུལ་པས་སློབ་དཔོན་ཤིན་ཏུ་དགྱེས། སྤྱིར་ཐེག་པ་ཆེན་པོར་རྒྱ་ཆེན་སྤྱོད་རྒྱུད་དང༌། ཟབ་མོ་ལྟ་རྒྱུད་གཉིས་ཡོད་པའི་ནང་ནས་སློབ་དཔོན་འདི་ཉིད་རྒྱ་ནག་ཏུ་རྒྱ་ཆེན་སྤྱོད་རྒྱུད་ཀྱི་རྒྱུད་པ་སྤེལ་པའི་ཤིང་རྟ་པ་ཆེན་པོ་ཞིག་ཡིན་ལ། དེའི་བརྒྱུད་རིམ་ནི་དང་པོ་བཅོམ་ལྡན་འདས། དེ་ནས་རྒྱལ་པ་བྱམས་པ། སློབ་དཔོན་ཐོགས་མེད། སློབ་དཔོན་དབྱིག་གཉེན། དྷརྨ་རཀྵིཏ། སློབ་དཔོན་དགའ་བོ། རྗེ་འདུལ་པ་བཟང་པོ། སློབ་དཔོན་ཐང་སན་ཙང༌། དེ་ནས་ཟབ་མོ་ལྟ་རྒྱུད་ཀྱི་སློབ་དཔོན་ཊི་ཡན་ཥིའན་ཤིའུ་སོགས་ཀྱིས་ཐོབ་ནས་ལྟ་སྤྱོད་ཟུང་འབྲེལ་དུ་གྱུར་པ་ཞིག་ཡིན། ཁོང་འཕགས་ཡུལ་དུ་ལོ་བཅུ་བཞིར་བཞུགས་ནས་མཐར་ཕྱིར་རྒྱ་ནག་ཏུ་ཕེབས་སྐབས་རྒྱལ་པོ་ཧར་ཤ་དང༌། ཀུ་མ་ར། དྷ་རུ་བྷ་དྲ་སོགས་རྒྱལ་བློན་མང་པོས་ཕེབས་སྐྱེལ་གྱི་སྟོན་མོ་དང༌། ལྷག་པར་དུ་རྟེན་གསུམ་སྣ་ཚོགས་དང༌། ན་བཟའ་ཆ་ཚང༌། གླང་ཆེན་གཅིག གསེར་ཊཾ་ཁྲི། དངུལ་ཊཾ་སུམ་ཁྲི། ཀ་ཤི་ཀའི་རས་ཡུག་བརྒྱ་སོགས་དངོས་པོ་ཇི་སྙེད་ཅིག་འབུལ་པར་བཏེགས། ཁོང་ཕེབས་ཞོར་དུ་རྒྱ་གར་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཁག་བརྒྱུད་ནས་ཀོང་ཊེར་སླེབས། གནས་དེ་ནས་དངོས་པོ་འགེལ་སའི་གླང་ཆེན་ཤི་བ་གོང་མ་ཐང་ཐེ་ཙུང་གིས་གསན་ནས་འུ་ལག་གིས་སྐྱེལ་འདྲེན་བྱེད་དུ་བཅུག་སྐབས་ཤིང་རྟ་བཅུ་བཞི་བྱུང་པར་བཤད། སློབ་དཔོན་ཁོང་འཕགས་ཡུལ་རང་དུ་ལོ་བཅུ་བཞི་དང་ལམ་དུ་ལོ་གསུམ་བཅས་ཁྱོན་བཅུ་བདུན་རིང་གཞན་ཡུལ་འགྲིམ་ནས་སྤྱི་ལོ་དྲུག་བརྒྱ་ཞེ་ལྔ་ལོའི་རྒྱ་ཟླ་དང་པོར་རྒྱལ་ས་ཁྲང་ཨན་དུ་ཕྱིར་བདེ་ལེགས་ངང་ཕེབས། གོང་མ་ཐེ་ཙུང་གིས་བློན་པོ་ཧཕང་ཥུའན་ལིང་གཙོས་པའི་བློན་ཆེན་འགའ་ཤས་དང༌། ཆོས་སྡེ་སྐུ་མཁར་གྱི་ནང་དུ་གཏོགས་ཚད་ལ་སེར་སྦྲིང་བྱེད་བཅུག་ནས་སྣེ་ལེན་བྱས། རྒྱ་ཟླ་གཉིས་པར་གོང་མ་ཐེ་ཙུང་དང་དངོས་སུ་མཇལ་ཞིང་སྐབས་དེར་ཤིང་ཏཱ་ལའི་ལོ་མར་བྲིས་པའི་གླེགས་བམ་པོ་ཏི་དྲུག་བརྒྱས་སྣ་དྲངས་ནས། དེ་བཞིན་གཤེགས་པའི་རིང་བསྲེལ། སྐུ་རྒྱུ་ཙན་དན་དང་གསེར་ཟངས་ལས་གྲུབ་པའི་སྣང་བརྙན་ཅི་རིགས། དར་གོས་དང་གསེར་དངུལ་གྱི་ཊཾ་ཀ་སོགས་ལེགས་སྐྱེས་མང་དུ་ཕུལ་པ་དང༌། གོང་མས་ཀྱང་དེ་བཞིན་དུ་གཟིགས་སྣང་ཆེན་པོ་མཛད་ནས་ཧཱུང་ཧཕཱུ་ཟི་ཞེས་པའི་དགོན་པ་བཞུགས་གནས་སུ་གནང་ཐོག ཧྭ་ཤང་ལིང་བཞུད་དང༌། ཝེན་བེ་སོགས་མཁས་པ་བཅུ་གཉིས་ཕྱག་རོགས་དང༌། བློན་པོ་ལིའང་ཀྭ་ཀུང་དོ་དམ་པའི་གཙོ་པོར་བསྐོས་ནས་གླེགས་བམ་དྲུག་བརྒྱ་ལྷག་གསར་སྒྱུར་དང༌། དྲུག་བརྒྱ་ལྷག་ལ་འགྱུར་བཅོས་ལེགས་པར་བཏང༌། དེ་རྗེས་གོང་མའི་བཀའ་ལྟར་ཆོས་འཁོར་ཚི་ཨེན་ཟི་ཞེས་པ་དེ། ཞིག་གསོས་ལེགས་པར་གནང་ནས་སློབ་དཔོན་དེར་གདན་དྲངས། དེ་སྐབས་སློབ་དཔོན་ཀྱིས་རྒྱའི་དགོན་ཁག་སོ་སོ་ནས་དགེ་འདུན་གྲངས་ལྔ་རེ་བསྡུས་པས་དགོན་གསར་དེར་གྲྭ་བཙུན་ཞལ་གྲངས་ཆིག་ཁྲི་བརྒྱད་སྟོང་དྲུག་བརྒྱ་ལྷག་འཕེལ་པར་གསུངས། ཁོང་གིས་མཁན་པོ་གནང་སའི་དགོན་པ་ཆེ་ཁག་གསུམ་ཡོད་པ་སོ་སོར་བྱང་ཆུབ་ཀྱི་ལམ་རིམ་པ་གསུམ་པ་དང༌། སྒོམ་ཚུལ་ལྔའི་སྲོལ་གསར་དུ་བཙུགས་ཤིང༌། གཞུང་རྩོམ་ཡང་མང་དུ་མཛད་པ་དཔེར་ན། <>དང༌། <> <> <> <> <>སོགས་རྒྱ་ཡུལ་ནས་མཛད་ཅིང༌། ད་དུང་དབུ་མ་པ་དགག་ པའི་གཞུང་<>ཞེས་པ་དང༌། <> <>བཅས་སྔར་འཕགས་ཡུལ་ནས་མཛད་པ་སོགས་གསུང་རྩོམ་མང་དུ་མཛད་ཁར། དབྱིག་གཉེན་གྱིས་མཛད་པའི་<>དང༌། སློབ་དཔོན་ཕྱོགས་གླང་གིས་མཛད་པའི་བསྟན་བཅོས་<>གཉིས་སློབ་དཔོན་འདིས་རྒྱ་ཡིག་ནང་བསྒྱུར་པ་ཕྱིས་སུ། སྔ་མ་རྒྱའི་བཙུན་པ་ཆོས་ཀྱི་རིན་ཆེན་གྱིས་བོད་ཡིག་ཏུ་བསྒྱུར་པ་དང༌། ཕྱི་མ་རྒྱའི་དགེ་བཤེས་སིང་གྱང་ཇུས་དང༌། བོད་ཀྱི་དགེ་བཤེས་སྟོན་གཞོན་གྱིས་བོད་ཡིག་ཏུ་བསྒྱུར་པ་དེར། རྒྱའི་བཙུན་པ་ཆོས་ཀྱི་རིན་ཆེན་གྱིས་ཞུ་དག་བྱས་པ་ཞིག་སྣར་ཐང་བསྟན་འགྱུར་གྱི་མདོ་འགྲེལ། སི༽ ཅེ༽གཉིས་སུ་ཡོད། གཞན་ཁོང་གིས་བུ་སློབ་སྐར་ཚོགས་ལྟར་བསྐྱངས་ཤིང༌། མཚན་སྙན་ཆེ་བ་དེང་དུས་ཀོ་རི་ཡར་འབོད་པའི་ཡུལ་གྱི་དགེ་སློང་ཝེན་ཚེག་སོགས་སྲས་ཀྱི་ཐུ་བོ་བཞི་བཅས་ཡོད། དགུང་ལོ་རེ་ལྔ་པ་སྤྱི་ལོ་དྲུག་བརྒྱ་རེ་བཞི་ལོར་ལྟས་ངོ་མཚར་པ་དང་ལྷན་དུ་སྐུ་གཤེགས་ཤིང༌། བདུན་གཅིག་རིང་ཐུགས་དམ་ལ་བཞུགས་པར་གྲགས། ཁོང་ནི་དཔལ་ནཱ་ལེཎཌའི་མཚོན་པའི་འཕགས་ཡུལ་གྱི་གདན་ས་ཆེན་པོ་ཁག་ཏུ་སློབ་གཉེར་ལ་ཕེབས་མི་ཕྱི་རྒྱལ་པ་ཇི་སྙེད་ཅིག་བྱུང་པའི་ནང་ནས་མཚན་སྙན་ཆེ་ཤོས་དེ་ཡིན། ཁོང་འཕགས་ཡུལ་དུ་ཕེབས་པ་དེས་རྒྱ་ནག་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་སྨོས་མེད་ཐོག སྐབས་དེའི་རྒྱ་གར་གྱི་གནས་ཚུལ་ཇི་སྙེད་ཅིག་ཁོང་གིས་ཟིན་བྲིས་གསལ་འདེབས་གནང་ཡོད་སྟབས་ཁོང་གི་ལམ་ཡིག་དེ་ཉིད་རྒྱ་གར་ལོ་རྒྱུས་དང༌།ནང་པའི་ཆོས་འབྱུང་ལ་ཞིབ་འཇུག་བྱེད་མི་ཞིག་ཡིན་ཚེ་མེད་མི་རུང་པའི་རྒྱུ་ཆ་ཡག་པོ་ཞིག་ཆགས་ཡོད།
སྔར་མཇལ་མ་མྱོང་བའི་རྣམ་ཐར། སྙན་མོ་རེད། དབུགས་ཐེངས་གཅིག་གིས་བཀླགས། འདི་འདྲ་ཅི་ཙམ་ཡོད་ན་དེ་ཙམ་ཀློག་པར་འདོད།
སྐུ་ཞབས་སྐྱེས་སར་ཀླུ་སྒྲུབ་ལགས། ཉིད་ཀྱིས་སློབ་དཔོན་ཤོན་ཙང་གི་སྐོར་ལ་རྩོམ་ཡིག་འདི་འདྲ་ལེགས་པོ་ཞིག་བྲིས་འདུག སློབ་དཔོན་དེས་བརྩམས་པའི་ལམ་ཡིག་དངོས་གནས་དེ་ཁྱེད་ཀྱིས་མཇལ་བྱུང་ངམ། ལམ་ཡིག་དེའི་སྐོར་རྒྱས་ཙམ་གསུངས་རོགས་མཛོད་དང༌། ངས་དེའི་སྐོར་གོ་ཐོས་བྱུང་བ་ནི་དགེ་འདུན་ཆོས་འཕེལ་གྱི་གཏམ་རྒྱུད་གསེར་ཐང་ནས་ཡིན་ཞིང་ད་དུང་རྒྱ་གར་གྱི་སྲིད་བློན་རེ་ཧ་རུའི་རང་གི་བུ་མོར་སྤྲིངས་པའི་འཕྲིན་ཚོགས་ཀྱི་འཕྲིན་ཡིག་ཅིག་ཏུ་ཡང་ཁོང་ཤོན་ཙང་ལ་དགའ་མོས་ཡོད་ཚུལ་ཞིག་བྲིས་འདུག དེ་མིན་ཁོང་གི་སྐོར་ལ་ཤེས་རྟོགས་གང་ཡང་མེད་སྟབས་ཁྱེད་ཀྱིས་བྲིས་པའི་རྩོམ་དེས་ཕན་ཐོགས་ཆེན་པོ་བྱུང༌།
༄༅།། བཀུར་འོས་རྩོམ་པ་པོ་མགོན་པོ་ཕྱག་གཉིས་པ་དང་སྤོབས་པ་མཐའ་ཡས་ཟུང་གི་སར།
ཁྱེད་གཉིས་ཀྱི་ཕྲན་གྱི་རྩོམ་ཐུང་རྒྱའི་སློབ་དཔོན་ཐང་ཤཱོན་ཙུང་གི་རྣམ་ཐར་ནས་ཁྱེད་རྣམ་པར་ཐུགས་སྤྲོ་བོ་བྱུང་འདུག་པས་ཕྲན་ཧ་ཅང་དགའ་བོ་བྱུང༌། ཐོག་མར་རྩོམ་པ་པོ་མགོན་པོ་ཕྱག་གཉིས་པར་ཞུ་རྒྱུར་སྐུ་ཉིད་རྩོམ་འདི་རིགས་ལ་མཉེས་པོ་ཡོད་ཚེ། ཡང་བསྐྱར་སློབ་དཔོན་ཐང་ཤཱོན་ཙུང་གིས་མཛད་པའི་ཁོང་རྒྱ་གར་དུ་ཕེབས་སྐབས་ཀྱི་ལམ་ཡིག་ངོ་སྤྲོད་བྱས་པ་ཞིག་ཡོད་པ་དེ་རིང་མིན་ཁྱེད་ཀྱི་སྤྱན་ལམ་དུ་འབུལ་ཐབས་ཞུ་རྒྱུ་དང༌། དེ་ནས་རྩོམ་པ་པོ་སྤོབ་པ་མཐའ་ཡས་ལགས་སུ་ཞུ་རྒྱུར། རྒྱའི་སློབ་དཔོན་ཐང་ཤཱོན་ཙུང་གིས་མཛད་པའི་ཁོང་རྒྱ་གར་དུ་ཕེབས་སྐབས་ཀྱི་ལམ་ཡིག་རྒྱ་སྐད་དུ་ཏཱ་ཐང་སིའི་ཡུས་ཀྱིས་ཟེར་བ། བོད་སྐད་དུ་བསྒྱུར་ཚེ་ཆེན་པོ་ཐང་གི་སྐབས་ནུབ་ལྗོངས་སུ་བསྐྱོད་པའི་ཟིན་བྲིས་ཟེར་བའམ་ཡང༌། གུང་ལོ་ཆེན་མགོན་པོ་སྐྱབས་ཀྱིས་བསྒྱུར་བ་ཇི་བཞིན་ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་ཅེས་པ་དེ་གུས་པས་དེ་སྔ་བིོད་ཀྱི་དཔེ་མཛོད་ཁང་ནས་ལས་ཀ་གཉེར་སྐབས་རྩོམ་སྒྲིག་བྱས་ཡོད་ལ། ཕལ་ཆེར་ཟླ་བ་རྗེས་མ་ཙམ་ལ་འགྲེམས་སྤེལ་བྱེད་ཐུབ་པས་དེ་སྐབས་དགྱེས་གཟིགས་ཡོང་བ་ཞུ་རྒྱུ་དང༌། ལམ་ཡིགའདིའི་ནང་དོན་མདོར་བསྡུས་ཙམ་ངོ་སྤྲོད་བྱས་པའི་རྩོམ་ཐུང་ཞིག་ཟུར་དུ་བྲིས་ཡོད་པ་དེ་གཟིགས་རོགས་ཞུ་རྒྱུ་ཡིན། དེ་མིན་སྐུ་ཉིད་ལ་ལས་བྲེལ་ཆེན་པོ་མེད་ཚེ་ཕྲན་གྱིས་ཉམས་ཞིབ་སྒོས་འབྲི་རྩོམ་ བྱས་པའི་ནཱལཱནྡཱ་ཞིབ་འཇུག་ཅེས་པའི་དཔལ་ནཱལཱནྡཱའི་བྱུང་རབས་ཞིབ་པར་བཀོད་པའི་དེབ་དེ་དང༌། ཡང་བསྐྱར་ཕྱི་ལོ་ ༣༩༩ ལོར་རྒྱ་ནག་གི་ཅིན་ཤར་མའི་དུས་སྐབས་ཀྱི་བཙུན་པ་ཧཕ་ཤཱན་ཞེས་པ་ཁོང་རྒྱ་གར་དུ་ཕེབས་པའི་ལམ་ཡིག་དང༌། དེ་བཞིན་ཕྱི་ལོ་ ༡༢༢༥ ཡས་མས་སུ་རྒྱ་གར་དུ་ཕེབས་པའི་ཆག་ལོ་ཙཱ་བའི་ལམ་ཡིག་རྣམ་ཐར་མ་སོགས་ཕྱོགས་བསྡུས་བྱས་པའི་འཕགས་པའི་ཡུལ་གྱི་ལམ་ཡིག་ཅེས་པའི་དེབ་གཅིག་བཅས་དེབ་གསུམ་སླེབས་ཉེར་ཡོད་པས་སྐུ་ཉིད་ཀྱིས་དཔེ་དེབ་དེ་རིགས་དཔེ་ཀློག་བྱས་ནས་ཐུགས་དགོངས་སྤྲོ་བོ་ཡོང་བའི་རེ་བ་ཡོད། དེས་ན་སྐུ་ཉིད་ཀྱིས་ཕྲན་ལ་རེ་བ་བཏོན་པར་ལན་འདི་ཙམ་ཞིག་ཕུལ་བ་ལགས་ཞེས་གུས་འདུད་བཅས་ཕྲན་སྐྱེས་སར་ཀླུ་སྒྲུབ་ཀྱིས།
སྐུ་ཞབས་སྐྱེས་སར་ཀླུ་སྒྲུབ་ལགས། ཉིད་ཀྱིས་ལན་གནང་བས་སྤྲོ་པོ་བྱུང༌། ཉིད་གྱིས་རྩོམ་སྒྲིག་དང་དཔར་སྐྲུན་བྱེད་བཞིན་ཡོད་པའི་དེབ་དེ་རིགས་ནི་དངོས་གནས་རིན་ཐང་གཞལ་དུ་མེད་པའི་ནོར་བུ་ལྟ་བུའི་དཔེ་ཚོགས་ཤིག་ཡིན་པར་གོར་མ་ཆག མི་རིང་བར་ལྟ་ཀློག་ཐུབ་པར་སྨོན། སློབ་དཔོན་ཤོན་ཙང་དང༌། ཧཕ་ཤན། ཆག་ལོ་ཆོས་རྗེ་དཔལ་བཅས་ཀྱིས་མཛད་པའི་ལམ་ཡིག་ཕྱོགས་བསྒྲིགས་དེ་ལ་ཡང་ལྟ་ཀློག་ཀྱི་འདུན་པ་ཧ་ཅང་ཆེ།
སྐྱེས་སར་ཀླུ་སྒྲུབ་ལགས། གོང་དུ་ཞུ་རྒྱུ་གཅིག་བརྗེད་འདུག ད་དུང་དེ་དང་དེ་ལྟ་བུའི་གནའ་དཔེ་རིན་ཐང་ཅན་དཀོན་རིགས་གན་གཟིགས་བྱུང་ན་ངོ་སྤྲོད་གནང་རོགས།