ཚེ་རིང་དོན་གྲུབ་ཀྱིས།
ཕྱི་ལོ་༡༩༥༢་ལོའི་ཨོ་ལིམ་པིག་རྩེད་འགྲན་ཧྥིན་ལན་གྱི་ཧེལ་སིན་ཁི(Helsinki, Finland)རུ་ཚོགས། སུའུ་ལེན་སྤྱི་མཐུན་རྒྱལ་ཁབ་དེ་ཕྱི་ལོ་༡༩༡༢་ལོ་ནས་རྩེད་འགྲན་དུ་མཉམ་ཞུགས་བྱས་མེད་པས། ཐེངས་འདིའི་སྐབས་ཡང་བསྐྱར་ཨོ་ལིམ་པིག་ནང་མཉམ་ཞུགས་བྱས། ཡིན་ནའང་། སུའུ་ལེན་དམར་ཕྱོགས་གཞུང་གིས་ལུས་རྩལ་མཁན་ཚོ་ལྟ་རྟོག་ནན་པོས་འོག་ནུབ་ཕྱོགས་པ་ཚོ་དང་འབྲེལ་བ་བྱེད་རྒྱུ་བཀག་འགོག་བྱས་ཡོད། སྐབས་འདིར་ཤར་ཕྱོགས་དང་ནུབ་ཕྱོགས་བར་འགྲན་རྩོད་ཀྱི་ཚོར་ཤུགས་ཆེན་པོ་བྱུང་འདུག ཨོ་ལིམ་པིག་རྩེད་འགྲན་འདི་ལ་ལུས་རྩལ་མཁན་ཕལ་ཆེར་༥༠༠༠་དང་རྒྱལ་ཁབ་༦༩་ཀྱི་འཐུས་ཚབ་མཉམ་ཞུགས་གནང་།
ཕྱི་ལོ་༡༩༥༦་ལོའི་ཨོ་ལིམ་པིག་རྩེད་འགྲན་ནི་ཨོ་སུ་ཊི་ལེ་ཡའི་མེལ་སྦུའུ་ནེ་(Melbourne, Australia)ནང་དུ་ཚོགས། རྩེད་འགྲན་འདི་ནི་སའི་གོ་ལའི་ལྷོ་ཕྱོགས་སུ་ཚོགས་པ་དང་པོ་ཡིན་ལ། ཕྱི་ཟླ་བཅུ་གཅིག་དང་བཅུ་གཉིས་ནང་རྩེད་འགྲན་དུས་སྟོན་ལ་རོལ་ཡོད། སྟབས་མ་ལེགས་པ་ཞིག་ལ། རྩེད་འགྲན་འདི་ཆབ་སྲིད་ཀྱི་ངོ་བོ་གྱུར་ནས་ཨེ་ཇབ་(Egypt)དང་། ཨེ་རག།(Iraq) ལེ་སྦཱ་ནོན་(Lebanon)སོགས་རྒྱལ་ཁབ་ནས། ཨེ་སུ་རཱེལ་(Israel)རྒྱལ་ཁབ་ཀྱིས་ཨེ་ཇབ་བཙན་བཟུང་བྱས་པར་ངོ་རྒོལ་གྱི་རྣམ་པས་རྩེད་འགྲན་ལ་མཉམ་ཞུགས་མི་བྱེད་རྒྱུ་དང་། ནེ་ཐེར་ལན་(Netherlands)དང་། སུ་པཱེན།(Spain) སུ་ཝེ་ཛེར་ལན།(Switzerland) རྒྱལ་ཁབ་རྣམས་ཀྱིས་སུའུ་ལེན་སྤྱི་འཐུན་རྒྱལ་ཁབ་ཀྱིས་སྦུ་རྡཱ་ཕེ་ཊི་(Budapest) དང་། ཧུན་གཱ་རིས་(Hungary)སོགས་བཙན་བཟུང་བྱས་པར་ངོ་རྒོལ་བྱས་ཏེ་རྩེད་འགྲན་ལ་མཉམ་ཞུགས་བྱས་མེད།
སྤྱི་ལོ་༡༩༥༦་ལོའི་ཨོ་ལིམ་པིག་རྩེད་འགྲན་འདིའི་སྐབས་མཇུག་སྡོམ་མཛད་སྒོ་ངོ་སྤྲོད་བྱས་ཡོད་། སྐབས་འདིའི་ཨོ་ལིམ་པིག་རྩེད་འགྲན་ལ་ལུས་རྩལ་མཁན་༣༥༠༠་ཙམ་མཉམ་ཞུགས་དང་། རྒྱལ་ཁབ་༥༡་འཐུས་ཚབ་འདུག
ཕྱི་ལོ་༡༩༦༠་ལོའི་ཨོ་ལིམ་པིག་རྩེད་འགྲན་ཨེ་ཊཱ་ལེའི་ཀྱི་རོམ་(Rome, Italy)ནང་ཚོགས། ཕྱི་ལོ་༡༩༠༤་ནས་ཁོའུ་སྦིར་ཊིན་གྱིས་རེ་སྨོན་གནང་ཡོད་པ་ལྟར། དེ་ལྟར་མངོན་འགྱུར་བྱུང་ཡོད་པ་ཞིག་རེད། ཨེ་ཊཱ་ལེའི་གཞུང་གིས་གནའ་རབས་དང་དེང་རབས་ཀྱི་རྣམ་པ་འབུར་དུ་ཐོན་པའི་སྒོ་ནས་ཨོ་ལིམ་པིག་ལུས་རྩལ་ར་བ་དང་ལུས་རྩལ་ཕོ་བྲང་གསར་བསྐྲུན་བྱས།
ཕྱི་ལོ་༡༩༦༠་ལོའི་ཨོ་ལིམ་པིག་རྩེད་འགྲན་ནི་བརྙན་འཕྲིན་ཐོག་ཆ་ཚང་གཟིགས་སྟོན་བྱས་པ་ཐོག་མ་རེད། སྐབས་འདིར་ལུས་རྩལ་མཁན་༥༠༠༠་ཙམ་དང་། རྒྱལ་ཁབ་༨༣་འཐུས་ཚབ་མཉམ་ཞུགས་གནང་འདུག
ཕྱི་ལོ་༡༩༦༤་ལོའི་ཨོ་ལིམ་པིག་རྩེད་འགྲན་ནི་ཉི་ཧོང་གི་ཀྲོ་ཁཱོ་(Tokyo, Japan)ནང་དུ་ཚོགས། ནུབ་ཀོ་རི་ཡ་(North Korea)དང་། ཨན་ཊོ་ནེ་སི་ཡ(Indonesia)། ལྷོ་ཨ་ཧྥེ་རི་ཁ་(South Africa)རྒྱལ་ཁབ་རྣམས་རྩེད་འགྲན་ལ་མཉམ་ཞུགས་བྱེད་དུ་བཅུག་མེད། རྒྱུ་མཚན་ནི་ནུབ་ཀོ་རི་ཡ་དང་ཨན་ཊོ་ནེ་སི་ཡ་གཉིས་ཀྱི་ལུས་རྩལ་མཁན་ཚོ་ཨོ་ལིམ་པིག་རྩེད་འགྲན་གྱི་འགྲན་བསྡུར་ལ་ལུས་རྩལ་སྤུས་ཚད་མ་ལོངས་སྟབས་འཛུལ་ཞུགས་བྱེད་དུ་མ་བཅུག་པར་ཕྱིར་འཐེན་བྱས། ལྷོ་ཨ་ཧྥེ་རི་ཁ་རྒྱལ་ཁབ་ཀྱིས་རིགས་རྒྱུད་རིང་ལུགས་ཀྱི་སྲིད་བྱུས་ལག་བསྟར་བྱས་རྐྱེན། རྒྱལ་སྤྱིའི་ཨོ་ལིམ་པིག་ལྷན་ཚོགས་ཀྱིས་རྩེད་འགྲན་ནང་མཉམ་ཞུགས་བྱེད་རྒྱུ་བཀག་འགོག་བྱས་ཡོད། རྩེད་འགྲན་འདིའི་ནང་ལུས་རྩལ་མཁན་༥༠༠༠་ཙམ་དང་། རྒྱལ་ཁབ་༩༣་འཐུས་ཚབ་མཉམ་ཞུགས་གནང་།
ཕྱི་ལོ་༡༩༦༨་ལོའི་ཨོ་ལིམ་པིག་རྩེད་འགྲན་མེ་སི་ཀོ་རྒྱལ་ཁབ་ཀྱི་མེ་སི་ཀོ་གྲོང་ཁྱེར་(Mexico City, Mexico)དུ་ཚོགས། ཨོ་ལིམ་པིག་མ་ཚོགས་པའི་ཉིན་བཅུ་ཡི་སྔོན་ལ་། སློབ་ཕྲུག་ཚོགས་པ་ཞིག་གིས་མེ་སི་ཀོ་ཡི་སྲིད་གཞུང་ལ་ངོ་རྒོལ་བྱས་ནས་མི་ཚོགས་ནང་མེ་མདའ་རྒྱབ་ཏེ་མི་༢༦༧་བསད་ཡོད་པ་དང་མི་༡༠༠༠་ཙམ་ལ་རྨས་སྐྱོན་བྱུང་། མེ་སི་ཀོ་སྲིད་གཞུང་གིས་དམག་དཔུང་བཏང་ནས་སློབ་ཕྲུག་ཚོགས་པའི་མཐའ་བསྐོར་ཏེ་དམ་དྲག་བྱས། ཨོ་ལིམ་པིག་སྐབས་སུ་ཡང་ཆབ་སྲིད་ཀྱི་གཏམ་བརྗོད་གནང་ཡོད།
ལུས་རྩལ་མཁན་མང་བོ་ཞིག་གིས་མེ་སི་ཀོ་གྲོང་ཁྱེར་སའི་མཐོ་ཚད་ལས་ཁོ་ཚོ་ལ་ཤུགས་རྐྱེན་ཐེབས་ཡོད་ཚུལ་གྱི་འཁང་ར་བྱས་ཡོད་མོད། རྒྱལ་སྤྱིའི་ཨོ་ལིམ་པིག་ལྷན་ཚོགས་ཀྱི་ཚོགས་གཙོ་ཡིས་ཨོ་ལིམ་པིག་རྩེད་འགྲན་ནི་འཛམ་གླིང་ལ་དབང་བ་ལས། རྒྱ་མཚོའི་མཐོ་ཚད་ཀྱི་ཆ་ཤས་སུ་མི་གཏོགས་པར་
ལན་འདེབས་བྱས་ཡོད།
ཕྱི་ལོ་༡༩༦༨་ལོའི་ཨོ་ལིམ་པིག་རྩེད་འགྲན་སྐབས་སུ་ལུས་རྩལ་མཁན་ཚོ་ལ་སྟོབས་རྒྱས་སྨན་རྫས་ཟས་ཡོད་མེད་ཀྱི་བརྟག་དཔྱད་བྱས་པར་རྩོད་གླེང་བྱུང་འདུག སྐབས་འདིར་ལུས་རྩལ་མཁན་༥༥༠༠་དང་རྒྱལ་ཁབ་༡༡༢་འཐུས་ཚབ་མཉམ་ཞུགས་གནང་།
ཕྱི་ལོ་༡༩༧༢་ལོའི་ཨོ་ལིམ་པིག་རྩེད་འགྲན་ནུབ་འཇར་མིན་གྱི་མའུ་ནི་ཁུ་(Munich, West Germany)རུ་ཚོགས། རྩེད་འགྲན་མ་ཚོགས་པའི་ཉིན་གཅིག་གི་སྔོན་དེ་ཕྱི་ཟླ་༩་ཚེས་༥་ཉིན་ཕཱ་ལེ་སུ་ཊིན་(Palestinian)གྱི་འཇིགས་སྐུལ་བ་མི་བརྒྱད་ཨོ་ལིམ་པིག་ལུས་རྩེད་མཁན་སྡོད་སར་འཛུལ་ནས་ཨེ་སུ་རཱེལ་(Israel)གྱི་ལུས་རྩལ་རུ་ཁག་ལས་མི་བཅུ་གཅིག་འཛིན་བཟུང་དང་། འཇིགས་སྐུལ་བ་ཚོས་ཨེ་སུ་རཱེལ་གཞུང་གིས་བཀག་ཉར་བྱས་པའི་ཕཱ་ལེ་སུ་ཊིན་གྱི་མི་༢༣༤་དེ་དག་གློད་བཀྲོལ་གཏོང་དགོས་བའི་རེ་སྐུལ་གནང་ཡང་། མཐར་མར་གྲོས་མོལ་གྱིས་ཉེན་སྐྱོབ་བྱེད་པར་དོན་ཕན་མ་བྱུང་སྟབས། གཏའ་མར་ཉར་བའི་མི་དང་འཇིགས་སྐུལ་བ་ལྔ་བསད་པ་དང་འཇིགས་སྐུལ་བ་གསུམ་ལ་རྨས་སྐྱོན་བྱུང་།
སྐྱོ་གནས་འདི་བྱུང་ཡང་རྒྱལ་སྤྱིའི་ཨོ་ལིམ་པིག་ལྷན་ཚོགས་ཀྱིས་རྩེད་འགྲན་འདི་མུ་མཐུད་རྩེད་རྒྱུ་བྱས་པ་དང་། ཨོ་ལིམ་པིག་མཛད་སྒོ་ཡང་ཉིན་གཅིག་ཕྱིར་འགྱངས་བྱེད་དགོས་བྱུང་འདུག ཉིན་དེ་ནས་ཚེ་སྲོག་ཤོར་བའི་མི་རྣམས་ལ་མྱ་ངན་ཆེད་དུ་ཨོ་ལིམ་པིག་དར་ཆ་མར་ཕྱེད་ཙམ་ཕབ། རྩེད་འགྲན་འདིས་སྐབས་ལུས་རྩལ་མཁན་༧༠༠༠མཉམ་ཞུགས་དང་། རྒྱལ་ཁབ་༡༢༢་མི་སྣ་འཛོམས་འདུག
ཕྱི་ལོ་༡༩༧༦་ལོའི་ཨོ་ལིམ་པིག་རྩེད་འགྲན་ཁཱ་ནཱ་ཊ་ཡི་མོན་ཊི་རཱེལ་(Montreal, Canada)དུ་ཚོགས། སྐབས་འདིར་སྟོབས་རྒྱས་སྨན་རྫས་ཟོས་པའི་ལུས་རྩལ་མཁན་ཚོ་ཁུངས་སྐྱེལ་དག་འབུལ་བྱས་ནས་རྩེད་འགྲན་དུ་འཛུལ་ཞུགས་བཀག་འགོག་བྱས། རྒྱལ་སྤྱིའི་ཨོ་ལིམ་པིག་ལྷན་ཚོགས་ཀྱིས་ལྷོ་ཨ་ཧྥེ་རི་ཁ་རྩེད་འགྲན་ལ་ཞུགས་རྒྱུ་བཀག་འགོག་བྱས་ཡོད་པར། ཨ་ཧྥེ་རི་ཁའི་གླིང་གི་རྒྱལ་ཁབ་གཞན་དག་གིས་ཕྱིར་འཐེན་མི་བྱེད་པར་ཨོ་ལིམ་པིག་རྩེད་འགྲན་ལ་མཉམ་ཞུགས་གནང་རོགས་ཞེས་རེ་སྐུལ་བྱས་ཀྱང་། ཨ་ཧྥེ་རི་ཁའི་རྒྱལ་ཁབ་༢༦་རྩེད་འགྲན་འདི་ལ་ཕྱིར་འཐེན་གྱིས་མཉམ་ཞུགས་གནང་མེད།
ཨོ་ལིམ་པིག་རྩེད་འགྲན་འདིར་ཁཱ་ནཱ་ཊ་གཞུང་གིས་ཐེ་ཝིན་དེ་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ལ་ངོས་འཛིན་མ་བྱས་པར་རྩེད་འགྲན་ནས་ཕྱིར་འབུད་
བཏང་། རྩེད་འགྲན་འདིའི་སྐབས་རྒྱལ་ཁབ་༨༨་ཀྱི་འཐུས་ཚབ་ནས་། ལུས་རྩལ་མཁན་༦༠༠༠་མཉམ་ཞུགས་གནང་འདུག