༄༅། ། བོད་རབ་གནས་ཆུ་འབྲུག་ལོའི་ལོ་སར་ཚེས་གཅིག་ཉིན་མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་ས་ཁུལ་ཁ་ཤས་སུ་མང་ཚོགས་ཀྱིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་འདུག
འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཆུ་འབྲུག་ལོའི་ལོ་སར་ཚེས་༡་ཉིན་གྱི་དགོང་མོའི་ཆུ་ཚོད་༦་པ་ཙམ་ལ་གསེར་རྟ་རྫོང་གི་ཁྱབ་ཁོངས་ཁེས་སྐོར་ཡུལ་ཚོའི་ནང་གསེར་རྟ་སེ་ར་དགོན་པའི་སྤྲུལ་སྐུ་བསྟན་རྒྱམ་སོགས་བླ་གྲྭ་ཁག་གཅིག་དང་། ཚེ་ཤུལ་སྡེ་བ་དང་། མགོ་མཆོག་སྡེ་བ། རྟ་ཤུལ་སྡེ་བ་སོགས་ནས་ཡིན་པའི་མི་གྲངས་༧༠་ཙམ་གྱིས་ལག་ཏུ་བོད་ཀྱི་རྒྱ་དར་དང་། སྐུ་གཤེགས་རྒྱལ་གཅེས་དཔའ་བོའི་རྗེས་དྲན་ཡི་གེ་འཁོད་པའི་འཕྲེད་དར་འཕྱར་སྟེ། ཁེས་སྐོར་ཡུལ་ཚོའི་ས་གནས་རྒྱའི་སྲིད་གཞུང་གི་སྒོ་འགྲམ་དུ་༧གོང་ས་སྐྱབས་མགོན་རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མཆོག་རང་ཡུལ་དུ་ཕེབས་དགོས། བོད་ལ་རང་དབང་དགོས། ཞེས་སོགས་སྐད་འབོད་དང་། སྐུ་ལུས་མེ་བསྲེགས་བཏང་ཟིན་པའི་རྒྱལ་གཅེས་དཔའ་པོ་དཔའ་མོ་རྣམས་ཀྱི་ཆེད་བསྔོ་སྨོན་དང་། ༧རྒྱལ་བའི་ཞབས་བརྟན་སོགས་བཏོན་ཡོད་འདུག
དེ་བཞིན་གོང་ཚེས་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༥་བ་ནས་མཚན་གྱི་ཆུ་ཚོད་༩་བ་བར་གསེར་རྟ་རྫོང་རགས་བཀྲམ་ཡུལ་ཚོའི་ནང་གི་རྒྱའི་སྲིད་གཞུང་གི་སྒོ་འགྲམ་དུ་དེ་གའི་སང་སང་སྡེ་བ་དང་། ཏོག་ཚ་སྡེ་བ་སོགས་ནས་ཡིན་པའི་བོད་མི་ཚོས་ལག་ཏུ་འདས་ཟིན་པའི་རྒྱལ་གཅེས་དཔའ་བོ་དང་། དཔའ་མོ་རྣམས་ལ་མྱ་ངན་ཞུ། ཞེས་འཁོད་པའི་འཕྲེད་དར་ཕྱར་ཏེ། སྐུ་གཤེགས་རྒྱལ་གཅེས་དཔའ་བོ་དཔའ་མོའི་ཆེད་མྱ་ངན་ངག་བཅད་གནང་ཡོད་འདུག གོང་གསལ་གནས་ཚུལ་དེ་དག་ཐོན་མ་ཐག་ས་གནས་རྒྱ་གཞུང་གི་ལས་བྱེད་པས་སྡེ་བ་སོ་སོའི་མགོ་ཁྲིད་ལ་གནས་ཚུལ་དེ་དག་ཁོངས་སོ་སོས་ཞོད་འཇགས་མ་བཏང་ཐབས་མེད་ཡིན། ཞེས་བཀའ་བཏང་འདུག་ཀྱང་ད་དུང་དོན་རྐྱེན་དེ་ལ་བརྟེན་ནས་བོད་མི་བཙོན་འཇུག་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་མེད། གནས་ཚུལ་འདི་དག་ས་གནས་གཞན་བརྒྱུད་དེ་འབྱོར་བ་ལས། གསེར་རྟ་ས་ཁུལ་ལ་ད་དུང་ཕྱི་ཕྱོགས་ནས་འབྲེལ་བ་བྱེད་མི་ཐུབ། དེའི་རྒྱུ་མཚན་ནི། རྒྱ་གཞུང་གིས་ཕྱི་ཟླ་༢ཚེས་༢༤ནས་གསེར་རྟའི་ས་ཁུལ་གྱི་བརྒྱུད་ལམ་ཁག་ཡོངས་རྫོགས་སྒོ་བརྒྱབས་པས་རེད། རྒྱ་གཞུང་གིས་གསེར་རྟ་ས་ཁུལ་ལ་བརྒྱུད་ལམ་ཁག་ཚང་མ་སྒོ་བརྒྱབས་ཏེ། ཕྱི་ཕྱོགས་སོགས་དང་ཐད་ཀར་འབྲེལ་བ་བཟོ་མི་ཐུབ་པ་བྱས་ནས་ད་བར་ཟླ་༡དང་ཉིན་བདུན་ཙམ་འགྲོ་བཞིན་ཡོད།
གནས་ཚུལ་མཁོ་སྤྲོད་པ། སྤྱི་ཟུར་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས།
དཔལ་ཤུལ་གསེར་རྟའི་རྒྱལ་གཅེས་དཔའ་བོ་ཚོར་རྒྱབ་སྐྱོར་གནང་རོགས། ད་ང་ཚོས་ཕན་ཚུན་ཡིད་ཆེས་ཐོག་གྲོས་མོལ་ཞིག་མ་བྱས་ན་ཉེན་ཁ་ཆེན་པོ་ཆགས་འདུག།
གནས་ཚུལ་མཁོ་བསྒྲུབས་བྱེད་སྟངས་ཞིབ་ཚགས་ཀྱི་རང་བཞིན་ཡོད་ཀི། དོན་དངོས་ལ་བཅར་ནས་བརྒྱུད་སྒྲོག་བྱ་རྒྱུ་སྟེ་གནད་ཀྱི་དོན་པོ་ཡིན། ཧོལ་རྒྱུགས་དང་རྫུན་ཁྲམ། ཧབ་བཤད་སོགས་ཀྱི་དོན་དག་ཅིག་མི་ཆོད། མདོ་སྨད་མགོ་ལོག་དབལ་ཤུལ་གསེར་རྟའི་གནས་ཚུལ་གོ་རིམ་བཞིན་འཚོལ་བསྒྲུབ་བྱེད་སྟངས་འདི་ལ་དགའ་བོ་བྱུང་།
མདོ་སྨད་ མགོ་ལོག་ དབལ་ཤུལ་ གསེར་རྟ ཨ་ལ་ལ་ལ