གནས་ཚུལ་མཁོ་སྤྲོད་མཁན། གངས་འདབས།
གཟུགས་བརྙན་གྱི་སྒྱུ་རྩལ་ནི་སྐད་ཡིག་ལ་བརྟེན་མི་དགོས་པར། ཀུན་གྱི་ལ་ནུས་པ་སྤྲད་ཐུབ་པའི་ཐུན་མོང་གི་ལོངས་སྤྱོད་ཅིག་ཡིན་ཏེ། ད་ལམ་རྗར་མེ་ནའི་གྲོང་ཁྱེར་ Frankfurt ནང་གནས་པའི་རྗར་མེ་ནིའི་བོད་ཀྱི་ཁང་པར་བོད་ཀྱི་དེང་དུས་དཔར་རིས་སྒྱུ་རྩལ་འགྲེམས་སྟོན་བྱས་པ་དེས་གྲོང་ཁྱེར་འདིའི་ཤེས་རིག་དང་སྒྱུ་རྩལ་ལ་དང་བའི་མི་རྣམས་ཀྱི་འདོད་པ་དེ་བསྐང་ཐུབ་ཡོད་ལ། གྲོང་ཁྱེར་འདིའི་སྣེ་མང་ཤེས་རིག་ལྡན་བའི་ཡུལ་ཞིག་ཆགས་ཡོད་པ་དེར་རམ་འདེགས་སྣོན་མ་བྱས་པ་མཚོན་ཐུབ། ལྷག་དོན་བོད་ཀྱི་དེང་དུས་སྒྱུ་རྩལ་གྱི་ཆ་ཤས་ཤིག་ཀྱང་ཡུལ་མི་ཚོས་མཐོང་ཐུབ་པ་བྱུང་ཡོད་པས་ན། ངས་གྲོང་ཁྱེར་གྱི་ཡུལ་མིའི་ཚབ་བྱས་ནས་སྒྱུ་རྩལ་པ་རྣམས་དང་། གོ་སྒྲིག་བྱ་མཁན་རྗར་མེ་ནི་བོད་ཀྱི་ཁང་པར་ཐུགས་རྗེ་ཆེ་ཞུ།“ ཞེས་གྲོང་ཁྱེར་གྱི་སྣེ་མང་རིག་གཞུང་ལྷན་ཁང་གི་སྐུ་ཚབ་གྱིས་ད་རེས་འགྲེམས་སྟོན་དེའི་དབུ་འབྱེད་མཛད་སྒོའི་ཐོག་གཏམ་བཤད་གནང་སོང་།
ཟླ་༢ ཚེས་༢༥ ནས། ཟླ་༧ཚེས་༡ཉིན་བར་སྟོན་པའི་བོད་ཀྱི་དེང་དུས་དཔར་རིས་སྒྱུ་རྩལ་འགྲེམས་སྟོན་ཞིག་རྗར་མན་བོད་ཀྱི་ཁང་པའི་ནང་འགྲེམས་སྟོན་བྱ་བཞིན་འདུག ཚེས་༢༥་ཉིན་གྱི་ཆུ་ཚོད་༡༨ཐོག་དབུ་འབྱེད་མཛད་སྒོ་ཞིག་སྤེལ་ཡོད་ལ། མཛད་སྒོའི་ཐོག་རྗར་མན་གྱི་གྲགས་ཅན་གློག་བརྙན་འཁྲབ་མཁན་དང་། བོད་ཀྱི་གྲོགས་པོ་Ralf Bauer ནས་གཏམ་བཤད་དང་། དེ་ནས་འགྲེམས་སྟོན་གྱི་ནང་མཉམ་ཞུགས་གནང་མཁན་བོད་ཀྱི་སྙན་ངག་པ་དང་། གློག་བརྙན་འཁྲབ་ཁྲིད་པ། ལྗང་བུ་མཆོག་གིས་ལོ་ངོ༡༢ཡར་སྔོན་བརྩམས་པའི་དེབ་གཟི་མིག་དགུ་པ་ལས། ཁོང་གིས་སྙན་ངག་གཉིས་འདེམས་སྒྲུབ་ཀྱིས་འགྱེར་འདོན་གནང་པ་དང་། བོད་ཀྱི་གཞས་མ་ཆུ་པ་ཚེ་རིང་ནས་སྲོལ་རྒྱུན་གྱི་བོད་གཞས་ཞིག་གླུ་རུ་བླངས་སོང་།
སྒྱུ་རྩལ་པ་དྲུག་གི་བརྩམས་ཆོས་ཀྱི་དཔར་ཁག་ཅིག་འདེམས་སྒྲུབ་བྱས་ནས་འགྲེམས་སྟོན་བྱས་ཡོད་ལ། ཚད་གཞི་མཐོ་བ་དང་། རྣམ་པ་དོད་པའི་འགྲེམས་སྟོན་འདི་ནི་ད་བར་ཡོ་རོབ་དུ་མི་རྣམས་ཀྱིས་མིག་ལམ་དུ་བཀྲམ་ཐེངས་གསུམ་པ་དེ་ཆགས་ཡོད། ལོ་རྒྱུས་ཀྱི་སྣེ་མོ་གལ་ཆེན་ཞིག་འཛིན་བཞིན་པའི་བོད་ཀྱི་དེང་དུས་པར་རིས་སྒྱུ་རྩལ་ནི་ཡར་ངོའི་ཟླ་བ་ལྟར་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ། ད་རེས་དབུ་འབྱེད་མཛད་སྒོའི་གནས་ཚུལ་ཁག་ཅིག་རྗར་མན་གྱི་ཚགས་ཤོག་དང་དྲྭ་ལམ་ཐོག་ཐོན་ཡོད་པ་དང་། མཛད་སྒོའི་ནང་ཕེམས་མཁན་གཟིགས་མོ་བ་ཡང་བརྒྱ་ལྷག་ཕེབས་འདུག འགྲེམས་སྟོན་དེ་བཞིན་རྗར་མན་བོད་ཀྱི་ཁང་པའི་༢༠༡༢ལོའི་ལས་རིམ་མང་པོའི་ནང་གི་ཆ་ཤས་ཤིག་ཡིན་པ་དང་། གྲོང་ཁྱེར་Frankfurt ་ཤེས་རིག་ལས་ཁུངས་དང་། སྣེ་མང་ཤེས་རིག་ལྷན་ཁང་གཉིས་ནས་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཡོད།
རྗར་མན་བོད་ཀྱི་ཁང་པ་ནི་རྒྱལ་སྤྱིའི་ནང་གདེངས་འཇོགས་ཚད་ལྡན་ཡོད་པའི་བོད་ཀྱི་ཤེས་རིག་ཀྱི་ལྟེ་གནས་ཤིག་ཡིན་པ་དང་། ལྟེ་གནས་དེ་ལ་ལས་ཀའི་རྣམ་གྲངས་སྡེ་ཚན་ལྔ་ཡོད་པའི་ནང་ནས་༼སྒྱུ་རྩལ་དང་ལེགས་བྱང་༽སྡེ་ཚན་གྱི་ཁྱབ་ཁོངས་ནང་འགྲེམས་སྟོན་གོ་སྒྲིག་བྱེད་པ་དང་སྤེལ་བའི་ལས་འགུལ་རྣམས་ཚུད་ཡོད་པ་རེད་འདུག
པར་འདི་ཚོ་པར་ཆས་གིས་རྒྱབ་པ་ལས་སྒྱུ་རྩལ་ཞིག་གང་ན་འདུག གོ་སྒྲིག་གནང་པ་ལ་དགའ་བསུ་ཞུ་གི་ཡོད། ལྟ་སྙིང་ཏོག་ཙམ་འདོད་བྱུང། པར་རིས་ལ་ཧ་ཅང་དགའ་པོ་ཡོད།
ཁྭ་ཏ་ལགས། ཁྱེད་ཀྱི་སྒྱུ་རྩལ་གྱི་གོ་བ་ག་འདྲ་ཞིག་ལེན་གྱི་ཡོད། སྒྱུ་རྩལ་གྱི་པར་ཡིན་ན་པར་ཆས་ཀྱིས་རྒྱག་མི་ཆོག་ཟེར་ན་ངོ་མ་མཚར་གཏམ་ཞིག་རེད། འོ་རེད་ཁྱེད་ལྟར་ང་ཡང་པར་དེ་དག་བལྟ་འདོད་བྱུང་།
ཧཧཧཧཧ། ཆོག་དང་མི་ཆོག་གི་སྐད་ཆའི་ཟུར་ཙམ་མེད། འོན་ཀྱང། ངེད་བོད་པ་ཚང་ལ་སྔར་ནས་ད་བར་པར་ཆས་ལ་བརྟེན་པའི་སྒྱུ་རྩལ་འགྲེམས་སྟོན་ཞིག་ཡོད་སྣང་ཤར་མ་སོང། ཆོག་གདའ་ལོས་ཆོག
གཞས་མ་ཆུ་པ་ཚེ་རིང་ནས་སྲོལ་རྒྱུན་གྱི་གཞས་ཤིག་གླུ་རུ་བླངས་སོང་། ཟེར་ན་གོ་རྒྱུ་འདུག་གམ། རྣམ་པ་ཚོས་དཔྱད་པར་ཞུ།།