བོད་མིའི་ཞི་བའི་སྒེར་ལངས་ཆེན་མོ་དང་རྒྱ་གཞུང་གིས་དྲག་གནོན་གནས་སྟངས་ཀྱི་ཕྱོགས་ངོས་ནས་བོད་དོན་ལ་བལྟ་བ།
རྡོ་རྗེ།
གཅིག བོད་མིའི་ཞི་བའི་ངོ་རྒོལ་དང་རྒྱ་ནག་གཞུང་གི་དྲག་གནོན། འདི་ལོ་ནི། རྒྱ་ནག་གཞུང་གིས་བོད་ནང་བཙན་འཛུལ་དང་གདུག་རྩུབ་ཀྱི་དབང་བསྒྱུར་སྲིད་བྱུས་སྤེལ་བར་བོད་མི་ཚོས་ངོ་རྒོལ་ལས་འགུལ་རབ་དང་རིམ་པ་སྤེལ་ནས་ལོ་ངོ་དྲུག་ཅུ་དང༌། བོད་རྒྱལ་ཁབ་བཙན་འོག་ཏུ་ཤོར་བ་ནས་རྩིས་ལོ་ངོ་ལྔ་བཅུ་འཁོར་ཉེའི་མཐའ་མའི་ལོ་དང༌། རྒྱ་ནག་གཞུང་ཕྱོགས་ནས་ཕྱི་ལོ་ ༡༩༧༩ ལོའི་ལོ་མཇུག་ནས་སྤེལ་བའི་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་གྱི་ལོ་ངོ་སུམ་ཅུའི་མཐའ་མའི་ལོ། རྒྱལ་སྤྱིའི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཐེངས་ཉེར་དགུ་པ་དེ་བཞིན། འགྲོ་བ་མིའི་ཐོབ་ཐང་ཡར་སྐུལ་གྱི་དམིགས་འདུན་འོག་ནས་དམར་པོའི་རྒྱལ་ཁབ་ཆེ་ཤོས་རྒྱ་ནག་ཏུ་འཚོག་རྒྱུའི་ལོ་བཅས་ཡིན་སྟབས། བོད་དང་རྒྱ་ནག་གི་གནས་བབ་ཐད་ཞིབ་འཇུག་གནང་མཁན་མང་པོ་ཞིག་གིས། འདི་ལོ་ནི་རྒྱ་ནག་ལ་གཞི་རྩའི་འགྱུར་བ་འགྲོ་མིན་དང༌། བོད་དོན་འཐབ་རྩོད་ཀྱི་གནས་སྟངས་ལ་རྒྱལ་ཕམ་གྱི་དབྱེ་ཐག་གཅོད་པའི་ལོ་ཞིག་བཅས་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། འདི་ནི་ཉེ་བའི་ལོ་ཤས་རིང་དང་དེ་བས་ཀྱང་ཁ་སང་དེ་རིང་གི་བརྗོད་གཞིའི་ལྟེ་བ་རེད།
དུས་ཀྱི་མཚམས་ཚིགས་འདི་འདྲ་ཞིག་ལ། བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ཡོངས་རྫོགས་ནས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་མགོ་ཚུགས་ཤིང༌། དེ་ཡང་འདས་པའི་དུས་ཡུན་ནང་གདུག་རྩུབ་ཆེ་བའི་རྒྱ་ནག་གཞུང་གི་སྲིད་བྱུས་ཀྱི་མཐིལ་མཐོང་ཞིང༌། བོད་མིའི་ལས་འགུལ་ཆེ་ཕྲ་མང་པོ་རྒྱ་ནག་གཞུང་གིས་དྲག་གནོན་རབས་དང་རིམ་པ་བྱས་པའི་ངོ་རིས་དངོས་སུ་མཐོང་མཁན། ཡང་གཅིག་བཤད་ན། རྒྱ་ནག་གཞུང་གིས་བསྒྲགས་དང་སྒྲོག་མུས་ལྟར། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆའི་འོག་ཏུ་བོད་རིགས་མི་མང་ནས་བདེ་སྐྱིད་དང་འཆམ་མཐུན་གྱི་འཚོ་བ་གསར་པར་ལོངས་སུ་སྤྱད་དང་སྤྱོད་ཀྱིན་པར་ཤོད་བཞིན་པའི་གཞིས་ལུས་རྒྱ་ཆེའི་མི་མང་གིས་རང་ཉིད་ཀྱི་སེམས་འདུན་ངོ་མ་དེ་སྤོབས་པས་དྲངས་སོང་ལ། བདེན་པའི་འབོད་སྒྲ་དེ་ཡང་མགྲིན་གཅིག་དབྱངས་གཅིག་གིས་སྒྲོག་མགོ་ཚུགས་སོང་བ་འདིས། དུས་རབས་སྔ་མའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་བོད་ཀྱི་གནས་སྟངས་ལ་གཞི་རྩའི་འགྱུར་བ་ཕྱིན་འབྲེལ། བརྟན་བརླིང༌། ཡིད་ཆེས། རེ་བ་བཅས་ཀྱི་ཕྱོགས་སུ་གོམ་པ་བརྟན་པོ་སྤོས་ཟིན་པ་ནི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་ཡིན་པར་བརྒྱ་སྒྲོག་སྟོང་སྒྲོག་བྱེད་བཞིན་པ་དེ་ཡོངས་སུ་རྩབ་རལ་བཏང་སོང་སྟབས། ད་ལྟའི་དུས་མཚམས་འདིར། རྒྱ་ནག་གཞུང་གིས་བོད་མི་སྡེབ་ལངས་དང༌། ཞི་བའི་རྒོལ། བདེན་པའི་འབོད་སྒྲ་བཅས་ལ་འགྲེལ་བཤད་གཞན་ཞིག་འཚོལ་བར་ཤ་ཐང་དུ་འབད་ཀྱིན་ཡོད་པ་སྟེ། དེ་ནི། ད་རེས་ཀྱི་ཞི་རྒོལ་འདི་བཞིན་མི་ངན་ཁ་ཤས་ཤིག་གིས་སྤེལ་བ་དང༌། ཏཱ་ལའི་རུ་ཚོགས་ཀྱིས་ངན་སྐུལ་ལས་བྱུང་བ། བོད་རིགས་རྒྱ་ཆེའི་མི་མང་ནས་དེར་རྒོལ་གཏམ་གཏོང་བཞིན་ཡོད་པ་བཅས་ཀྱི་འགྲེལ་བཤད་ཅིག་ཡང་ནས་བསྐྱར་དུ་བཟློ་ཞིང་ཡོད་པ་དང༌། དེ་བས་ཀྱང་གཞི་རྒྱ་ཆེ་བའི་ད་རེས་ཀྱི་ཞི་བའི་ལས་འགུལ་འདིར། དེང་རབས་གོ་མཚོན་སྤྱད་ནས་དྲག་གནོན་ཡ་ང་བྱས་དང་བྱེད་བཞིན་པ་ལུགས་མཐུན་དུ་བསྒྱུར་ཆེད། གནད་འགག་ཅན་གྱི་མིང་ཚིག་བཞི་ཆེད་སྤྱོད་བྱེད་ཀྱིན་ཡོད་པ་སྟེ། དེ་ནི། རྡུང་བ། བཅོམ་པ། འཕྲོག་པ། བསྲེག་པ་བཅས་མི་སྤྱོད་ལས་འདས་པའི་བྱ་སྤྱོད་མངོན་མཚོན་སྟོན་བྱེད་པའི་མིང་ཚིག་དག་རེད། འདི་ལྟར་བོད་མིའི་ཞི་རྒོལ་གྱི་གནས་སྟངས་ངོ་མར་ལོག་འགྲེལ་བརྩམས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་མགོ་སྐོར་གཏོང་བཞིན་ཡོད་ནའང༌། རྒྱལ་སྤྱིའི་སྤྱི་ཚོགས་དང་འཛམ་གླིང་མི་མང་ཕལ་མོ་ཆེ་བ་བོད་མིའི་བདེན་པའི་འཐབ་རྩོད་ཀྱི་ཕྱོགས་སུ་ལངས་ཤུགས་ཀྱིས། རྒྱ་ནག་གཞུང་ལ་ཕམ་ཉེས་རབ་དང་རིམ་པ་འབྱུང་བཞིན་ཡོད་སྟབས། རྒྱ་ནག་གཞུང་གིས་ཕམ་ཉེས་དེའི་ངོ་གདོང་སྦས་སྐུང་བྱེད་པའི་ཐབས་ལམ་བཟང་ཤོས་དེ་བོད་ནང་མུ་མཐུད་དམ་དྲག་བྱེད་པ་དང༌། བོད་མིས་བོད་མིར་རྒོལ་གཏམ་གཏོང་བའི་སྲིད་བྱུས་ལག་བསྟར་གྱིས་གནས་སྟངས་ངོ་མ་རྫུན་བཟོ་དང༌། སྐབས་འཕྲལ་གྱི་གནས་ཚུལ་རིགས་ཕྱི་གྱར་མི་འགྲོ་བའི་ཐབས་ཤེས་སྤྱོད་ཀྱིན་ཡོད་ཅིང༌། ཕྱོགས་མཚུངས་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་མིའི་ཞི་བའི་ངོ་རྒོལ་གྱི་ཐོབ་ཐང་རྡོག་རོལ་གཏོང་བ་དང་དྲག་གནོན་བྱེད་པ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་ནར་མར་གནང་བཞིན་པ་དེར་ཡང༌། རྒྱ་ནག་གི་ནང་སྲིད་ལ་རྒྱལ་ཁབ་དང་ཚོགས་སྡེ་མི་སྒེར་སུ་ཞིག་ཀྱང་ཐེ་བྱུས་བྱ་དབང་མེད་པའི་ལན་འདེབས་བྱས་དང་བྱེད་ཀྱིན་ཡོད། འདི་ལྟར་བོད་དོན་ནི་ཁ་སང་དེ་རིང་གི་རྒྱལ་སྤྱིའི་གླེང་གཞི་ཆེ་ཤོས་ཆགས་ཡོད་ནའང༌། རྒྱ་ནག་གཞུང་གི་དྲག་གནོན་གྱི་འོག་ན་བོད་མིའི་ཚོ་སྲོག་མུ་མཐུད་ཤོར་བཞིན་ཡོད།
གཉིས། བོད་མིའི་ཞི་བའི་འོས་ལངས་ཀྱི་གཞི་རྩའི་རྒྱབ་ལྗོངས།
རྒྱ་ནག་གཞུང་གིས་ཐོག་མར་བོད་སར་བཙན་འཛུལ་བྱེད་སྐབས་ཀྱི་བརྒྱུད་རིམ་ནང༌། མགོ་སྐོར་གཏོང་བ་དང༌། དྲག་ཤུགས་སྤེལ་མར་སྤྱད་ནས་བོད་ས་ཧམ་བཟུང་བྱས་ཤིང༌། མུ་མཐུད་སྟངས་འཛིན་གྱི་བརྒྱུད་རིམ་ནང་དུའང༌། མགོ་སྐོར་དང་དྲག་སྤྱོད་སྤེལ་མར་སྤྱོད་པའི་སྲིད་བྱུས་སྤེལ་ཡོད་པ་ཡིན་སྟབས། བོད་མིའི་ཡིད་ཆེས་འདྲེན་ཐུབ་མེད་ལ། བོད་མི་ཚོས་ཀྱང་རྒྱ་ནག་གཞུང་ལ་ཡིད་ཆེས་དང་བློས་འགེལ་བྱེད་ཐུབ་མེད། འདི་ནི་འགལ་ཟླར་གྱུར་པའི་བསམ་བློ་གཉིས་རེད་ལ། རྒྱ་ནག་གཞུང་གིས་ནི་བོད་མི་རིགས་ཀྱིས་རྒྱ་ནག་གཞུང་ལ་ཡིད་ཆེས་བློས་འགེལ་དང༌། རྒྱ་ནག་གཞུང་གིས་ཀྱང་བོད་མིའི་བདེ་སྡུག་ཆ་ཚང་ལ་འགན་ལེན་གཙང་མ་བྱས་དང་བྱེད་བཞིན་ཡོད་པར་ཤོད་བབ་དེ་བཞིན་བདེན་མིན་ཐད་ལན་འདེབས་བྱས་པ་གསལ་ཤོས་རེད། ཁ་གསལ་དུ་བཏང་ནས་བཤད་ན། རྒྱ་ནག་གཞུང་གིས་བོད་ཀྱི་སྣོད་བཅུད་གཉིས་ཀ་རྩ་མེད་བཟོ་བའི་སྲིད་བྱུས་མང་པོ་ཞིག་ལག་བསྟར་བྱས་པ་དེས། བོད་མིའི་སེམས་ངོར་རང་ཉིད་བལྟས་བལྟས་རིག་རིག་ལ་འཇིག་ཉེར་གཏུག་པའི་ངོས་འཛིན་སླེབས་ཤིང༌། ངོས་འཛིན་དེ་ནི་ད་རེས་ཆོལ་གསུམ་བོད་མི་སྡེབ་ལངས་ཀྱིས་ཞི་བའི་ངོ་རྒོལ་ལས་འགུལ་སྤེལ་བའི་རྒྱབ་ལྗོངས་རེད།
ལོ་ངོ་དྲུག་ཅུ་ལབ་ནའང་འདྲ། ལོ་ངོ་ལྔ་བཅུ་ལབ་ནའང་འདྲ། གུང་ཁྲན་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་གང་ཞིག་གི་ཁྱད་ཆོས་ལྡན་པའི་བོད་ཡིན་ནའང་འདྲ། ད་ལྟའི་མི་རབས་ཀྱི་དབང་དུ་བྱས་ནས་བལྟས་པ་ཡིན་ན། དམར་པོའི་དར་དམར་འོག་ནས་འཚར་ལོངས་བྱུང་བའི་མི་གྲངས་ཀྱིས་ཆོལ་གསུམ་བོད་མིའི་བརྒྱ་ཆ་དགུ་བཅུ་ཟིན་ཡོད་པ་ཡིན་སྟབས། དངོས་ཡོད་ཀྱི་གནས་སྟངས་ལ། རྒྱ་ནག་གཞུང་གིས་ད་ལྟའི་བོད་ཁམས་ཀྱི་ཡིད་ཆེས་འདྲེན་ཐུབ་དགོས་པ་ཡིན་ནའང༌། ཡིད་ཆེས་འདྲེན་ཐུབ་རྒྱུའི་ཚབ་ཏུ་བོད་མི་ཚོས་རྒྱ་ནག་གཞུང་གི་སྲིད་བྱུས་དང་རྒྱབ་ཀྱིས་ཕྱོགས་པའི་རེ་འདུན་གཞན་ཞིག་འདོན་བཞིན་ཡོད། འདས་པའི་དུས་ཡུན་ནང༌། རང་བཙན་གྱི་སྐད་འབོད་བྱེད་མཁན་མང་པོ་དམར་གསོད་དང་བཙོན་འཇུག་གིས་བོད་མིའི་སེམས་འདུན་ངོ་མ་རྩ་མེད་གཏོང་རེ་བྱས་ཡོད་ལ། ཆུང་ས་ནས་བཤད་ན། གོང་ས་མཆོག་གི་སྐུ་དཔར་ཚུན་དམ་དྲག་གི་སྲིད་བྱུས་སྤེལ་ཡོད། ཐབས་བྱུས་འདི་ཚང་མར་ལོ་རྒྱུས་ཀྱི་དོན་སྙིང་རེ་ཡོད་པར་ཤོད་ཀྱི་ཡོད་ནའང༌། ཆོལ་གསུམ་བོད་མི་སྡེབ་ལངས་ཀྱི་ཞི་རྒོལ་འདིས་ཐབས་བྱུས་དེ་དག་ཡོངས་སུ་ཕམ་ཉེས་བཏང་ཡོད།
བོད་ཀྱི་སྤྱི་ཚོགས་བསམ་བློའི་ངོས་ནས་བཤད་ན། རྒྱ་ནག་གཞུང་གིས་བོད་རྒྱལ་ཁབ་བཙན་བཟུང་བྱས་པ་དེ་ཤེད་ནས་བོད་མིའི་སེམས་ངོར་རྒྱལ་ཞེན་གྱི་རི་མོ་འབུས་མགོ་ཚུགས་ཤིང༌། ཅི་ཙམ་གདུག་རྩུབ་ཀྱི་སྲིད་བྱུས་སྤེལ་བ་དེ་ཚོད་ཀྱིས་བོད་མིའི་རྒྱལ་ཞེན་གྱི་རི་མོ་ཇེ་གསལ་དུ་འགྱུར་མགོ་ཚུགས། འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་ནས་བཟུང༌། མི་རེའི་སེམས་ངོའི་རྒྱལ་ཞེན་གྱི་རི་མོ་དེ་ཐུན་མོང་གི་རྒྱལ་ཞེན་རི་མོའི་ངོ་བོར་འཕོས་ཤིང༌། ངར་ཤུགས་འདིས། ཁྲག་མདོག་གི་དར་ཆ་དམར་པོ་དེ་མར་ཕབ་ནས་བོད་རྒྱལ་ཁབ་ཀྱི་དར་ཆ་དེ་བོད་མིའི་གནམ་འོག་གང་ས་ནས་དགུང་དུ་བསྒྲེངས་སོང༌། འདི་ནི་དུས་རབས་སྔ་མའི་དུས་དཀྱིལ་དུ། རྒྱ་ནག་དམར་ཤོག་གིས་བོད་ཁམས་ཁྲག་གིས་བརྫིས་པའི་ཤུལ་རྗེས་གཙང་བཀྲུ་བྱས་པའི་ལས་འགུལ་ཞིག་གི་ཐོག་མའི་རྔམ་ཟིལ་རེད། ལས་འགུལ་འདིའི་ཁྲོད་ནས། བོད་མི་མང་པོ་དམར་གསོད་བྱས་སོང་ལ། བོད་མི་མང་པོ་བཙོན་འཇུག་བྱས་སོང༌། བོད་ཁམས་ཡོངས་རྫོགས་མེ་མདའི་སོ་ཁུང་ལ་དྲངས་སོང༌། ཡིན་ནའང༌། མནན་པས་མི་མནོན་པ། བཀབ་པས་མི་ཁོབས་པ། བསད་པས་མི་ཤི་བ་བཅས་ཀྱི་སྟོབས་རྩལ་ཡོངས་སུ་རྒྱས་པའི་ངར་ཤུགས་འདི། ཉིན་མཚན་མེད་པར་མེ་བཞིན་འབར་གྱིན་འདུག་ལ། ཉིན་རེ་ནས་ཉིན་རེར་འབར་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ནའང༌། རྒྱ་ནག་གཞུང་གིས་ནི་ད་དུང་ཡང་བོད་མིའི་རེ་འདུན་ལྟེ་བར་བདག་སྤྲོད་ཀྱི་རྣམ་འགྱུར་སྟོན་རྒྱུའི་ཚབ་ཏུ། བོད་ཀྱི་བླ་སྤྲུལ་ཁག་ཅིག་བེད་སྤྱད་ནས་བོད་མིས་བོད་མིར་ཁ་རྡུང་གཏོང་བ་དང༌། བོད་མིས་བོད་མིར་ཁ་གཏད་གཅོག་པའི་ཐབས་རྩལ་གྱི་ལམ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་མགོ་སྐོར་གཏོང་བཞིན་ཡོད། བོད་མི་ཚོར་མཚོན་ན། འདས་པའི་དུས་ཡུན་ནང་རྒྱ་ནག་གི་དབང་བསྒྱུར་འོག་ནས་རང་ཉིད་གསོན་པའི་རེ་བ་བརླག་པའི་ངོས་འཛིན་གསལ་པོ་ཐོབ་པ་དང༌། བོད་མིའི་གནམ་འོག་འདི་བཞིན་བོད་མི་རང་ལ་མ་དབང་བར་དུ་ཆོས་དང་རིག་གཞུང་སླར་གསོའི་རེ་བ་བྱ་ཡུལ་གཞན་མ་རྙེད་པའི་མཐའ་འབྲས་ཀྱིས་བསླངས་པའི་རེ་འབོད་མཐར་ཐུག་པ་རེད། ལས་འགུལ་འདི་ལྟར་མགོ་ཚུགས་པ་ནས། རྒྱ་ནག་གཞུང་གིས་གསོད་པ་དང༌། གཏུབ་པ། འཛིན་པ་དང་བཙོན་འཇུག་བཅས་ཀྱི་བྱ་ཐབས་མང་པོ་ཞིག་ལག་བསྟར་བྱེད་བཞིན་པ་འདིས། བོད་མིའི་སེམས་ཁོང་གི་མཐའ་མའི་རེ་འབོད་ལ་ངོས་འཛིན་སླེབས་རྒྱུའི་ཚབ་ཏུ། ཡོངས་སུ་རྩ་མེད་བཟོ་བའི་རྣམ་འགྱུར་ཕྱི་གསལ་ནང་གསལ་གྱིས་བསྟན་སོང་བ་འདིའི་ངོས་ནས་བལྟས་པས། ད་ནི་བོད་མིའི་ཞི་རྒོལ་གྱི་ལས་འགུལ་འདི་བཞིན་མུ་ནས་མུ་མཐུད་དེ་མི་རབས་ནས་མི་རབས་བར་སྤེལ་བའི་ཆོད་སེམས་ཇེ་བརྟན་དུ་བཏང་བ་རེད་ལ། ཅི་སྟེ་རྒྱ་ནག་གཞུང་གིས་བོད་མིའི་སེམས་ངོར་ཡིད་ཆེས་བསྐྲུན་འདོད་ཀྱིས་བསླངས་པའི་ངོས་འཛིན་སླེབས་པའི་དབང་དུ་བྱས་ནའང༌། དུས་རབས་ཕྱེད་ཀ་དང་མི་རབས་གཅིག་གི་དུས་ཡུན་ཕྱིན་པའི་རྗེས་དེར་གཞི་ནས་ཚོད་དཔག་ཅིག་གི་མགོ་ཚུགས་ཐུབ་ན་ལས་གཞན་གྱི་རེ་བ་མེད་སོང་བ་འདི་ཡང་ལས་འགུལ་འདི་མེ་བཞིན་འབར་ཤུགས་ཆེ་རུ་འགྲོ་གཞི་གཅིག་རེད།
གསུམ། བོད་རྒྱ་གཞུང་གཉིས་ནས་བོད་དོན་ལ་ལྟ་སྟངས།
རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པ་ནས་རྩིས་པ་ཡིན་ན། ད་རེས་ཀྱི་ལས་འགུལ་འདི་ལྟ་བུ་ཞིག་སྤེལ་མྱོང་མེད་པ་རེད་ལ། གཞི་རྒྱ་ཆེ་བའི་ལས་འགུལ་འདི་བརྒྱུད་ནས་རྒྱ་ནག་གཞུང་གིས་བོད་མིའི་རེ་འདུན་ངོ་མ་གང་ཡིན་གསལ་རྟོགས་དང་ཐག་གཅོད་ཡང་དག་གནང་བའི་རེ་བ་དང་ཡིད་ཆེས་བྱེད་མཁན་ཡང་མང་པོ་ཡོད་པ་རེད། ཕྱོགས་མཚུངས་བཙན་བྱོལ་བོད་གཞུང་གི་ངོས་ནས་ད་རེས་ཀྱི་ལས་འགུལ་འདིའི་མགོ་འཇུག་བརྒྱུད་རིམ་ལ་རྒྱ་ནག་གཞུང་གིས་བདེན་པ་བདེན་དྲང་གིས་ཞིབ་འཇུག་དང་རྒྱུས་ལོན་ཡང་དག ངོས་འཛིན་མ་ནོར་བ་བཅས་བྱེད་པའི་རེ་བ་དང༌། ཞི་བའི་མང་ཚོགས་སྟེང་དྲག་སྤྱོད་སྤེལ་བཞིན་པ་མཚམས་འཇོག་བྱེད་པའི་རེ་འདུན་དང་སྦྲགས་ནས། དྲག་གནོན་གྱིས་གནད་དོན་གང་ཡང་འཕྲལ་ཕུགས་ཆོད་པའི་ཐག་གཅོད་ཡོང་རེ་མེད་པའི་གནས་ལུགས་ངོ་མ་ཞིག་བགྲངས་ཏེ། བོད་དོན་ནི་དུས་ནམ་ཡང་གཡོལ་ཐབས་ཀྱི་ལམ་ནས་ཡལ་འགྲོ་བ་ཞིག་མིན་པའི་གནས་སྟངས་ཤིག་གསལ་སྟོན་གནང་གིན་ཡོད་པ་རེད་དེ། རྒྱ་ནག་གཞུང་གིས་ནི། དེང་རབས་ཀྱི་གོ་མཚོན་སྤྱད་ནས་བོད་མིའི་ཚེ་སྲོག་ལ་མུ་མཐུད་ཚུར་རྒོལ་བྱེད་བཞིན་ཡོད་པ་དང༌། ཉེས་ས་ནས་བཤད་ན། བོད་མི་ཞི་རྒོལ་བ་དམར་གསོད་ཀྱི་གྲངས་ཀ་ཉིན་རེར་འཕར་བཞིན་པ་དང༌། འཛིན་བཟུང་གི་གྲངས་འབོར་ཉིན་རེར་འཕར་བཞིན་པའི་ངོས་དེ་ཡང་མུ་མཐུད་གསང་རྒྱ་བྱེད་བཞིན་ཡོད། གནད་འགག་གི་དྲི་བ་ནི། རྒྱ་ནག་གཞུང་གིས་བོད་མིའི་སྤྱི་ཚོགས་ཀྱི་བདེ་འཇགས་སྲུང་སྐྱོབ་དང་ཁ་བྲལ་སྟོབས་ཤུགས་ཕམ་ཉེས་གཏོང་བའི་འགྲེལ་བཤད་ཀྱི་འོག་ནས་བོད་མི་དམར་གསོད་གཏོང་གིན་ཡོད་པ་དང༌། བོད་གཞུང་གིས་རྒྱ་ནག་གཞུང་ནས་བོད་མིའི་ཞི་བའི་ངོ་རྒོལ་ལ་དྲག་གནོན་མཚམས་འཇོག་གི་འབོད་སྐུལ་བྱེད་པ་གཉིས་ཀྱི་གང་གི་ཕྱོགས་སུ་རྒྱལ་སྤྱིའི་མི་མང་ལངས་ཀྱི་ཡོད་པ་དེས་བཟང་ངན་གྱི་དབྱེ་བ་ཞིག་ཕྱེས་ཡོད་བཞིན་དུའང༌། རྒྱ་ནག་གཞུང་གིས་གནས་སྟངས་ངོ་མའི་རྒྱབ་མདུན་མིག་སྟོན་མི་ཐུབ་པ་དེའི་གནད་འགག་བསྔོགས་པར་ཐབས་ལམ་གང་ཡོད་མེད་དེ་རེད།
རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་འདི་སེལ་འདོད་ཡེ་ནས་མེད་པ་ཡིན་ནམ། ད་ལྟའི་གནས་སྐབས་སུ་སེལ་ཐབས་ཡེ་ནས་མེད་པ་ཡིན་ནམ། དུས་མཚམས་འདི་འདྲ་ཞིག་ལ། ཉེ་བའི་ལོ་ཤས་རིང་བོད་རྒྱ་ཕན་ཚུན་བར་ཐེངས་དྲུག་གི་མཇལ་འཛོམས་བྱུང་བ་དེས། གནད་དོན་ངོ་མའི་སྟེང་གོམ་བསྐྱོད་གྲུབ་འབྲས་གང་ཡང་སོན་མེད་པ་དེ་ཕྱིར་བསྒྲགས་གནང་སོང༌། རྒྱ་ནག་གི་ངོས་ནས་གནད་འགག་གི་ལོ་དང༌། བོད་དོན་འཐབ་རྩོད་ཀྱི་ངོས་ནས་གནད་འགག་གི་ལོ་ཡིན་པའི་འདི་ལོའི་ཟླ་བ་གསུམ་རྫོགས་སོང་ལ། པེ་ཅིན་ཨོ་ལིམ་ཕིག་གི་རྩེད་འགྲན་ཆེན་མོའང་ཟླ་བ་ལྔ་ཡིས་ཟིན་ཉེར་གཏུགས་སོང༌།
དུས་སྐབས་གནད་འགག་ཅན་ཡིན་མིན་གང་ལྟར། ༡༩༧༩ ལོའི་ལོ་མགོ་སྟེ་རྒྱ་ནག་གཞུང་གིས་བཅོས་སྒྱུར་སྒོ་འབྱེད་ཀྱི་གཞི་རྩའི་རྩ་སྒྲོམ་གཏན་ལ་འཁེལ་ཉེའི་མཚམས་སུ། གོང་ས་ཏཱ་ལའི་བླ་མ་མཆོག་ཕྱིར་ལོག་ཐུབ་པའི་བརྩོན་ལེན་བྱ་རྒྱུར་གལ་ཆེའི་སྙིང་དོན་ཡོད་པའི་ངོས་འཛིན་སླེབས་སྟངས་ལ་རྒྱུ་མཚན་ཆེ་བ་བཞི་བཀོད་པ་ནི། བོད་ལྗོངས་ཀྱི་བདེ་འཇགས་དང་མི་རིགས་གཅིག་གྱུར། བོད་མི་རྣམས་ཀྱི་བསམ་པ་ཕྱི་ལོགས་སུ་མ་ཕྱོགས་པར་ནང་ལ་ཕྱོགས་ཐུབ་པར་ཕན་ཐོགས་ཡོད་པ། གལ་སྲིད་ཏཱ་ལའི་ཕྱིར་ལམ་སེང་ལོག་མ་ཐུབ་རུང་རུའུ་སུའུ་ཕྱོགས་ལ་མ་ཕྱོགས་པའི་སྔོན་འགོག་ཐུབ་པ། ཁ་བྲལ་གྱི་བྱ་བ་རྩོམ་རྒྱུར་སྔོན་འགོག་ཐུབ་པ་བཅས་རེད། དེ་དང་ཕྱོགས་མཚུངས་ཏིན་ཞོ་ཕིན་གྱིས་བོད་རང་བཙན་མ་ཡིན་པའི་དོན་གནད་གང་ལའང་གྲོས་མོལ་བྱེད་ཆོག་པའི་ཆ་རྐྱེན་དེའི་འོག་ནས་བོད་རྒྱ་ཕན་ཚུན་བར་འབྲེལ་བ་བྱུང་ཡོད་པ་རེད་དེ། ཧུའ་ཡོ་པང་གི་ཚིག་ཐོ་སོགས་རྒྱ་ནག་གི་ཡིག་ཆ་མང་ཆེ་བའི་ནང་བོད་དོན་ནི་གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་ཞིག་ཏུ་ངོས་འཛིན་བྱས་ཡོད་པ་རེད། འདི་ནི་བོད་རྒྱ་ཞི་མོལ་ལ་ཆད་མཐུད་མང་པོ་ཡོང་གཞི་རེད་ལ། ཡང་གཅིག་བཤད་ན། བོད་མིའི་སེམས་ངོའི་རྨ་ཁ་ཇེ་ཆེར་འགྲོ་གཞི་ཡང་རེད། དོན་དངོས་ཀྱི་ཆ་ནས་བྱས་ན། རྒྱ་ནག་གཞུང་གིས་བོད་དོན་འདི་བཞིན་གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་ཞིག་ལ་ཁ་བསྒྱུར་བྱེད་པའི་སྲིད་བྱུས་དེ་མཚམས་བཞག་མྱོང་མེད།
དེ་ནི་ཕྱི་ལོ་ ༡༩༧༩ ལོའི་ཟླ་དང་པོར། ཏིན་ཞོའོ་ཕིན་གྱིས། བོད་རང་བཙན་གྱི་གནད་དོན་དེ་ང་གཅིག་པུ་མ་ཡིན་པར། མ་འོངས་པར་རྒྱ་ནག་གི་གཙོ་འཛིན་སུ་ཡིན་རུང་བོད་ལ་རང་བཙན་སྤྲོད་རྒྱུའི་ཐབས་ཤེས་ཡོད་པ་མ་རེད། རང་བཙན་ཕར་ཕུད་པའི་སྐད་ཆ་གཞན་གང་ཡིན་རུང་བཤད་ཆོག་གི་རེད་ཅེས་པའི་ཆ་རྐྱེན་བཏོན་པ་དེ་མཚམས་དང་དེ་རྗེས་ཀྱི་ཕྱི་ལོ་ ༡༩༧༩ ལོར་རྒྱ་ནག་དབུས་ཆབ་སྲིད་ཅུས་ཀྱིས་འཐབ་ཕྱོགས་གཅིག་གྱུར་གྱི་འབྲེལ་ཡོད་ལས་ཁུངས་ཁག་ལ་འགྲེམས་སྤེལ་བྱས་པའི་ཡིག་ཆ་དོན་ཚན་བཞི་ཅན། ཕྱི་ལོ་ ༡༩༨༠ ལོའི་ནང་ཧུའུ་ཡའོ་པཱང་གིས་སྤེལ་བའི་ཚིག་ཐོ་དོན་ཚན་ལྔ་ཅན། ཕྱི་ལོ་ ༡༩༨༤ ལོའི་ནང་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་ཅང་ཕིན་གྱི་ཚིག་ཐོ་དོན་ཚན་བརྒྱད་ཅན། ཕྱི་ལོ་ ༡༩༨༧ ལོར་པེ་ཅིང་གཞུང་གིས་སྤེལ་བ་ཞི་བའི་གྲོས་འཆར་དོན་ཚན་ལྔ་ལ་ངོས་ལེན་མེད་པའི་གསལ་བསྒྲགས་ཡིག་ཆ། ཕྱི་ལོ་ ༡༩༨༧ ལོའི་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་འཛིན་ཡན་མིང་ཕུས་བཙན་བྱོལ་གཞུང་ལ་ཕུལ་བའི་ཚིག་ཐོ་དོན་ཚན་ ༡༤ ཅན་བཅས་ལ་ཞིབ་ཀྱིས་དཔྱད་པ་ཡིན་ན། རྒྱ་ནག་གཞུང་གི་ངོས་ནས་བོད་དོན་ཐག་གཅོད་ལ་ལྷག་བསམ་རྣམ་དག་གི་ལག་པ་བསྟན་མེད་ལ། སྟོན་མ་ཐུབ་པ་དེ་ཡང༌། བོད་འདི་ལོ་རྒྱུས་ཀྱི་ངོས་ནས་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང༌། བོད་མིའི་རིག་གཞུང་གིས་བསྐྲུན་པའི་སེམས་ཁམས་དེ་ནག་བསུབ་གཏོང་ཐབས་ཁྱོན་ནས་མེད་པ་དང༌། མ་འོངས་པར་རང་བཙན་གྱི་དགོས་འདུན་ལ་ལག་པ་འཆང་བའི་ཐོབ་ཐང་ཆ་ཚང་བོད་མིར་ཡོད་པ་དེ་ཤེས་སོང་བས་རེད་ལ། ད་ལྟའི་དགོས་འདུན་ཚད་མཐོའི་རང་སྐྱོང་གི་ངོས་ནས་བཤད་ནའང༌། རྒྱ་ནག་གཞུང་གིས་བོད་རིགས་མི་མང་གི་ཡིད་ཆེས་ཆ་ཚང་འདྲེན་པའི་རྨང་གཞི་བསྐྲུན་ཐུབ་པ་ཞིག་བྱུང་མེད་སྟབས། བོད་དོན་ཐག་གཅོད་ཐད་གཡོལ་ཐབས་ཙམ་གྱི་སྲིད་བྱུས་ལས་སྤེལ་ཐུབ་མེད། དོན་དངོས་སུ་ན། རྒྱ་གཞུང་གི་ངོས་ནས་བོད་དོན་ནི་ངང་སྒུག་གིས་གཞི་ཡལ་དུ་འགྲོ་བར་ཡིད་ཆེས་དང་དེའི་ལྟ་སྟངས་ཤིག་གི་འོག་ནས་ནང་འགྱངས་བྱེད་པ་རྩ་དོན་དུ་བཟུང་ཡོད། འདི་ནི་བོད་དང་རྒྱ་ནག་གཉིས་བར་ཞི་བའི་གྲོས་མོལ་གྱི་ལམ་ཁ་ཞིག་གི་ལོ་རྒྱུས་ལས། དེར་གྲུབ་འབྲས་ཀྱི་རིམ་པ་ཞིག་བསྟན་དུ་མེད་སོང་བའི་གནད་འགག་ཐུག་ས་རེད།
བཞི། ཆོལ་གསུམ་བོད་མིའི་ཞི་རྒོལ་མེ་རླབས།
བོད་ཀྱི་ལོ་རྒྱུས་ནང་གཞི་རྒྱ་ཆེ་ཤོས་ཡིན་པའི་ད་རེས་ཀྱི་ཞི་བའི་འོས་ལངས་འདི་ནི། གཞི་རྩ་བརྟན་པའི་ལས་འགུལ་ཞིག་ཆགས་ཡོད་པ་སྟེ། ད་རེས་ཀྱི་ལས་འགུལ་འདིའི་སྣེ་འཁྲིད་གཙོ་བོ་ནི་དགོན་སྡེ་ཁག་གི་གྲྭ་བཙུན་དང༌། སྐྱ་བོ་ཤེས་ཡོན་པའི་དཔུང་ཁག་གིས་བྱས་དང་བྱེད་ཀྱིན་ཡོད་ཅིང༌། དེ་ནི་བོད་མི་རིགས་རིག་གཞུང་དང་བཅས་པ་གནས་ཐུབ་མིན་གྱི་སྤྱི་ཚོགས་རྨང་གཞི་ཡོད་ན་མེད་ན་དེ་རེད། ད་དུང་ཞིབ་ཀྱིས་དཔྱད་པ་ཡིན་ན། ད་རེས་ཀྱི་ལས་འགུལ་ནང་ཤེས་ཡོན་པའི་སྡེ་དང༌། མང་ཚོགས་དཀྱུས་མའི་སྡེ། བོད་མི་གུང་ཁྲན་ཏང་ཡོན་གྱི་སྡེ། ལས་བྱེད་དང་བཟོ་བ། ཐ་ན་བོད་རིགས་དམག་མི་དང་ཉེན་རྟོག་མི་སྣ་གང་འཚམ་གྱིས་ཀྱང་མི་མང་གི་ཞི་རྒོལ་ལ་རམ་འདེགས་ཀྱི་ནུས་པ་སྤེལ་ཡོད་པ་ཡིན་སྟབས། དཔྱད་ཞིབ་པ་མང་པོས་གཞི་རྩ་བརྟན་པའི་ལས་འགུལ་ཞིག་ཏུ་ངོས་འཛིན་བྱེད་བཞིན་པར་རྒྱུ་མཚན་མེད་པ་མ་རེད།
ད་ལྟའི་གནད་དོན་ནི། རྒྱ་ནག་གཞུང་གིས་ཞི་རྒོལ་ལ་དྲག་གནོན་གྱི་ཐབས་ཤེས་སྤྱོད་བཞིན་ཡོད་ནའང༌། བོད་མི་རྣམས་མུ་མཐུད་ལངས་བཞིན་པ་འདི་རེད། གདོང་ཐུག་འདི་ལྟ་བུ་ཞིག་བརྒྱབ་པའི་མཐའ་མ་དེར། བོད་མིའི་ཞི་རྒོལ་གྱི་ཕྱོགས་ངོས་མང་པོ་ཞིག་ནག་སུབ་ཕྱིན་པ་ཡིན་ན། དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལ་འགན་ཡོད་པ་ཞིག་རེད་ལ། དེ་རིང་ཁ་སང་བོད་ནང་ཕྱོགས་ཡོངས་ནས་དམ་དྲག་གི་སྲིད་བྱུས་སྤེལ་བཞིན་པའི་དོན་གྱི་གཟས་ས་ངོ་མ་དེ་ཡང་གནས་ཚུལ་མང་པོ་ཞིག་ཕྱི་གྱར་སྔོན་འགོག་གི་ཆེད་དུ་ཡིན་སྟབས། བོད་མིའི་སྤྱི་ཚོགས་བདེ་འཇགས་ཀྱི་ཆེད་དུ་ཡིན་པའི་འགྲེལ་བཤད་ཙམ་གྱིས་ཡོངས་སུ་བཀག་སྡོམ་བྱེད་པའི་གནས་སྟངས་འདིར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་བལྟ་དགོས་ཤིང༌། བལྟས་ནས་མཐོང་ཐུབ་དགོས་པའི་གནད་དོན་ཀྱང་རེད།
གནས་སྟངས་འདི་འདྲ་ཞིག་ལ་གྱར་བའི་བརྒྱུད་རིམ་འཚོལ་སྐབས། མངོན་གསལ་ཆེ་ཤོས་ནི། རྒྱ་ནག་གཞུང་གི་དྲིལ་སྒྲོག་ཡིག་རིགས་ནང༌། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ནི། བདེ་སྐྱིད། འཆམ་མཐུན། གོང་འཕེལ་བཅས་ཀྱི་བོད་ལྗོངས་ཤིག་ཡིན་རབས་དང༌། དེ་བས་ཀྱང༌། ཉེ་བའི་ལོ་ངོ་བཅུ་དགུའི་རིང་གི་བོད་ཀྱི་བརྟན་བརླིང་ནི་གཞི་རྩ་ངེས་ཅན་དང་རྨང་གཞི་ངེས་ཅན་ཡོད་པའི་བརྟན་བརླིང་ཞིག་ཡིན་པའི་ངོས་འཛིན་བྱས་པ་དེ་དང༌། བོད་ཀྱི་གནས་སྟངས་ངོ་མ་གཉིས་ནི་འགལ་ཟླར་གྱུར་པའི་གནས་སྟངས་གཉིས་ཡིན་པ་དང༌། ཆོས་དད་རང་དབང་གི་གོ་སྐབས་མང་པོ་ཞིག་བཙན་འཕྲོག་བྱས་པ་དང༌། འདྲ་བཟོ་རྫུན་སྒྲོག་གིས་གནས་སྟངས་ངོ་མ་རྒྱས་འགེབས་བྱེད་ཤུགས་ཆེ་རུ་བཏང་བ་སོགས་ཀྱིས་བོད་མིའི་སེམས་ཁོང་གི་རྒྱལ་ཞེན་རི་མོ་དེ་ཕྱིར་མངོན་ཐེངས་ཤིག་བྱས་པ་རེད་ལ། གཞི་རྩའི་དགོས་འདུན་དང་མི་འཚམ་པའི་སྲིད་བྱུས་མང་པོ་ཞིག་གིས་བོད་མིའི་བདེ་སྡུག་ངོ་མར་ངོས་འཛིན་དང༌། བདག་སྤྲོད་ཀྱི་རེ་བ་ཡོངས་སུ་ཤིར་བཅུག་པ་ནི་ད་རེས་ཀྱི་ཞི་རྒོལ་ལས་འགུལ་འདིར་ཤུགས་རྐྱེན་ཆེ་ཤོས་རེད།
རྒྱུ་མཚན་དང་རྒྱབ་ལྗོངས་འདི་འདྲ་ཞིག་བརྒྱུད་ནས་ད་གཟོད་ཆོལ་གསུམ་བོད་མིའི་མངོན་འདོད་གཞི་གཅིག་ཏུ་འཁྱིལ་བ་རེད་ལ། བཟོད་བསྲན་དང་ངང་སྒུག་གི་དུས་ཚོད་ཀྱིས་གཏུགས་ནས་འདི་ལྟར་མེ་བཞིན་འབར་དགོས་བྱུང་བ་རེད། ད་ནི་ཆོལ་གསུམ་བོད་མི་ཡོད་དོ་ཅོག་མི་རིགས་རིག་གཞུང་དང་བཅས་པ་གསོན་གནས་ཀྱི་མདུན་ལམ་སྣེ་མོར་ལྷན་འཛོམས་བྱུང་སོང་སྟབས། རྒྱ་ནག་དམར་ཤོག་དབང་འཛིན་པ་ཚོའི་རྨི་ལམ་སྐྱིད་པོ་དེ་ཡོངས་སུ་མཇུག་བསྒྲིལ་བའང་དུས་ཀྱིས་གཏུགས་སོང༌། དེ་བས་ཀྱང་ད་རེས་ཀྱི་ཆིག་སྒྲིལ་འདི་བཞིན་མངོན་འདོད་གཅིག་གི་འོག་ནས་བྱུང་བ་འདིས། བོད་མིའི་བདེན་དོན་འཐབ་རྩོད་ནི་མི་རབས་ནས་མི་རབས་དང་དུས་རབས་ནས་དུས་རབས་ཀྱི་བར་དུ་རྩོམ་པའི་ཚེ་སྲོག་ཡོངས་སུ་རྒྱས་ཟིན་པའི་ངོས་ཤིག་གསལ་སྟོན་གནང་བའང་ཡིན་པ་དེ་བས་ན། ད་ནི་རྒྱ་ནག་གཞུང་གིས་བོད་དོན་བདེན་པའི་འཐབ་རྩོད་འདི་བཞིན་སྐབས་འཕྲལ་གྱི་དགོས་མཁོ་ཙམ་ཆེད་གཉེར་གྱིས་དྲག་གནོན་བྱེད་པའི་དུས་ཚོད་མ་ཡིན་པར། བོད་མིའི་མངོན་འདོད་ལྟེ་བ་ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་ཚད་མཐོའི་རང་སྐྱོང་གཞི་ལ་བཞག་སྟེ་གཉིས་སྨན་དབུ་མའི་ལམ་ནས་བོད་དོན་ཐག་གཅོད་བྱ་རྒྱུའི་གོ་སྐབས་ཡག་ཤོས་རེད་དེ། རྒྱ་ནག་གཞུང་གིས་ད་དུང་ཡང་བོད་མིའི་རེ་འདུན་ལ་བདག་སྤྲོད་བྱེད་ཀྱི་མེད། འདི་ནི། ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་བ་དེ་སྲིད་དུ་བོད་མིའི་ཞི་བའི་ངོ་རྒོལ་མུ་མཐུད་སྤེལ་ཤུགས་ཀྱི་འབྱུང་ཁུངས་རེད་ལ། མུ་མཐུད་མེ་ལྟར་འབར་བཞིན་པའང་བོད་མི་ཚོར་གནས་བབ་དང་དུས་ཚོད་གཉིས་ཀས་གཏུགས་པས་ཡིན་པར་མཐོང་ངོ༌།། བོད་རྒྱལ་ལོ།།
༢༠༠༨།༣།༢༤ ཉིན་ཐོག་མའི་མ་ཟིན་བཏབས།
༢༠༠༨ །༣།༢༥ ཉིན་མཐའ་མའི་ཞུས་དག་གྲུབ།