བོད། ལྷ་ཀླུ་གཉན་གསུམ།
ད་ལྟ་དེ་རིང་ནི་ཨེས་སུ་རལ་གྱི་རྒྱལ་ས་རྗོ་སུ་ལམ་གྱི་འགྲམ་གྱི་གྲོང་བརྡལ་ར་མོ་ཀྲི་ན། ངས་རང་གི་གཅེས་པའི་བུ་དང་བུ་མོ་ཁྱེད་གཉིས་ལ་རང་ཉིད་བོད་མི་རིགས་ཀྱི་ཉེན་འཕྲེང་གི་དུས་ཚོད་འདི་ཉིད་ལ་ཕོ་ཉྭ་ཞིག་བྱེད་དུ་འགྲོ་བར་སེམས་ཐག་བཅད་ཚར་བའི་རྗེས་ཡིན། ད་ལྟ་དགོང་མོའི་ཆུ་ཚོད་དགུ་དང་སྐར་མ་ཉེར་གཉིས་རེད། སྙིང་གི་གཅེས་ཕྲུག་མ། ཐར་མ་མཚོ། ཁྱེད་རང་གཉིད་དུ་གཡུར་ནས་ཆུ་ཚོད་གཅིག་སོང་ཡོད། ཁྱེད་ཀྱི་ནུ་བོ་ཁ་བའི་ལྷ་སྲས་ཨ་མའི་བང་དུ་བཟུང་ནས་གཉིད་འདུག་ལ། ཁྱེད་ཀྱི་ཨ་མ་དང་ཨ་མ་རྒན་མོ་གཉིས་ཀྱིས་བརྙན་འཕྲིན་ཐད་གཏོད་ལེ་ཚན་ཞིག་ལ་ཅེར་ནས་ཡོད།
ཕ་རྒན་ངས་འདི་ནས་ཁྱེད་མིང་སྲིང་གཉིས་ལ་སེམས་ཁོང་རུས་པའི་གཏིང་ནས་དགོངས་དག་ཞུ་བཞིན་ཡོད་ལ་ཞོར་དུ་འཕྲིན་ཡིག་ཐུང་ཐུང་བྲིས་ཡིན། དངོས་ནས་འཇིག་རྟེན་སྤྱིའི་འགྲོ་ལུགས་ལ་གུས་པ་ཡོད་པའི་ཕ་རྒན་ཞིག་གི་ངོས་ནས་བཤད་ན་ངས་དེ་རིང་ཁྱེད་གཉིས་ལ་ཁྲེལ་མེད་བྱས་ཡོད་ལ། ཁྱེད་གཉིས་ལ་འགན་འཁུར་མེད་པ་བདེན་པ་ཡིན། འོན་ཀྱང་། ང་རང་འོང་སའི་མི་རིགས་བོད་ཡིན་པ་དང་། ཕ་རྒན་ང་རང་དེང་ཐོག་རྒྱ་གར་ལ་བཙན་བྱོལ་དུ་ཡོང་དོན་ཡང་བོད་མི་རིགས་ཀྱི་དོན་དུ་ཡིན་ཟེར་ན་ཆོག་ན་ཡང་། བར་སྐབས་ནས་དོན་དག་ཆེས་མང་བོ་ཞིག་དང་འཕྲད་དེ། ད་ལྟ་བར་དུ་ང་ལ་འཚམ་པའི་ལས་འགུལ་ཞིག་མ་སྤེལ་ཐབས་མེད་ཀྱི་དུས་ཚོད་དེ་འདྲ་སླེབས་མེད་པ་མ་ཡིན་ཡང་། སེམས་ཐག་མི་གཅོད་ཐབས་མེད་ཀྱི་གནས་འདི་འདྲ་ལ་ཐུག་མྱོང་མེད་ལ། དེ་འདྲའི་དུས་ཚོད་དང་རན་པོ་ཡོད་པའི་མི་རིགས་ཀྱི་འཐབ་རྩོད་ཀྱི་དུས་ཚོད་ཅིག་མ་མཐོང་མོད། ད་ལྟ་ནི་དུས་ལ་བབ་ཡོད་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད།
དེ་རིང་ནི་ཕ་རྒན་ངས་རང་ཉིད་བོད་མི་ཞིག་ཡིན་པའི་འགན་བླངས་དེ་བོད་མི་རིགས་སྐྱོབས་པའི་ཞི་འབོད་དོན་ཚན་ལྔ་ཡོད་པ་ཞིག་འཁུར་ནས་ཕྱིར་རྒྱ་གར་དུ་སོང་ནས་བོད་མི་རིགས་ལ་རང་དབང་མ་ཐོབ་བར་དུ། རང་ཉིད་ཀྱི་ཚེ་སྲོག་བདེན་དབུང་དུ་བཞག་ནས་གོམ་བགྲོད་བོད་ལ་ཁ་ཕྱོགས་དེ་བྱེད་རྩིས་ཡིན། དེ་ཡིན་དུས་བུ་མོ་ཐར་མ་མཚོ་ཁྱེད་རང་ད་ལྟ་ལོ་གཉིས་དང་ཟླ་བདུན་ཙམ་ཡིན་ལ། བོད་སྐད་བཤད་མི་ཤེས་ཀྱང་། ཕ་རྒན་ངས་བཤད་པ་ཕལ་ཆེ་བ་ཞིག་གོ་ཡི་ཡོད་པ་དེ་ཡི་ཕ་རྒན་ང་ལ་དགའ་བདེ་ཚད་མེད་སྟེར་མྱོང་ཡོད། ལྷག་དོན་དུ་ཁྱེད་རང་ལ་ངས་མུ་མཐུད་དུ་བོད་སྐད་སློབ་མ་ཐུབ་པར་ང་རང་འདི་ལྟར་ལམ་དུ་མི་ཆས་ཐབས་མེད་ཆགས་དོན་ནི། བོད་མི་རིགས་ལ་ང་དང་འདྲ་བར་བཤད་ལ་དགའ་བའི་མི་མང་བོ་ཡོད་པ་ལས། ལག་ལེན་བསྟར་བའི་མི་ཉུང་སྟབས། ང་རང་གི་འགོ་བཙུགས་ནས་ཁ་ཞེ་མཚུངས་པའི་ལམ་ཞིག་མི་སྟོན་ཐབས་མེད་རེད། གཅིག་བྱས་ན། ངས་བསམ་བློ་བཏང་བ་དེ་དག་ནོར་འཁྲུལ་ཡིན་ཡང་སྲིད་ཀྱང་། ང་ལ་ཡིད་ཆེས་ཡོད། བོད་མི་རིགས་འདི་ལ་ཤེས་རབ་དང་བློ་གྲོས་ཡོད། སྤོབས་པ་དང་ཡོད། སྙིང་སྟོབས་ཡོད། འདི་དག་ནི་ང་ཡི་ཡིད་ཆེས་ཡིན་དུས། ཁྱེད་སྤུན་གཉིས་འཚར་ནས་འོང་དུས། ད་གཟོད་ཕ་རྒན་ངའི་དམ་བཅས་པའི་སྒྲུབ་བྱ་འདིའི་ཕ་རོལ་ཞིག་མཐོང་བར་ཡིད་ཆེས་ཡོད།
སྙིང་གི་གཅེས་པའི་བུ་མོ་ཐར་མ་མཚོ་ལགས། ཁྱེད་རང་འཚར་ལོངས་བྱུང་དེ་འོང་དུ། ཕ་རྒན་ཟེར་ནས་འབོད་ས་མེད་དུས་སུ། ཁྱེད་རང་ལ་ཁྱེད་ཀྱི་མ་རྒན་གྱིས་དེ་རིང་ངས་འདི་ལྟར་ཁྱེད་ཚོ་སྐྱུར་ནས་སོང་བའི་གཏམ་རྒྱུད་ཅིག་བཤད་ངེས་ཡིན་ལ། དེ་དུས་ཁྱེད་ཀྱི་མ་རྒན་གྱིས་གང་གསུང་ན་དེ་དག་ཚང་མ་བདེན་པ་ཡིན་ངེས་རེད་ལ། ཁྱེད་རང་གི་མ་ལོའི་ཁྱེད་མིང་སྲིང་གཉིས་ལ་བདག་སྐྱོང་བྱས་ནས་མི་གྲལ་དུ་བཅུགས་པ་ཡིན་དུས། ཁྱེད་དང་ནུ་བོ་ཁ་བའི་ལྷ་སྲས་གཉིས་ཀྱིས་རང་གི་དྲིན་ཆེན་མ་ལོ་ལ་བདག་པོ་ཡག་པོ་ཞིག་རྒྱགས་ཞོར། མི་ཚེ་འདིའི་ནང་དུ་འགྲོ་བ་མིའི་རང་དབང་ལ་མནར་གཅོད་གཏོང་མཁན་གྱི་རིགས་ལ་ངོ་རྒོལ་བྱེད་པའི་མིང་སྲིང་གཉིས་ཆགས་པར་རེ་བ་དང་ཞོར་དུ། ཕ་རྒན་ངས་ཁྱེད་གཉིས་འདི་ལྟར་བོད་མི་རིགས་ཀྱི་ཕོ་ཉྭ་ཞིག་བྱེད་པའི་ཆེད་དུ་སོང་བ་དེར་སེམས་གཏིང་ནས་འགྱོད་གཤེགས་ཡོད་ལ། གལ་སྲིད། སྟབས་ལེགས་ནས་བོད་དོན་བདེན་མཐའ་གསལ་ནས་ཕ་རྒན་ང་གསོན་ནས་བསྡད་ན། ངས་ཁྱེད་གཉིས་གཙོ་བའི་འགྲོ་བ་དག་གི་ཆེད་དུ་ལས་ཀ་ཞིག་བྱེད་ཁོ་ཐག་ཡིན་པ་སེམས་ལ་འཛིན་པར་ཞུ། སྙིང་ནས་གཅེས་པའི་བུ་མོ་ཐར་མ་མཚོ་དང་བུ་ཆུང་ཁ་བའི་ལྷ་སྲས་ལགས།
གཅེས་པའི་ཁ་བའི་ལྷ་སྲས་ལགས། ད་ལྟ་ཁྱོད་རང་སྐྱེ་ནས་ཟླ་ངོ་དྲུག་བདུན་གཅིག་གི་སོང་མེད་ལ། ཨ་ཕ་ཟེར་ནས་འབོད་ཐུབ་པ་ཕར་ཞོག ཨ་ཕ་སུ་ཡིན་ཡང་ཡག་པོ་མི་ཤེས་ཚད་འདིར་ངས་ཁྱེད་རང་སྐྱུར་ནས་འགྲོ་བཞིན་ཡོད་པ་རེད། ཁྱོད་རང་འགྲོ་བ་སྤྱི་མཚུངས་ལྟར་ག་ལེར་ཆེན་པོ་ཆགས་ནས་འོང་དུས། ཕ་རྒན་ཟེར་ནས་འབོད་ས་ཞིག་མེད་པ་དང་། ཕ་རྒན་ཟེར་ནས་སྟོན་རྒྱུ་མེད་པའི་དུས་དེ་ལ་ཁྱོད་ཀྱིས་རང་གི་ཨ་མ་ལ་ང་རང་གང་དུ་སོང་མིན་སྐོར་ཏན་ཏན་འདྲི་ངེས་ཡིན། དེ་དུས་ངའི་རེ་བ་ལ་ཁྱོད་རང་གི་མ་རྒན་གྱིས་ང་རང་བོད་མི་རིགས་ཀྱི་རང་དབང་དང་ཞི་བདེ་ཡི་ཆེད་དུ་ཁྱོད་རང་སྐུར་ནས་བུད་སོང་བ་རེད་ཅེས་བཤད་དུས། སྐབས་དེར་ཁྱོད་རང་གིས་མི་རིགས་ཟེར་ན་ཅི་ཞིག་ཡིན་པ་དང་རང་དབང་ཟེར་ན་ག་འདྲ་ཞིག་ཡིན་མིན་ཡང་མི་ཤེས་པའི་ཚད་ཅིག་ཏན་ཏན་ཡིན་སྲིད། འོན་ཀྱང་། ཁྱོད་རང་ཆེན་པོ་ཆགས་ནས་འོང་དུས་ཟླ་ངོ་དྲུག་མ་ཟིན་ཙམ་ལ་མ་གཏོགས་ཁྱོད་རང་གི་འགྲམ་དུ་བསྡོད་མ་ཐུབ་པའི་ཕ་རྒན་ལ་ཁོང་ཁྲོ་ཟ་སྲིད་ལ། གཅིག་བྱས་ན་སྤོབས་པའང་སྐྱེ་སྲིད། གང་ལྟར། ངའི་རེ་བ་ལ་ཁྱོད་རང་ཆེན་པོ་ཆགས་རྗེས། འགྲོ་བ་མི་ཞེས་པའི་ཚད་གཞི་ལ་གཙུག་དུ་བཀུར་ནས་གང་དུ་ཞི་བདེ་དང་རང་དབང་ལ་གོད་ཆག་བྱུང་གི་ཡོད་ཚེ། དེ་ནས་འགྲོ་བ་མིའི་ཞི་བདེ་དང་རང་དབང་གི་ཆེད་དུ་ལས་ཀ་རེ་བྱེད་པར་སྨོན།
ད་ནི་ངས་འདི་ནས་སྐད་ཆ་མང་བོ་མང་བོ་ཞིག་ཁྱོད་གཉིས་ལ་འདི་ནས་བྲིས་ཀྱང་། ཁྱོད་གཉིས་ཆེན་པོ་ཆགས་དུས་སུ་ཡི་གེ་འདི་ཁྱོད་གཉིས་ཀྱིས་ཀློག་ཐུབ་ཀྱི་ཡོད་མེད་གང་ལྟར་ཡང་། ཉི་མ་དེ་རིང་ནས་བཟུང་། ཁྱོད་གཉིས་ཀྱི་འགྲོ་འདུག་སྤྱོད་ཀྱི་བདག་ཡོད་ཚད་ངས་ཁྲིམས་ཐོག་ནས་ཁྱོད་གཉིས་ཀྱི་མ་ལོ་སྤྲད་ཡོད་པ་སེམས་ལ་བཟུང་ནས། བརྩེ་བའི་དྲིན་ཆེན་མ་ལོ་ལ་བྱམས་ཀྱིས་སྐྱོང་རོགས་ཞུ། བྲིས་ན་རྫོགས་མཐའ་མེད་པའི་སྐད་ཆ་མང་བོ་ཞིག་ཡོད་ཀྱང་། མཐའ་དོན་ཁྱོད་གཉིས་ཀྱི་འཚར་ལོངས་ཁྲོད་དུ་དཀའ་ངལ་མེད་པར་སྨོན་འདུན་ཡོད་ལ། ཕ་རྒན་ང་ཁྱོད་གཉིས་ལ་སེམས་གཏིང་ནས་བརྩེ་བ་ཟབ་མོ་ཡོད་པ་རྫུན་མིན་ཞེས་ཕ་རྒན་གླིང་ཚ་ཚེ་བརྟན་རྡོ་རྗེ་ནས། ༢༨།༢།༡༢
གླིང་ཚ་ཚེ་བརྟན་ལགས་ཁྱེད་ཉིད་དངོས་སུ་བོད་མི་རིགས་ཀྱི་དོན་དུ་གྲུབ་འབྲས་ལྡན་པའི་ལས་འགུལ་ཞིག་སྤེལ་རྒྱུ་ཡིན་པ་སྨྲོས་མ་དགོས་པ་རེད། བྱ་བ་ལམ་དུ་འགྲོ་ཞིང་བསམ་དོན་ཇི་བཞིན་འགྲུབ་པའི་རེ་སྨོན་ཞུ།
ད་དུང་རེ་བ་ཞུ་རྒྱུ་ལ་སྐུ་ཉིད་རང་སྲོག་དོར་མི་དགོས་པའི་ཐབས་ལམ་ཞིག་འཚོལ་རོགས། ཁྱོད་ལྟ་བུ་ན་གཞོན་ཤེས་ཡོན་དང་། ལྷག་བསམ་ཅན་གཅིག་མེད་པ་ཆགས་ཚེ་བོད་མི་རིགས་ཀྱི་གྱོང་ཡིན། གལ་སྲིད་ཞི་བའི་ཐབས་ལམ་ལ་འབད་པ་ཇི་ལྟར་བྱས་རུང་ད་དུང་དོན་ཕལ་ལྡན་པའི་གྲུབ་འབྲས་ཤིག་མ་བྱུང་ཚེ། ཁྱེད་ཉིད་ཀྱི་རྒྱབ་ཏུ་ང་ཚོ་ན་གཞོན་རྣམས་ཡོད་པས་ཐུགས་བདེ་བར་མཛོད། དེ་དུས་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ལས་འགུལ་སྤེལ་ཕྱོགས་གོམ་པ་གསར་པ་ཞིག་སྤོ་རྒྱུ་ཡིན་པ་གཞིས་བྱེས་གཉིས་ཀྱི་ན་གཞོན་སེར་སྐྱ་ཚང་མའི་གྲ་སྒྲིག་བྱེད་བཞིན་པ་གསལ་པོ་རེད།
ད་གཟིགས་དང་དུས་བབས་ནང་གསལ་ལྟར་ན་སྡེ་དགེ་ནས་ཟླ་སེ་ལགས་ཀྱི་གང་འདྲ་གནང་འདུག ཁོང་ཉིད་ཀྱི་ལྷག་བསམ་དང་ལར་ཞེན་ལ་བསམ་བཞིན་མིག་ཆུ་དང་ལྷན་ཨོཾ་མ་ཎི་པདྨེ་ཧཱུཾ། འུ་ཐུག་ན་འདི་འདྲ་རེད་ད་དུང་གང་ཞིག་གོ་གྲབ་ཡོད་ན། གླིང་ཚ་ཚེ་བརྟན་ལགས་ཀྱང་འདི་འདྲ་བ་མི་བྱེད་ངེས་པ་མི་འདུག དྲ་གྲོགས་ཚོ་ཁོང་ལ་གང་བཤད་རྒྱུ་ཡོད་ན་གསུང་རན་འདུག ཕྱིས་ཡོང་དཔའ་རྒོད་ཁྱོད་བོད་མི་རིགས་ལ་གནགས་པའི་རྒྱ་དཔོན་དང་་་་་་་་་་་་་་་་་་་་་་་་བསྒུག་ཡོད། ད་ལྟ་ཁོང་ལ་བཤད་ན་བཤད་ཚོད་རེད། རྗེས་མར་དྲག་སྤྱོད་རེད་མ་ལབ་རོགས། སྟག་དམར་ཡག་རང་ཡུལ་ཤོར་ཡོང་འདུག །རྒྱ་དམར་པོ་སྐྱག་པ་ཤོར་རན་རེད། །
གླིང་ཚ་ཚེ་བརྟན་ལགས་ང་ནི་མིག་མཐའ་འཆི་མས་གང་སོང་། དེ་ལྟར་བྱེད་འོས་པ་མི་འདུག དངོས་གནས་ཡིན། ཐབས་ཤེས་གཞན་གྱིས་བོད་དོན་ལས་འགུལ་དུ་བཞུགས་རོགས།
སེམས་པ་སྐྱོ་ནས་ངུ་དྲོ་ཐལ། ད་ཡིན་ན། བཀག་ན་ཤོར། མ་བཀའ་ན་སྡིགས། ཟེར་བ་ནང་བཞིན་མ་སོང་ན། གླིང་ཚ་ཚེ་བརྟན་རྡོ་རྗེས་སྙིང་ལས་གཅེས་པའི་བུ་དང་བུ་མོ་གཉིས་དང་སྙིང་གི་ཚིལ་ལུ་སྐྱུར་ནས་བོད་རྒྱབ་ཁབ་ཆེན་པོ་རང་དབང་ཐོབ་པའི་ཆེད་དུ་སྐུ་སྲོག་བློས་བཏང་གིས་ཕེབས་པ་ལ་ཡི་རང་ཞུ། ཡིན་ན་ཡང་དཔའ་འཛངས་གཉིས་ལྡན་དང་འཆར་རིམ་ཚད་ལྡན་ཞིག་གནང་ནས་འཛམ་གླིང་སྒང་ལ་གླེང་རིན་ཡོད་པར་ཞིག་བཟོས་ཤོག བསམ་དོན་འགྲུབ་པའི་སྨོན་ལམ་བཅས་ཀརྨས་ཕུལ། །
གླིང་ཚ་ཚེ་རྡོ་ལགས། ཁྱོད་ཀྱི་ཁ་ཆེམས་ཀྱི་འཕྲིན་ཐུང་འདི་ཀློག་བཞིན་པའི་སྒང་ཡིན། ངོ་མ་བོད་མི་རིགས་ཀྱི་ལ་རྒྱ་དང་ཆོད་སེམས་བརྟན་པོར་བཅིངས་ནས་རང་ཡུལ་ལ་ལོག་གི་ཡོད་པ་འདྲ། ཕ་བུའི་བརྩེ་དུང་གི་མདུད་པ་དཀྲོལ་ནས་འདི་ལྟར་ལམ་ལ་ཆས་པ་ནི་རང་ཉིད་སྐྱབས་བཅོལ་བ་ཞིག་ཡིན་པའི་འདུ་ཤེས་ཡོད་པ་དང་། རང་ངོ་རང་གི་ཤེས་པའི་མི་བུ་རླབས་ཆེན་ཞིག་གི་བཞུད་ལམ་རེད། ཁྱོད་ཀྱི་བསམ་པ་བཞིན་པའི་སྨོན་འདུན་ཞུ།
ལྷ་ཀླུ་གཉན་གསུམ་ལེགས། ངས་ཁྱེད་རང་སུ་ཡིན་པ་མ་ཤེས་མོད། ཕལ་ཆེར་ཨེ་སུ་རལ་ན་ཡོད་པ་དེ་མ་ཡིན་ནམ། ཞེས་སེམས་ལ་ཤར་པ་དེ་བདེན་པ་རེད་འདུག བུ་ཕྲུག་ཀུན་ལེགས་པ་འབྱུང་བ་ལ་ཕ་མའི་བྱམས་བརྩེ་འབྱུང་དགོས་པ་གལ་ཆེ་བར་བཤད་པ་ཐོས། ཁྱེད་ཀྱི་བྱམས་བརྩེ་མ་འབྱུང་ན། བུ་ཕྲུག་རྣམས་ཀྱང་ཅི་ལྟར་འབྱུང་ངེས་པ་མ་མཆིས། བོད་མི་རིགས་དང་། སྐད་ཡིག རིག་གཞུང་དག་གི་ཕྱིར། ཁྱེད་ལ་ལྷག་བསམ་ཡོད་འདུག དེ་ཀས་ཆོག བོད་ཀྱི་བདེན་མཐའ་ནམ་ཞིག་ན་གསལ་བ་གདོན་མི་ཟ་སྙམ། བོད་མི་དང་། གཞན་རྒྱལ་ཁབ་རྣམས་ལྟ་ཅི། རྒྱ་ནག་པ་མི་མངས་ན་ཡང་བོད་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོད་པ་མཐོང་ཐོས་སུ་གྱུར་པ་ཡིན། དེས་ན་རང་རེ་གང་དུ་ཡོད་པར་རང་བབས་ཀྱི་ལས་ལ་བརྩོན་བཞིན་གནས་པ་གལ་ཆེ་བར་མཐོང་། བོད་ཀྱི་རིག་གཞུང་སྲུང་སྐྱོབ་ལ་བོད་མི་འདས་པ་རྣམས་ཀྱི་ཆེད་དུ། ངས་གཞན་གང་ཡང་བྱེད་མི་ཐུབ། འོན་ཀྱང་རང་གི་ནུས་པ་དང་བསྟུན་ཏེ། བོད་སྤྱིའི་སྐད་སྦྱོང་བའི་ཕྱིར་དུ། དིང་སང་སྔ་དགོངས་དག་ཏུ་གངས་ཅན་མཁས་པའི་གཙུག་རྒྱན་རྗེ་བཙུན་བླ་མས་མཛད་པ། སེམས་དཔའ་ཆེན་པོ་དག་ལ་བསྔགས་པ། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུའི་རྟོགས་པ་བརྗོད་པའི་སྙན་དངགས་ཀྱི་ལྗོན་པ་དང་། བྱང་ཆུབ་སེམས་དཔའ་གྲགས་པ་བྱང་ཆུབ་དཔལ་བཟང་པོའི་རྟོགས་པ་བརྗོད་པའི་སྙན་དངགས་བྱིན་རླབས་ཀྱི་ལྷུན་པོ་ཞེས་བྱ་བ། གློག་ཀླད་ཏུ་འཇུག་ཅིང་། བོད་སྤྱིའི་སྐད་ལ་སྦྱང་། རིང་མིན་སྙན་དངགས་ཀྱི་བསྟན་བཅོས་དེ་དག་ལ་ཞུས་དག་ལེགས་པར་བྱས་ཏེ། ཁྱེད་ཅག་མཁས་པ་རྣམས་ལ་ཀློག་པར་འབུལ་ངེས། ང་རང་བོད་རྩིས་ལུགས་ཀྱིས་ལོ་ངོ་བརྒྱད་ཅུར་ཟིན་ཀྱང་། བླ་མ་པད་དཀར་འཆང་བ་སོགས་ཀྱི་བྱིན་རླབས་ཀྱིས་ཁམས་བཟང་ངང་རང་བབས་ཀྱི་བྱ་བར་བརྩོན་བཞིན་པ་ལགས་ཤིང་། དེ་བཞིན་ཁྱེད་ཀྱང་རང་གི་གཅེས་པའི་ནང་ཚང་བུ་ཕྲུག་རྣམས་སྐྱོང་བཞིན་བོད་སྤྱིའི་དོན་ལ་གང་ནུས་འབད་བཞིན་མ་མཐའ་ཡང་ངའི་མིའི་ཚེ་ལོ་གྲངས་བར་དུ་ཁམས་བཟང་པོར་བཞུགས་པར་འཚལ་ལོ།།
ལྷ་ཀླུ་གཉན་གསུམ་ལགས། ཁྱེད་ཀྱིས་ཁ་སྒྲུང་ཡིན་དང་དོན་སྒྲུང་ཡིན་ངས་ཆ་མ་ཚོར་ཡང་། དོན་དངོས་ཐོག་ཁྱེད་ནི་བོད་ཀྱི་སྐད་ཡིག་སྨྲ་བའི་ཤེས་ཡོན་པ་ཞིག་ཡིན་པར་ངས་ཁྱེད་ལ་ཡི་རང་ཡོད། ད་ལྟའི་དུས་སྐབས་འདིར་ཁ་བ་ལྗོངས་ཀྱི་ལས་དབང་ལ་ཐུགས་བསམ་བཞེས་ནས་སྐུ་གསུང་ཐུགས་ཀྱིས་རང་ནུས་ཀྱི་ཡར་འདེབས་གནང་བར་དེ་ལས་ཀྱང་བཟང་། ཁྱེད་ཀྱི་ཟླ་མོ་དང་བུ་ཕྲུག་དག་དང་གནས་སྐབས་རིང་ཞལ་བྲལ་ནས་གངས་ཅན་པའི་ཆེད་དུ་ཕྱག་ལས་ག་རེ་གནང་ཡང་རྗེས་སུ་ཡི་རང་ལོས་ཞུ། འོན་ཀྱང་བློ་སྣ་ཐུང་བའི་བྱ་བ་རིགས་ལ་དགའ་བསུ་མི་ཞུ། མ་གཞི་ནི་ཁྱེད་ཀྱིས་རྣམ་པ་མི་གསལ་བའི་ཁས་ཆེ་དང་མ་སྨད་གསུམ་དང་ཞལ་བྲལ་གྱི་ལམ་དུ་ཆས་འགྲོ་རྒྱུ་འདིར་ངས་ཚོད་འཛིན་མི་ཐུབ་ཡང་། ཁྱེད་ཀྱི་ཚིག་ཟུར་འགས་ཁྱེད་རང་ཉིད་བོར་འགྲོ་རྒྱུའི་སྐོར་བཤད་འདུག་པས། ཁྱེད་གཏན་དུ་བོར་མི་ཉེས་ཡ། མི་ལུས་རིན་པོ་ཆེ་འདི་ཐོབ་ནས་མི་རང་གི་རིན་ཐང་དེ་སྤྱོད་ནས་འཇིག་རྟེན་འདིར་མཉམ་གནས་དང་ཡར་འདེབས་བྱེད་རྒྱུ་ནི་སྲོག་ལྡན་གཞན་ལ་མེད་པས་དེ་ནི་འཇིག་རྟེན་མིའི་རྣམ་སྤྱོད་ཡིན་པས་བརྗེད་མི་ཉེས།
ང་ཚོས་སོ་སོའི་རྩ་དོན་ཆེད་དུ་ལས་འགུལ་རྩོམ་དགོས་པ་སྨྲོས་མེད་ཀྱང་སྐུ་སྲོག་ལ་འཚེ་བའི་ལས་འགུལ་མི་རྩོམ་པའི་རེ་བ་ཡོད། ད་ལྟའི་གནས་སྐབས་སུ་ང་ཚོས་སྲོག་བློས་བཏང་ཡང་དོན་ཕན་སོན་པའི་གྲུབ་འབྲས་འཐོབ་རྒྱུ་ཁག་པོ་རེད། དེ་བས་ཐབས་ལམ་གཞན་པ་ཚོལ་དགོས་པ་གལ་ཆེ། མ་ཟད་ཁྱེད་རང་གི་ཕྲུ་གུ་གཉིས་ལ་སོ་སོ་རིག་གཞུང་སློབ་སྟོན་གྱིས་བོད་པའི་ཞགས་རྩི་ཡོད་པ་ཞིག་བཟོ་རྒྱུའི་ལས་འགན་ཁྱེད་ལ་ཡོད།
ཨ་མིའི་བུ་རྒོད་རེད། རང་མི་རིགས་ཀྱི་ཆེད་དུ་གོམ་གང་མདུན་ལ་སྤོས་ནའང་རྗེས་སུ་ཡིད་རིང་ཡོད་་་རླུང་རྟ་དར་པའི་སྨོན་འདུན་་་བོད་རྒྱལ་ལོ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
དེ་རིང་ཡང་མིག་ཆུ་དང་ལྷན་ཅིག་བུ་ཕྲུག་གཉིས་ལ་བཞག་པའི་འཕྲིན་ཡིག་འདི་བཀླགས་པ་ཡིན། ངོ་མས་སེམས་ཐག་རང་བཅད་ཀྱིས་ཚེ་སྲོག་ལའང་མི་འཛེམ་པ་ཁོ་ཐག་རེད། བྱུང་ན་ད་དུང་དུ་ཡང་ཐུགས་བསམ་གནང་རོགས། འཚོ་བ་དང་ཤི་བ་གཉིས་ལས་གང་ཞིག་རླབས་ཆེ་བ་རེད་འདུག་ཐུགས་འདང་རྒྱོབས། ཡང་ནས་ཡང་དུ་དྲྭ་རྒྱར་མཇལ་བའི་རེ་བ་དང་སྨོན་འདུན་ཞུ་བཞིན་ཡོད་པས་དགོངས་འཇགས་འཚལ།
གླིང་ཚ་ཚེ་བརྟན་ལགས་ཟེར་བས་སེམས་གཏིང་ནས་ཐག་བཅད་པའི་མཐའ་མའི་ཞལ་འཆེམས་འདི་མཐོང་དུས་མིག་ཆུ་དབང་མེད་དུ་བཞུར་སོང་། ད་ཡིན་ན་དངོས་གནས་ཁོང་གི་ཐུགས་སྟོབས་དང་། ཆོད་སེམས། བོད་མི་རིགས་དང་ལ་རྒྱ་ལ་བཅངས་པའི་བརྩེ་སེམས་ལ་ཡིད་ཆེས་ཡོད་ཡོད། ཁྱེད་ཀྱི་བྱ་ལ་ལམ་འགྲོ་དང་། ཕུགས་སུ་འབྲས་བུ་ཕུལ་དུ་བྱུང་བ་ཡོང་བའི་སྨོན་འདུན་དང་། ཁྱེད་ཀྱི་རྒྱབ་ཏུ་ང་ཚོ་ཡོད། བོད་རྒྱལ་ལོ། །བདེན་པ་ཉིད་རྒྱལ་གྱུར་ཅིག།
ཨ་མདོ་ཕོ་རྒོད་གླིང་ཚ་ལགས། སྔོན་མ་ནས་ཁྱེད་རང་མི་བུ་ཁྱད་དུ་འཕགས་པ་ཞིག་ཡིན་པ་ཤེས་ཡོད། ཡིན་ན་ཡང་གཅེས་ཕྲུག་གཉིས་ནར་སོན་མེད་པའི་གནས་སྐབས་ཕྱིར་འཐེན་བྱེད་རོགས་གནང་། ཐུགས་རྗེ་གཟིགས
ད་ལྟའི་སྐབས་ལས་འགུལ་དེ་ལྟར་སྤེལ་བའི་དུས་ལ་སླེབས་མེད། ཁྱོད་རང་སྲོག་དོར་བ་ལས་ཁྱོད་ཀྱི་བུ་ཕྲུག་གཉིས་དེ་བོད་པ་སོ་མ་ཞིག་ལ་གསོ་སྐྱོང་བྱ་ན་བོད་མི་རིགས་ལ་ཕན་པ་ལྡབ་འགྱུར་གྱི་ཆེ། ཞེས་ཞུ་འདོད། མ་ཟད་བོད་ནང་རང་སྲོག་དོར་བའི་ལས་འགུལ་སྤེལ་མཚམས་འཇོག་དགོས་པའི་དུས་ལ་གཏུག་འདུག
ཁྱེད་ཀྱིས་བསམ་བློ་དེ་ལྟར་གཏོང་བ་ནི་ཆེས་མི་འོས་པ་ཞིག་རེད། བུ་དང་བུམོའི་འཚར་ལོངས་མ་བྱུང་བར་ཁྱེད་རང་འགྲོ་རྩིས་བྱེད་ཀྱི་ཡོད་པ་འདི་ཐང་གི་རྡོ་བླངས་ནས་རུམ་གྱི་དྲོ་བོར་ཟེར་བ་བཞིན། རང་གཞན་ཀུན་ལ་ཕན་ཐོག་མེད་པའི་ལྐུག་པའི་བྱ་སྤྱོད་ཅིག་ཡིན་པ་སེམས་ལ་ངེས་པ་ཤེས་ཏེ། བུ་དང་བུ་མོའི་རྣམ་ཤེས་ལ་བོད་མིའི་བླ་སྲོག་ཡོད་པའི་བུ་རྒྱུད་ཡ་རབས་ཤིག་གསོ་སྐྱོང་གནང་རྒྱུ་དེ་ཕྱོགས་གང་ནས་གཞིག་ཀྱང་རླབས་ཆེན་ལས་དོན་ཞིག་དང་བོད་ཀྱི་ཆོས་རིག་ཡུལ་གོམས་དང་བཅས་ས་སྟེང་དུ་གནས་ཐུབ་པའི་བྱ་བ་རླབས་ཆེན་ཞིག་ཡིན་པ་ཁྱེད་ཀྱི་ཐུགས་ལ་འཛིན་པར་ཞུ།
ཚེ་བརྟན་ལགས་ཀྱིས་ཁ་ཆེམས་ཡིག་ཆུང་དེ་རིག་དུས་དབང་མེད་དུ་སེམས་ལ་སྐྱོ་སྣང་གི་ཚོར་བ་དྲག་པོ་ཞིག་སྟེར།་མིག་ལ་མཆི་མའི་མཚེའུ་ཞིག་གློ་བུར་དུ་འཁྱིལ།
ཁྱེད་ཀྱི་ལས་དོན་མཐའ་དག་ལྷུན་གྱིས་འགྲུབ་པ་དང། མི་རིགས་ཤིག་གི་ཆེད་དུ་རྒྱབ་ཏུ་སྐྱུར་བའི་ནང་མི་བུ་ཕྲུག་བཅས་པར་འགེགས་བར་མེད་པར་སྨོན། །
མི་སྒེར་རེ་རེ་སྲ་བརྟན་མ་བྱུང་བར་དུ་སྤྱི་དང་རྒྱལ་ཁབ་ཟེར་བ་ཞིག་ཡེ་ནས་ཡོང་ཐབས་མེད་པས། ཟླ་གཉིས་ལས་མ་བུད་པའི་དམར་འབྱར་འདི་དག་ལ་རོགས་མགོན་གཅེས་སྐྱོང་ལམ་སྟོན་བྱ་གལ་ལས། འདི་ལྟར་མི་རིགས་ཀྱི་ཆེད་དུ་གླེང་བ་ལེགས་མོད་ཀྱང་དུས་སྐབས་མ་སྨིན་པར་མཐོང་བས་ཕྱིར་འཐེན་གནང་ན་ལེགས།
ཁྱེད་ཀྱི་ཆོད་སེམས་ལ་ཡི་རངས་ཞུས།
ངོ་མ་ཁྱེད་ནི་སྙིང་སྟོབས་དང་ལྷག་བསམ། རྒྱལ་ཞེན་བཅས་ཀྱིས་ཕྱུགས་པའི་དཔའ་རྒོད་མིང་དོན་མཚུངས་པ་ཞིག་རེད། དེ་འདྲའི་སེམས་པ་ཡོད་པ་ཙམ་གྱིས་ངས་ལག་གཉིས་ཐལ་མོ་སྦྱར་ཏེ་གུས་འདུད་ཞུ་རྒྱུ་ཡིན། ཡིན་ན་ཡང་ལས་འགུལ་གྱི་ཁ་ཕྱོགས་མང་བས་ཁྱེད་ཀྱིས་ད་རུང་མུ་མཐུད་དུ་བསམ་བློ་རེ་བཏང་རོགས་གནང་། ཁྱེད་ལྟ་བུ་འདི་ལྟར་བུད་སོང་ན་ངོ་མ་ཕངས་སེམས་ཆེ་ལ་མིག་ནས་མཆི་མ་མི་འཐོར་རང་དབང་མེད། བུ་རྒོད་པོ།
གླིང་ཚ་ཚེ་བརྟན་ལགས། ད་བཤོལ་མ་མི་འདེབས། སྤྱིར་བཤད་འདོད་པ་མང་པོ་ཞིག་འདུག་ཀྱང་ད་བཤད་ནས་ཅི་ཕན། ཁྱེད་ཀྱིས་ལས་འགུལ་་དོན་དང་ལྡན་པ་ཞིག་སྤེལ་བར་མཛོད་དང་ནམ་ཡང་བསྔགས་བརྗོད་ཞུ་ངེས། བདེན་པ་རྒྱལ་ལོ།
ཀྭས། མི་ངན་ཨ་ར་དཀར་པོ། ཁོ་འཆི་དགོས་ལབ་ཀྱི་ཡོད་པས།
ཀས མི་བཟང་ལྷག་པ། བོད་བསྟན་སྲིད་ཆེད་ཁོ་ལ་ལས་འགུལ་མ་སྤེལ་ལབ་ཀྱི་ཡིན་པས།
གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས། ངས་ཁྱེད་ལ་སྐད་ཆ་འདི་བཤད་ཐེངས་གསུམ་པ་དེ་ཡིན། ཁྱེད་རང་གི་མི་གཤིས་དང་། ལྷག་བསམ། བོད་ཡིག་གི་ཤེས་ཚད་ཚང་མ་ཧ་ཅང་བཟང་པོ་ཞིག་འདུག བྱ་བ་ཆེན་པོ་ཡུན་གྱིས་སྒྲུབས།།
ཞེས་པའི་དཔེ་ལྟར། བར་ལམ་གང་ཐད་ནས་དུས་ཚོད་རན་པོ་ཞིག་མ་རེད། ཁྱེད་ཕྱིར་རྒྱ་གར་དུ་ཕེབས་པ་བཟང་།
ཁྱེད་རང་བཙན་བྱོལ་་ནང་གི་གཞི་རིམ་སློབ་གྲྭ་ཞིག་ནས་བོད་ཡིག་གི་དགེ་རྒན་བྱས་ཏེ་མི་རིགས་ཀྱི་ལས་དོན་སྒྲུབ་ན་དེའང་བོད་ཀྱི་རྩ་དོན་ཐོག་ཕན་ཐོགས་ཆེན་པོ་ཡོད། དེ་ཁྱེད་ཀྱི་སེམས་ལ་ཟུངས།
དུས་བབ་ཟིན་བྲིན་ན་ཁྱེད་ལ། བོད། ཤ་ཁྲག་རུས་གསུམ་རུས་གསུམ་ཞེས་འབོད། འདི་ན་ལྷ་ཀླུ་གཉན་གསུམ་ཞེས་འབོད། ཡང་གླིང་ཚ་འཇིགས་མེད་ཀྱང་ཟེར། ཡང་སྙིང་སུ་ཡིན། གང་ཟག་གཅིག་ལ་མིང་འདི་འདྲ་མང་ཚེ་ལས་དོན་དེ་ཡང་དོན་དངོས་ཤིག་མིན་པར་མིའི་མགོ་སྐོར་ཐབས་ཤིག་ཡིན་ཚེ་མི་ཚེ་རིན་ཐང་རྦད་དེ་རྫབ་པ་རེད་ཡ།
གྲོགས་མཆོག་དམ་པ། བོད་ལྷ་ཀླུ་གཉན་གསུམ་ལགས། ཁྱོད་ཀྱི་སྤོབས་པ་དང་རྣམ་དཔྱོད་ལ་རྗེས་སུ་ཡི་རང་ཞུ། འོན་ཀྱང་དོན་ཆེན་སྒྲུབ་པར་ངང་རིང་པོ་བྱེད་དགོས་པ་དངོས་གནས་རེད། སྐུ་སྲོག་ལ་བདག་པོ་གནང་རོགས། ཞི་བདེ་ལམ་ཁ་ལ་ཞུགས་རོགས། སྤྱིར་བྱ་བརླབས་ཆེན་ཞིག་སྒྲུབ་པ་ལ། ཉེན་ཁ་ཆེན་པོ་ཞིག་པ་ཕོད་བཙུགས་དགོས་པ་དངོས་གནས་རེད། ཆོད་སེམས་ཞིག་མེད་པར་དོན་འབྲས་ཞིག་མི་ཐོན་པ་ངོ་མ་རེད། དུས་ཚོད་དང་། དཔལ་འབྱོར། བསྐུལ་ཤུགས། འཛིན་སྐྱོང་། ཚེ་སྲོག་གི་འགྲོ་སོང་མང་པོ་ཞིག་མ་བཏང་བར་རྒྱལ་ཁབ་ཞིག་དང་མི་རིགས་ཞིག་འགྱེལ་ས་ནས་སློང་མི་ཐུབ་པ་ཡང་བདེན་པ་རེད། འོན་ཀྱང་ཁྱོད་ཀྱི་རྣམ་དཔྱོད་ཀྱིས་རི་ལ་ལམ་དང་། ཆུ་ལ་ཟམ་བཙུགས་སྟེ་མི་རིགས་ཀྱི་བདེ་དོན་བསྒྲུབས་ན་ལུས་སྲོག་གི་རིན་ཐང་ཅི་བས་ཀྱང་ཆེ་བར་ངེས། ཐུགས་བསམ་ཞིབ་མོར་བཏང་སྟེ། བྱ་བ་གང་ཡིན་ཀྱང་ཞི་བའི་སྒོ་ནས་འབད་བརྩོན་བྱེད་པའི་རེ་བ་བཅས། སྣ་བོ་ཆེ་ནས།
ནོར་བཅོས། གྲོགས་མཆོག་དམ་པ། བོད་ལྷ་ཀླུ་གཉན་གསུམ་ལགས། ཁྱོད་ཀྱི་སྤོབས་པ་དང་རྣམ་དཔྱོད་ལ་རྗེས་སུ་ཡི་རང་ཞུ། འོན་ཀྱང་དོན་ཆེན་སྒྲུབ་པར་ངང་རིང་པོ་བྱེད་དགོས་པ་དངོས་གནས་རེད། སྐུ་སྲོག་ལ་བདག་པོ་གནང་སྟེ། ཞི་བདེའི་ལམ་ཁ་ལ་ཞུགས་རོགས། སྤྱིར་བྱ་བ་བརླབས་ཆེན་ཞིག་སྒྲུབ་པ་ལ། ཉེན་ཁ་ཆེན་པོ་ཞིག་ལ་ཕོད་བཙུགས་དགོས་པ་དངོས་གནས་རེད། ཆོད་སེམས་ཞིག་མེད་པར་དོན་འབྲས་ཞིག་མི་ཐོན་པ་དངོས་གནས་རང་རེད། དུས་ཚོད་དང་། དཔལ་འབྱོར། བསྐུལ་ཤུགས། འཛིན་སྐྱོང་། ཚེ་སྲོག་གི་འགྲོ་སོང་མང་པོ་ཞིག་མ་བཏང་བར་རྒྱལ་ཁབ་ཞིག་དང་མི་རིགས་ཞིག་འགྱེལ་ས་ནས་སློང་མི་ཐུབ་པ་ཡང་བདེན་པ་རེད། འོན་ཀྱང་ཁྱོད་ཀྱི་རྣམ་དཔྱོད་ཀྱིས་རི་ལ་ལམ་དང་། ཆུ་ལ་ཟམ་བཙུགས་སྟེ་མི་རིགས་ཀྱི་བདེ་དོན་བསྒྲུབས་ན་ལུས་སྲོག་གི་རིན་ཐང་ཅི་བས་ཀྱང་ཆེ་བ་ཡོང་ངེས་པ་ལགས། ཐུགས་བསམ་ཞིབ་མོར་བཏང་སྟེ། བྱ་བ་གང་ཡིན་ཀྱང་ཞི་བའི་སྒོ་ནས་འབད་བརྩོན་བྱེད་པའི་རེ་བ་བཅས། སྣ་བོ་ཆེ་ནས།
ལྷ་ཀླུ་གཉན་གསུམ་ལགས། འུ་ཚོའི་ཆེད་དུ་འུ་ཚོ་འདུར་དགོས་པ་ནི་གནམ་རྒན་མས་ང་ཚོ་ལ་སྤྲད་པའི་སྡུག་ཡུས་
རེད་ལ་འོས་འགན་ཡང་རེད། འོན་ཀྱང་སྲ་ཚོད་སྙི་ཚོད་ཟིན་དགོས་ལ། ལས་དཀའ་དང་གྲུབ་འབྲས་བསྡུར་དགོས།
ལུས་རྩལ་ལས་བློ་རྩལ་གྱིས་རང་དབང་རྩོད་དགོས་པའི་བདེན་དོན་འདི་བརྗེད་མི་རུང་།
ཁ་བརྡ་ནང་གི་དྲ་གྲོགས་ཕལ་ཆེར་བའི་སྐད་ཆ་ལ་ཡིད་རྟོན་དང་། གོ་རྒྱུ་མི་འདུག་ཅེས་གྲོགས་པོ་ཚོར་སྔར་བཤད་མྱོང་ལ། བསམ་བློ་ཡང་ཐེངས་མང་འཁོར་མྱོང་བ་བཞིན། དེ་རིང་ཡང་དེ་ག་རང་རེད། གཅིག་གིས་སྔོན་ལ་ག་རེ་བཤད་ཀྱི་ཡོད་ན། གཉིས་པ་དང་གསུམ་པས་ཀྱང་དེ་ལྟར་རེད། ངས་ནི་ཨ་ཕའི་ཁ་ཕོར་གཙང་བ་འཛིན་པ་མིན་ཏེ། ང་རང་གིས་དཔག་ཚོད་ཀྱིས་བརྡ་དག་དང་དོན་གནད་ལ་ཨེ་ཕོག་གིས་མཆན་རེ་བཏབ་ཀྱི་ཡོད། ངས་བསམས་ན། ང་ཚོ་བོད་ཀྱི་ཕུ་ནུ་དཔའ་བོ་དཔའ་བོ་འདི་འདྲ་མང་པོ་བོད་མི་རིགས་ཀྱི་ཆེད་ད་དུང་གསོན་དགོས་ལ། འཚོ་ཡང་དགོས། གལ་སྲིད་བོད་མི་རེ་བོད་དོན་ཆེད་ཤི་བ་ཡིན་ན། བོད་ལ་སྔར་ལས་ལྷག་པའི་བདེ་སྐྱིད་འདྲ་འཐོབ་རྒྱུ་ཡོད་ན། དེ་ལྟར་བྱ་འོས་ལ་ང་ཚོ་ཚང་མས་དེ་ལྟར་བྱེད་ཀྱང་ལོས་དགོས། ཡིན་ཡང་། ངས་ནི་ཁ་ནས་རྩམ་དྲི་བྲོ་ཞིང་། ངག་ནས་བོད་སྐད་ཐོན་པ། སེམས་ཤུགས་དང་། མི་རིགས་ལ་ལར་ཞེན་ཅན་ཁྱེད་ཚོ་འདྲ་བ་ཕེབས་པ་ལས་བཞུགས་པ་གལ་ཆེ་བ་མཐོང་སྟེ། གལ་སྲིད་སྐུ་ཉིད་འདི་ནས་འཇིག་རྟེན་གཞན་ལ་བཞུད་པའི་དབང་དུ་བཏང་ན། དེའི་ཉིན་མོ་ནས་བཟུང་སྟེ། ལུས་ལ་བོད་གོས་གྱོན་ཞིང་། ལག་ནས་ཀ་ཁ་འབྲི་བའི་བོད་མི་རྣལ་མ་གཅིག་ཉུང་དུ་ཕྱིན་ཟིན་པ་མ་ཡིན་ནམ། མཐར་གཏུག་ན་བོད་མི་ཉུང་བས། བོད་པས་སྟོང་ཞིང་། བོད་པ་མེད་ཚེ། བོད་ཀྱི་རྒྱལ་ཁབ་ཟེར་བ་ཡང་ག་ལ་ཡོད། དེས་ན། སྐུ་ཉིད་ལྟ་བུའི་བོད་མི་སྙིང་སྟོབས་ཅན་རྣམས་འཇིག་རྟེན་འདིར་གསོན་པོ་བཞུགས་ནས་བོད་ཀྱི་རིག་གཞུང་ལ་སྲི་ཞུ་དང་ཞབས་འདེགས་གང་ནུས་ཀྱིས་འཛིན་སྐྱོང་བྱས་ན། བོད་དང་བོད་པ་ཟེར་བ་དེ་ན་གནས་པ་ཡིན་ལ། བོད་དང་བོད་པ་ཡོད་པས་བོད་ཀྱི་རྒྱལ་ཁབ་དོན་དུ་གནས་ཡོད་ལ། དེ་གནས་པས་ང་ཚོའི་དགོས་འདུན་འགྲུབ་པ་མ་ཡིན་ནམ། འདི་ནི། ངའི་བསམ་ཚུལ་ཡང་ཡིན་ལ། རེ་སྐུལ་ཡང་ཡིན་པས་སྐུ་ཉིད་ཀྱིས་བསམ་བློ་ལྷོད་དུ་ཕབ་ནས་ཚར་གཅིག་བཀླག་རོགས་ཞེས་ཞུ་རྒྱུ་ཡིན།
ཁྱེད་ཀྱི་ཆོད་སེམས་དང་སྙིང་སྟོབས་དེ་ང་ཚོ་ཚང་མར་ཡོད་ན་བོད་དོན་མྱུང་དུ་འགྲུབ་ངེས་པ་ཐེ་ཚོམ་མེད། ཡིན་ཡང་རང་གི་བུ་ཕྲུག་དང་མ་འོངས་བོད་མི་རིགས་ཀྱི་དོན་དུ་གསོན་ལམ་འཚོལ་དགོས། ཁྱོད་འདྲ་བའི་བོད་ཞེན་པ་ཚོ་འཆི་མི་ཉན། མི་རིགས་ཀྱི་དོན་དུ་འཚོ་དགོས། གསོན་ན་ལས་དོན་བྱེད་ཐུབ། འཆི་སོང་ན་བོད་དོན་འཐབ་རྩོད་པ་ཞིག་ཇེ་ཉུང་དུ་བུད་སོང་བ་རེད། བོད་དོན་རྩོད་ནི་མང་དགོས་ལ། རྣམ་འདྲ་མིན་དང་ས་ཕྱོགས་འདྲ་མིན་ནས་རྩོད་དགོས།
ངས་ཀྱང་ཐེངས་གཅིག་མི་རིགས་ཀྱི་དོན་དུ་རང་སྲོག་གཅོག་དགོས་བསམ་མྱོང་། ཡིན་ཡང་གོང་ས་མཆོག་གིས་བཀའ་སློབ་ལ་ཉན་ཀློག་མང་བོ་བྱས་མཐར་གསོན་ལམ་བཙལ་ན་དགེ་མཚན་ཆེ་བ་ཡིད་ཆེས་སྙེད་བྱུང་། གང་ལྟར་ཡིག་བསྒྱུར་གྱི་རོགས་རམ་རེ་དགོས་ན་གསུང་གནང་རོགས།
རྒྱུག་ཤིགས། བོད་དོན་ཆེད་འཆི་ཐུབ་མཁན་ཞིག་ཡོད་ཚེ་བཀག་འགོག་མི་བྱེད་ཐག་ཆོད་ཡིན། ཁྱེད་ཀྱིས་བསམ་དོན་འགྲུབ་པར་ཤོག ། གལ་སྲིད་ལམ་བར་ནས་ཚེ་སྲོག་ཤོར་བ་ཡིན་ན་བོད་མི་རིགས་ཀྱི་ཆེད་དུ་ཤོར་བ་རེད། ཉལ་སའི་ནང་ནས་སྐྱིད་པོ་བྱས་ནས་ཤི་བ་དང་གཏན་ནས་འདྲ་གི་མ་རེད། རྒྱུག་ཤིགས། ཨ་མའི་བུ། མིག་ཆུ་གཏོང་གི་མེད་ལ། སེམས་པ་སྐྱོ་གི་མེད།
ཁྱེད་ཀྱིས་རང་གི་བུ་ཕྲུག་གཉིས་ལ་བྲིས་བའི་འཕྲིན་པ་དེ་བཀླགས་རྗེས་ང་ཡང་ཚོར་ཤུགས་རྣོན་པོ་ཞིག་གི་དེད་དེ་རང་འགུལ་གྱིས་སྐད་ཆ་ཚིག་གསུམ་དབང་མེད་དུ་ཤོར་བྱུང་ །རྒྱལ་གཅེས་བ་ཚེ་བརྟན་རྡོ་རྗེ་ལགས་ཁྱེད་ཀྱིས་གངས་ཅན་བོད་ཀྱི་བདེན་མཐའ་སེལ་ཆེད་སེམས་ཐག་གཙང་བཅད་ཀྱི་ལས་འགུལ་ཞིག་སྤེལ་འཆར་ཡོད་པ་ཁྱེད་ཀྱི་འཕྲིན་པ་ལས་གསལ་བོར་ཤེས་ཐུབ། ཁྱེད་ཀྱི་བློ་སྤོབས་དང་ལྷགས་བསམ་ལ་ངས་སྒོ་གསུམ་གུས་བའི་ངང་ནས་རྗེས་སུ་ཡི་རངས་བྱེད་ཀྱི་ཡོད ། ཡིན་ན་འང་ཁྱེད་ཀྱི་ཤ་ལས་མཆེད་པའི་བུ་ཕྲུག་གཉིས་ཀྱིས་ཁྱེད་རང་གི་ཨ་ཕ་ཡིན་མིན་ཡང་ཡག་པོ་མི་ཤེས་བའི་སྐབས་འདི་འདྲ་ཞིག་ལ་ཁྱེད་དང་གཏན་དུ་ཁ་བྲལ་བ་ཡིན་ན་མ་འོངས་བར་ཁོང་གཉིས་ཀྱི་སེམས་ལ་ན་ཟུག་ཅི་འདྲ་ཞིག་སྐྱེ་མིན་དང་ཁོང་གཉིས་ཀྱི་འདུན་ལམ་རིང་མོ་དེ་ལའང་བསམ་བློ་ཡག་པོ་ཞིག་བཏངས་ལོས་ཡོད ། གཟི་བརྗིད་ལྡན་པའི་བདེན་མཐའ་རྩོད་ལེན་བྱེད་ནའང་གཅེས་པའི་ཚེ་སྲོག་གཏོང་དགོས་པའི་ངེས་བ་མེད་ལ ། ཚེ་སྲོག་དམར་པོ་བློས་གཏོང་བྱེད་ནའང་འབྲས་བུ་བཟང་པོ་སྨིན་པའི་ངེས་བ་འང་མེད ། དེར་བརྟེན་འཛམ་གླིང་ལ་ལྟོས་དང་མང་པོ་མང་པོ་ཞིག་གིས་ར་སྤྲོད་བྱེད་ཐུབ ། མཐའ་དོན་སྐུ་ཉིད་ཀྱི་ལས་འགུལ་ག་རེ་སྤེལ་ནའང་དུས་རབས་ཀྱི་འགྲོས་དང་བསྟུན་ནས་སྤེལ་རྒྱུ་རེ་བ་ཡིན །