འབྲོང་ངུར་ཆོས་རྗེ།
རྡོར་གདན་དུ་སླེབས་ནས་ཡུན་རིང་ཞིག་གི་རྗེས་སུ་ཁ་སང་དགོང་མོ་གུས་པ་མཆོད་རྟེན་ཆེན་མོ་སྐོར་བར་ཕྱིན་པ་ཡིན། དེ་རིང་ངས་གླེང་འདོད་པ་ནི་སྐོར་ལམ་གྱི་གནས་ཚུལ་ཞིག་ཡིན། དེ་ཡང་མཆོད་རྟེན་ཆེན་མོའི་ལྷོ་ནུབ་མཆོད་མེ་ལྷ་ཁང་གྱི་མདུན་དུ་དད་ལྡན་ཁ་ཅིག་གིས་༼གཅོད་༽གཏོང་བཞིན་འདུག་ལ། སྐོར་བ་རྒྱག་མཁན་ཁ་ཅིག་དེར་དོ་སྣང་ཆེ་མདོག་གིས་ལྟ་ཉན་བྱེད་ཀྱིན་འདུག། ང་རང་ཡང་དེར་ཕྱིན་ནས་མཉན་པས་ཕྱི་ཚུལ་ནས་གཅོད་ཡག་པོ་ཞིག་གཏོང་གིན་པའི་སྣང་བ་ཤར། ཚིག་དག་ལ་གདངས་སྙན་པ། ཌཱ་དྲིལ་དང་ལུས་ངག་གི་ཉམས་འགྱུར་གང་འཚམས་ལྡན་པ། ཕར་བལྟས་ཚོད་ལ་ལུས་སེམས་རྩེ་གཅིག་གིས་འདོན་པ་ལྟར་སྣང་། ང་རང་གིས་ད་བར་གཅོད་བཏང་མྱོང་མེད་ཀྱང་། གཅོད་བཏང་མྱོང་མཁན་དང་མཉམ་དུ་གཅོད་ཀྱི་སྐོར་ལབ་གླེང་འདྲ་བྱས་མྱོང་བ་མ་ཟད། གཅོད་ཀྱི་དཔེ་ཆ་ཡང་ཁ་ཤས་བཀླགས་མྱོང་། རྒྱུ་མཚན་དེ་དག་ལ་བརྟེན་ནས་ངའི་སེམས་ནང་ལ་གཅོད་ཟེར་བ་འདི་ཁྱད་དུ་འཕགས་པའི་ནང་ཆོས་ཀྱི་ཉམས་ལེན་ཞིག་ཡིན་པ་ཤེས། འོན་ཀྱང་དེང་སང་གཅོད་འདི་ནི་སྔགས་པ་དང་ཁྱིམ་པ་རྣམས་ཀྱི་ཆོས་སྐལ་ལྟ་བུ་ཞིག་ཏུ་གྱུར་བའམ་ཡང་ན་འཚོ་རྟེན་གལ་ཆེན་ཞིག་ཏུ་གྱུར་འདུག མ་ཟད་རྡོར་གདན་དུ་འབྲུག་ཡུལ་ནས་ཁྲོས་མ་ཚོགས་པས་ལོ་ལྟར་གཅོད་ཀྱི་འབུམ་ཚོགས་འཚོག་སྲོལ་བཙུགས་ནས་ལོ་ཤས་ཕྱིན། སྐབས་དེར་ཡང་གཅོད་གཏོང་མཁན་ཕལ་ཆེ་བ་ཁྱིམ་པ་ཤ་སྟག་ཏུ་སྣང་། དོན་ངོ་མར་ཁོང་ཚོས་གཅོད་མིང་དོན་མཚུངས་པ་ཞིག་གཏོང་ཐུབ་ཀྱི་ཡོད་དམ། དེ་ལས་ཀྱང་ཁོང་ཚོས་སྔོན་འགྲོ་འབུམ་ལྔ་འདྲ་བསགས་སྦྱང་བྱས་ན་དགེ་མཚན་ཆེ་སྙམ་པའི་རྟོག་འཆར་ཞིག་བྱུང་། འོན་ཀྱང་ངས་མཐའ་གཅིག་ཏུ་དེ་ལྟར་ཟེར་མི་ཕོད། སྦས་པའི་རྣལ་འབྱོར་པ་ཞེས་པ་དེ་གང་དུའང་ཡོད་སྲིད།
གཅོད་ཟེར་བ་འདི་ནི་ཆོས་ཀྱི་གོ་རྟོགས་གང་འཚམས་ཡོད་མཁན་ཞིག་གིས་ཉམས་སུ་བླང་རྒྱུ་ཡིན་པ་ནི་གཅོད་གཞུང་གི་ཚིག་དོན་ལ་ཅུང་ཟད་བསམས་པས་ཀྱང་གསལ་པོ་འདུག དེར་བརྟེན་གུས་པའི་བསམ་བློར་གཅོད་འདི་ནི་ནང་ཆོས་ལ་ཐོས་བསམ་གང་ལ་གང་འཚམས་བྱས་ཟིན་ཅིང་སྒྲོ་འདོགས་གང་འཚམས་བཅད་ཟིན་མཁན་དག་གིས་སྒོམ་པ་ཉམས་ལེན་གྱི་དོད་དུ་ལག་ལེན་བསྟར་རྒྱུ་ཞིག་རེད་འདུག་སྙམ། དེང་སང་གི་དུས་ཚོད་ལ་བསམས་ན། ཆེས་བཀུར་བར་འོས་པའི་མཁན་སློབ་དགེ་བཤེས་རྣམས་ཀྱི་ཆོས་སྐལ་ཞིག་རེད། ག་ཚོད་སྐྱོ་ན་ཡང་མ་མཐར་ལོ་ངོ་དགུ་ཡི་རིང་གཞུང་ཆེན་བཀའ་པོད་ལྔ་དང། དེའི་སྟེང་དུ་སྔགས་རྒྱུད་སྡེ་བཞི་དང་བཅས་པར་གསན་བསམ་གནང་ཟིན་པ་ཞིག་རེད། གཅད་བྱ་བདག་འཛིན་དང་གཅོད་བྱེད་བདག་མེད་རྟོགས་པའི་ཤེས་རབ། ད་དུང་གཅོད་ཚུལ་དང་བཅད་པའི་འབྲས་བུ་སོགས་ཐམས་ཅད་ལ་ལོ་ནས་ལོ་བསྟུད་ཧ་ཅང་ཞིབ་ཅིང་ཕྲ་བའི་སྒོ་ནས་རྩད་གཅོད་གནང་སྟེ། དེ་དག་གི་ངོས་འཛིན་ཁྱིམ་པ་ཕོ་མོ་རྣམས་ལས་ལོས་དྲག དེས་ན། གཅོད་འདི་མཁན་པོ་དང་དགེ་བཤེས་དེ་བཞིན་སློབ་དཔོན་རྣམས་ཀྱི་ཆོས་སྐལ་ཞིག་ཡིན་པར་འདུག མཁན་སློབ་དགེ་བའི་བཤེས་གཉེན་རྣམས་ཀྱིས་མར་ཁ་བསྐོར་ནས་ཆོས་འཆད་པ་ཙམ་གྱིས་མི་འགྲིག་པར་ཁ་ཡར་བསྐོར་ནས་གཅོད་ཀྱི་ཉམས་ལེན་ལ་ཞུགས་ཏེ་དགུང་སེང་གི་སྐབས་སོགས་དོན་ལྡན་ཞིག་མཛད་ན་ཤིན་ཏུ་ལེགས། མདོ་སྔགས་སྤྱི་དང་ཁྱད་པར་དབུ་ཕྱག་རྫོགས་གསུམ་གྱི་གོ་བ་དེས་རྒྱས་བཏབ་སྟེ་གསུང་སྐད་ཀྱི་འགྱུར་ཁུག ཌཱ་དྲིལ་དང་ལུས་ཀྱི་ཉམས་འགྱུར་སོགས་ཐབས་ཁྱད་པར་ཅན་གྱི་གྲོགས་དང་བཅས་གཅོད་ཀྱི་ཉམས་ལེན་ཞིག་གནང་བ་ཡིན་ན། ཐོས་བསམ་དོན་ལྡན་ལོས་ཡིན། རྗེ་མི་ལ་དང་རྒྱལ་བ་ཀློང་ཆེན་པ་དེ་བཞིན་རྗེ་བདག་ཉིད་ཆེན་པོ་ལྟ་བུའི་མི་ཚེ་སྒྲུབ་པ་ཉམས་ལེན་ཞིག་མ་ནུས་ཀྱང་། དགུང་སེང་དང་བར་གསེང་སོགས་སུ་གཅོད་ཚར་རེ་ཉམས་ལེན་གནང་བ་ཡིན་ན་ཁྱིམ་པ་ཕོ་མོ་རྣམས་ལས་གནམ་སའི་ཆོད་ཆེ་བ་སྨོས་ཅི། ཁྲོ་མའི་ཚོགས་པ་སོགས་མི་ཤེས་ཀྱང་། དོན་ངོ་མར་མཁན་སློབ་གཅོད་ཚོགས་ཟེར་བ་ལྟ་བུ་གོ་སྒྲིག་བྱས་ཏེ་རྡོར་གདན་བྱང་ཆུབ་ལྗོན་ཤིང་དྲུང་དུ་ཆོས་གོས་སེར་ཆིལ་ལེར་གཅོད་ཀྱི་ཉམས་ལེན་ལ་གཞོལ་བ་ཡིན་ན། ཅི་འདྲའི་དད་ལྡན་དང་བ་འདྲེན་པ་དང་འབྱོར་ལྡན་བསོད་ནམས་གསོག་པ་ཞིག་རེད་ཨང་སྙམ། གཅོད་ཀྱི་ཉམས་ལེན་འདི་ངོ་མ་རླབས་ཆེ། འོན་ཀྱང་ཡིད་བཞིན་གྱི་ནོར་བུ་འདི་བདག་པོ་རྒྱག་མཁན་་་་་་་་་་་་་་་་་་་་་་་།
༢༠༡༢།༠༣།༠༢ ཉིན་རྡོར་གདན་དུ་བྲིས།
གཅོད་ཀྱི་སྐོར་ལ་གུས་པ་ཡང་དེ་ཙམ་གསལ་པོ་མ་ཤེས་ཀྱང་། མཚམས་རེ་གྲ་མིན་སྐྱ་མིན་རེ་བཟུང་གིས་འཚོ་རྟེན་ཁོ་ནའི་ཆེད་དུ་ཡིན་པ་ནང་ལྟར་བྱས་ཀྱི་འདུག་པས་མཐོང་སྣང་ཡག་པོ་ཞིག་མིན་འདུག
གཅོད་མཁན་ཁྱིམ་པ་ཕོ་མོ་གཅིག་པུ་མ་ཡིན་པར་མཁན་སློབ་བླ་མ་དགེ་བའི་བཤེས་གཉེན་མང་པོ་ཞིག་གིས་ཉམས་སུ་བསྟར་བཞིན་ཡོད། མ་མཐོང་མ་ཐོས་རྒྱུ་མཚན་བྱས་ཏེ་བྱུང་རྒྱལ་དུ་སྨྲས་པས་ལས་ངན་གསོག་པའི་རྒྱུ་ལས་མ་འདས། སྤྱིར་སྔགས་ཀྱི་ཉམས་ལེན་ཚིག་རྐྱང་གིས་མི་གོ་ཞིང་རྒྱུ་ནོར་སྟོབས་དབང་ཤེད་ཀྱིས་ཀྱང་རྟོགས་མི་ཐུབ། དེ་བས་སེར་སྐྱ་སུ་ཡིན་རུང་སྔ་མའི་ལས་འཕྲོ་སྡིག་སྒྲིབ་ཀྱི་བག་ཆགས་བསྲབ་ཅིང་དད་དམ་ལྡན་པས་ཉམས་སུ་ལེན་ན་ཤེར་ཕྱིན་གྱི་དགོངས་དོན་ཕྱིན་ཅི་མ་ལོག་པ་རྟོགས་པར་གྱུར། གཅོད་ཞེས་པ་བདུད་བཞི་གཅོད་པ་ཟེར།
དྲ་གྲོགས་རྒྲལ་མཚོ་ཆེན་པོ་ལགས་ཀྱི་གསུང་དེ་ལ་གུས་འདུད་ཡོད། ཁྱེད་ཀྱིས་གསུང་བཞིན་ལས་ང་ལ་དམིགས་གསལ་གང་ཡང་ཞུ་རྒྱུ་མེད་ངས་ཀྱང་ཁྱེད་ལ་རྒྱབ་སྐྱོར་ཞིག་གི་ཚུལ་དུ་ཞུ་སྙིང་འདོད། དེས་ན་གཅོད་ཞེས་པ་འདི་སྐྱ་མིན་སེར་མིན་ཁྱིམ་པ་ཕོ་མོ་ཚོས་གང་དྲན་དྲན་བྱས་ནས་དར་ཡོང་བ་ཞིག་མ་རེད། འདི་འཕགས་ཡུལ་རྒྱར་ནས་དངོས་སུ་གྲུབས་པ་ཐོབ་པའི་རྒྱ་གར་བ་ཕ་དམ་པ་སངས་རྒྱས་ལགས་སྐུ་དངོས་སུ་བོད་ཡུལ་དུ་ལན་གསུམ་བྱོན་པ་ལས་ལན་གསུམ་པའི་སྐབས་སུ་ཡར་ཀླུང་པ་སྨ་ར་སེར་པོ་དང་། སྐྱོ་བསོད་ནམས་བླ་མ་གཉིས་ལ་ཞི་བྱེད་གཅོད་ཀྱི་གདམས་ངག་འདི་གནང་བ་ཡིན། སྐྱོ་བསོད་ནམས་བླ་མ་ལ་བུ་སློབ་དུ་མ་ཞིག་ཡོད་པ་ལས་
ཆོས་བདག་མེད་ལ་སྙིང་རུས་སུ་ཆེ་རེད། ཁྱིམ་པ་དང་རབ་བྱུང་ཞེས་རིས་སུ་གཅོད་པའི་གཅོད་པ་དེ་མ་གནང་རོགས།
གཅོད་ཟེར་བ་འདི་ཁྱིམ་པ་ཕོ་མོ་གཅིག་པུའི་ཆོས་སྐལ་མ་རེད། བོད་ཀྱི་ས་དགེ་དཀའ་རྙིང་ཡོངས་ཀྱིས་ཉམས་སུ་ལེན་བཞིན་ཡོད་པ་རེད། སྤྱིར་ན་གཅོད་ཟེར་བ་འདི་གནས་དུར་ཁྲོད་དང་ལུང་སྟོང་སོགས་གཉན་པའི་གནས་སུ་དམར་འགྱེད་ཆེན་པོ་ཟེར་བའི་སྦྱིན་པའི་བྱེད་སྒོ་ཆེན་པོ་ཞིག་སྤེལ་རྒྱུ་ཡོད། དེའི་སྐབས་སུ་ལྷ་འདྲེ་མི་མིན་སུ་འདྲ་བ་ཞིག་ལ་གཅོད་པ་དེའི་ལུས་སྲོག་ལོངས་སྤྱོད་དགོས་མཁོ་ཡོད་ན་དེ་འབུལ་གྱིན་ཡོད། དེའི་སྐབས་སུ་དབེན་པའི་གཉན་ས་དེ་འདྲ་བ་ལ་དམར་འགྱེད་ཆེན་པོའི་སྐབས་སུ་རང་སྲོག་གཅོད་པས་ན་གཅོད་ཅེས་ཟེར་བ་འདྲ། བདག་འཛིན་གཅོད་ཟེར་བ་སོགས་གཞུང་ལུགས་ལ་སྦྱར་སྲོལ་འདུག་ཀྱང་གཙོ་བོ་ནི་རང་སྲོག་གཅོད་པ་དེ་ལ་གོ་དགོས། དེའི་སྐབས་སུ་གཅོད་པ་དེ་ལྷ་འདྲེ་མི་མིན་སུས་ཀྱང་གསོད་རོགས་མ་བྱས་པར་ཕྱོགས་མཐར་སྤྲང་པོ་ལྟ་བུར་འཆམ་སོང་བ་དེ་འདྲ་མང་པོ་ཡོད་པ་འདྲ། དེའི་དབང་གིས་གཅོད་པ་དེ་སྤྲང་པོའི་ཆོས་འདྲ་བ་དང་ཁྱིམ་པའི་ཆོས་སྐལ་ལྟ་བུར་ཆགས་སོང་བ་མིན་ནམ།
རང་དང་མཉམ་པའི་སློབ་མ་མ་ལབ་སྒྲོལ་ཡིན་པ་རེད། མ་ལབ་སྒྲོལ་གྱིས་སྐྱོ་བསོད་ནམས་བླ་མ་ལས་གཅོད་ཀྱི་གདམས་ངག་རྣམས་ཞུས་ཏེ་ཉམས་སུ་བླང་གྲུབ་པ་གཉེས་པ་མ་ཚད་ཁོང་གི་སྲས་རྣམས་ཀྱང་གྲོལ་སོང་བ་རེད། མ་ལབ་སྒྲོལ་ནས་རྒྱུད་པའི་གཅོད་ཀྱི་རྒྱུད་པ་དེ་ལ་མོ་གཅོད་དང་ཡར་ཀླུང་པ་སྨ་ར་སེར་པོ་དང་སྐྱོ་བསོད་ནམས་བླ་མ་གཉིས་ནས་རྒྱུད་པ་དེ་ལ་ཕོ་གཅོད་ཞེས་དུས་ད་ལྟ་བར་དུ་གཞུགས་བཞིན་པ་འདི་ཁོང་རྣམས་ཀྱིས་དཀའ་དྲིན་ལས་བྱུང་བ་ཡིན། རྣམས་པ་ཚོས་མ་མཁྱེན་ན་ཡིག་ཆ་ལ་གཟིག་དང་གཅོད་ཀྱི་ཡིག་ཆ་ས་སྐྱ་དང་རྙིང་མ་བཀའ་རྒྱུད་སོགས་ལ་ཤིན་ཏུ་མང་པོ་རེད་དགེ་ལུགས་ལ་ཡོད་ན་མེད་མི་ཤེས། མཁྱེན་ཀོང་གཉིས་ཀྱིས་དཀའ་དྲིན་སྲིད་ན་གཞལ་ཟླ་བྲལ་བ་མཛད་པའི་སྒྲུབ་རྒྱུད་ཤིན་རྟ་ཆེན་པོ་བརྒྱད་ཀྱི་ནང་ལ་གཟིགས་དང་ཞི་བྱེད་གཅོད་ཀྱི་རྒྱུད་པ་དེ་གཅིག་ཡིན་པ་རེེད་དོ།།
གཅོད་ཞེས་པ་བདག་འཛིན་་གཅོད་པ་ལ་གོ་དགོས། ལུས་སྲོག་གཅོད་པ་ལ་ཟེར་བ་མིན། གནས་དབེན་པ་དུར་ཁྲོད་ནང་དུ་གཅོད་གཏོང་བའི་ཉམས་ལེན་གྱི་སྐབས་སོ་སོའི་ལུས་ལ་ཆགས་པའི་འཇིགས་སྣང་ངམ་བདག་འཛིན་ཞིག་་རང་བཞིན་གྱི་ཡོང་གི་རེད། བདག་འཛིན་དེ་སྤོང་བའི་ཐབས་ལམ་ཁྱད་པར་ཞིག་ཡིན་པར་སེམས། གཅོད་གཏོང་བའི་ལུགས་སྲོལ་ས་དགེ་བཀའ་རྙིང་རིས་སུ་མ་མཆིས་པའི་ནང་དུ་མང་པོ་ཡོད་ཀྱང་། དགོན་པའི་ནང་དུ་གཅོད་གཏོང་བའི་ལུགས་སྲོལ་མང་པོ་མི་འདུག དེའི་སྐོར་རྒྱུ་མཚན་ཞིག་བཤད་ཀྱི་འདུག་གུས་ནས་བརྗེད་ཚར་འདུག ཆོས་གྲོགས་རྣམས་ཀྱི་ཁ་བསྣོན་གནང་རོགས། ཞི་བྱེད་གཅོད་ཀྱི་ཆོས་བརྒྱུད་ལོགས་སུ་བརྩིས་སྲོལ་ཞིག་ཡོད་པ་འཇམ་མགོན་ཀོང་སྤྲུལ་གི་གསུངས་ཡོད། ཡིན་ནའང་དུས་ཕྱིས་ཆོས་བརྒྱུད་ཕལ་མོ་ཆེའི་ཉམས་ལེན་གནང་གི་ཡོད་རེད།
ཆོས་བདག་མེད་ལ་སྙིང་རུས་སུ་ཆེ་ཟེར་བ་བདེན་པ་རེད། ཡིན་ན་ཡང་གཅོད་སྟངས་ཡོངས་སུ་ཤེས་ནས་གཅོད་པ་དང་མ་ཤེས་པར་གང་བྱུང་གཅོད་པ་གཉིས་ལ་ཁྱད་ཆེ་བ་མཁྱེན་གསལ་རེད། དེས་ན། ཡུན་རིང་གཞུང་ཆེན་ལ་སློབ་གཉེར་སྔོན་སོང་བ་རྣམས་གཅོད་དོན་གང་ལ་གང་འཚམས་ཤེས་པའི་རྒྱུ་མཚན་གྱིས་དེ་ཚོས་གཅོད་ཉམས་སུ་བླངས་ན་དོན་དང་ལྡན་རབས་བཤད་པ་ཡིན། ཁྱིམ་པ་ཕོ་མོ་ཚོའི་ནང་གཅོད་དོན་ཤེས་མི་ཤེས་ནི་ཧ་གོ་གཏིང་གསལ་ཡིན་པས་མང་དུ་བརྗོད་ཅི་དགོས། རང་གིས་ལག་པས་མི་སྙོབ་ས་ཞིག་ལ་འབད་པས་ངལ་བ་དོན་མེད་ལས་གཞན་མ་མཆིས། དེའི་ཕྱིར་ཁྱིམ་པ་དང་རབ་བྱུང་ཞེས་རིས་སུ་གཅོད་པ་ཞིག་གཏན་ནས་མིན།
རྒྱ་མཚོ་ཆེན་པོ་ལགས་ཀྱིས། ༼དེ་བས་སེར་སྐྱ་སུ་ཡིན་རུང་སྔ་མའི་ལས་འཕྲོ་སྡིག་སྒྲིབ་ཀྱི་བག་ཆགས་བསྲབ་ཅིང་དད་དམ་ལྡན་པས་ཉམས་སུ་ལེན་ན་ཤེར་ཕྱིན་གྱི་དགོངས་དོན་ཕྱིན་ཅི་མ་ལོག་པ་རྟོགས་པར་གྱུར།༽ཞེས་པ་ཏོག་ཙམ་འགྲིགས་མི་འདུག སྔ་མའི་ལས་འཕྲོ་དང་བག་ཆགས་སྲབ་མཐུག་སོགས་ཀྱི་སྐད་ཆ་བཤད་རྒྱུ་མང་དྲགས་པས་ང་ཚོ་འདི་ལྟར་རྨོངས་འཐོམ་དུ་ལུས་པ་རེད། ང་ཚོ་སྐྱ་སེར་མང་པོ་ཞིག་གིས་ཉམས་ལེན་ཆེན་པོ་དང་རྫིག་པོ་ཟབ་མོ་འདྲ་ཞིག་བྱེད་ཁུལ་ཡིན་ཡང་དེའི་དོན་ཤེས་ནས་འཇུག་པ་ཞིག་མཐོང་དཀོན། ཉམས་སུ་བླང་བྱ་གང་དང་གང་ཡིན་ཡང་དེ་དོན་ཡོངས་སུ་ཤེས་ནས་དད་པ་དང་དམ་ཚིག་ལྡན་པ་ཞིག་ཡོང་ཐབས་ལ་འབད་སྐུལ་བྱེད་དགོས་པ་ནི་གལ་པོ་ཆེ། ཤེས་ཟིན་པའི་རྗེས་སུ་ཉམས་ལེན་དུ་བསྟར་དགོས་པ་དེ་ཡང་དེ་བས་གལ་པོ་ཆེ་བས་ན། གཅོད་འདི་མཁན་སློབ་དགེ་བཤེས་རྣམས་ཀྱི་ཆོས་སྐལ་ཡིན་པར་གླེང་བ་ཙམ་ཡིན།
གནའ་སྔ་མ་སྔ་མ་གཅོད་ཡག་པོ་དེ་འདྲ་ཡོད་སྲིད། དེང་གི་སྐབས་སུ་གཅོད་ཟེར་བ་དེ་བདག་འཛིན་གཅོད་པ་དང་། རང་སྲོག་གཅོད་པ་གང་ཡང་མ་ཡིན་པར་གཞན་གྱི་ལག་ནས་དཔལ་འབྱོར་གཅོད་པ་དང་། རང་གི་མི་གཞི་གཅོད་པ། རང་གཞན་རོགས་གསུམ་གྱི་མི་ཁ་མནའ་ཁྲེལ་གཅོད་པ་བཅས་ལ་གོ་དགོས།
ཨ་ལེ། ད་ཡིན་དུས། མི་སྐྱ་དེ་ཚོས་དགེ་འདུན་པའི་ལས་ཀ་འཕྲོག་འདུག དེ་དངོས་གནས་འགྲིག་གི་མི་འདུག མི་སྐྱ་ཚོས་ཚོང་རྒྱག་ཡ་དང་། ལས་ཁུངས་ལ་ལས་ཀ་བྱས་ཡ་དང་། ཟ་ཁང་ལ་ལས་ཀ་བྱས་ཡ་སོགས། གང་ལྟར། ལས་ཀ་གཞན་དག་བྱས་ནས་འཚོ་བ་སྐྱེལ་དགོས་རེད་མ་གཏོགས། གཅོད་བཏོན་ནས་འཚོ་བ་སྐྱེལ་ཐབས་འདི་་ དགེ་འདུན་པའི་ལས་ཀ་རེད་པཱ། གལ་སྲིད་མི་སྐྱ་མང་པོས་ལས་ཀ་དེ་བྱས་པ་ཡིན་ན། དགེ་འདུན་པའི་ལས་ཀ་ཤོར་གི་མ་རེད་པས། དེ་དངོས་གནས་ཡག་པོ་མི་འདུག
ཐུའུ་བཀྭན་གྲུབ་མཐའ་ལས། དེ་ཡང་གཅོད་ཅེས་བྱ་བའི་སྒྲ་དོན་ནི། གདམས་པའི་བྱེད་ལས་ཀྱི་སྒོ་ནས་བཏགས་པ་སྟེ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་རང་དོན་ཡིད་བྱེད་གཅོད། སྟོང་ཉིད་ཀྱི་ལྟ་བས་འཁོར་བའི་རྩ་བ་གཅོད། ཐུན་མོང་གིས་བདུད་བཞི་གཅོད་པས་དེ་སྐད་དུ་བཏགས་ལ། ཡང་སྤྱོད་ཅེས་ཀྱང་བྱ་སྟེ། རྒྱལ་བའི་སྲས་ཀྱི་ཉམས་ལེན་ཐབས་ཤེས་ཀྱི་ལམ་ལ་སྤྱོད་པས་དེ་ལྟར་དུ་གྲགས་སོ། །ཞེས་གསུངས་འདུག གཞན་ཡང་ཁོང་གིས། རྒྱལ་བ་ཙོང་ཁ་པ་ཆེན་པོ་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བསྩལ་པའི་འཇམ་དབྱངས་ཆོས་སྐོར་དུ་ཁྲོས་ནག་གི་བྱིན་རླབས་དང་གཅོད་ཀྱི་མན་ངག་བཞུགས་པ་རྒྱལ་བ་དབེན་ས་བ་ནས་རིམ་པར་བརྒྱུད་དེ་དེང་སང་རང་ཕྱོགས་སུ་དར་རྒྱས་ཆེ་བ་འདི་ཉིད་དོ། །ཞེས་ཀྱང་གསུངས་འདུག ད་དུང་ཁོང་གིས། གཅོད་ཀྱི་གདམས་པའི་ངོ་བོ་ནི། ཤེས་རབས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྔགས་དང་རྗེས་སུ་མཐུན་པར་སྤྱོད་པ་སྟེ། གདམས་པའི་ཁུངས་ཡུམ་རྒྱས་འབྲིང་བསྡུས་གསུམ་དང་ལྷག་པར་དུ་མདོ་སྡུད་པ་ཡིན་པར་མཁས་གྲུབ་ཐམས་ཅད་དགོངས་པ་མཐུན་ཅིང་། ཞེས་གསུངས་འདུག ད་དུང་གཞན་ཡང་ཁོང་གིས། ལྟ་བ་ནི། གདམས་པའི་ཁུངས་ཡུམ་རྒྱས་འབྲིང་བསྡུས་གསུམ་དང་མདོ་སྡུད་པ་ལ་ཐུག་པས་ན། དབུ་མ་ཐལ་འགྱུར་བའི་ལྟ་བ་ལས་མ་འདས་ཤིང་། ལབ་སྒྲོན་གྱི་གསུང་ཡིན་ངེས་རྣམས་སུའང་དེ་བཞིན་འབྱུང་མོད། བར་སྐབས་སུ་གདམས་པ་འཛིན་པ་རྣམས་ཀྱིས་ཇི་ལྟ་བ་བཞིན་འཆད་མ་ཤེས་པར་ཟེར་སྒྲོས་སྣ་ཚོགས་པ་བསྲེས་པ་དང་། གཅོད་འདི་གྲུབ་མཐའ་རིས་མེད་ལ་དར་བས་རང་རང་གི་གྲུབ་མཐའི་ཞེན་གྱིས་ལྟ་བ་སྒོམ་ཚུལ་ཅི་རིགས་སུ་བཤད་པ་བྱུང་སྣང་ངོ་། །ཞེས་གསུངས་འདུག དྲྭ་གྲོགས་རྣམས་ལ་ཕན་ཐོགས་རེ་བྱུང་ན་སྙམ་སྟེ་བཀོད་པ་ལགས་སོ།།
གཅོད་ཞེས་པ་འདི་ནི་བདག་འཛིན་སྤོང་བའི་གཉེན་པོ་མཐུན་མོང་མ་ཡིན་པ་ཞིག་ཏུ་གྱུར་པ་གྲུབ་ཐོབ་གོང་མ་རྣམས་ཀྱི་གསུང་འགུར་ལས་གསལ། དེ་ནི་དེང་དུས་མིག་དང་རྣ་བའི་དགའ་ཆོས་མ་ཟད་འཚོ་རྟེན་དུ་བྱེད་པ་འདི་ཡང་ཆེས་དམིགས་གསལ་གང་ཡང་མ་མཐོང་། རྒྱུ་མཚན་ནི་དབུ་ཕྱག་རྫོགས་གསུམ་དང་དབང་བཞི་སོགས་ཆེ་ས་ནས་བཤད་ནདགོན་པ་དང་གྲ་ཚང་དག་གི་འཚོ་རྟེན་དང་། ཆུང་ས་ནས་ལབ་ན་མཁན་སྤྲུལ་དང་བན་ཆུང་བཙུན་མ་སྔགས་པ་རྣམས་ཀྱི་དགོས་མཁོ་སྐྲུན་བྱེད་ཀྱི་ཅ་དངོས་ཞིག་ཏུ་གྱུར་པ་མངོན། དངོས་གནས་བཤད་ན་ཕྱག་རྫོགས་སོགས་ནི་ཐར་པ་དོན་གཉེར་ཅན་གྱི་ཁྱད་ནོར་བླ་ན་མེད་པ་ཞིག་ཡིན་མོད་ཀྱི་དེང་དུས་ཕལ་ཆེར་གྱིས་ཟོང་དུ་བྱེད་པ་འདི་ཉིད་འབྲོང་ངུར་གྱིས་མ་ཤེས་པ་ཡིན་ནམ།
ཨོའུ་ཙི་འབྲོང་ངུར་ལགས་ཀུ་རེ་ཡིན། གནའ་དུས་ཡིན་ན་གཅོད་ཞེས་པ་བདག་འཛིན་གཅོད་པ་དང་ཉོན་མོངས་སོགས་གཅོད་པ་ལ་གཅོད་ཅེས་གྲགས་ཀྱང་དེང་སྐབས་སུ་ཚད་མེད་བཞི་དང་ཕར་ཕྱིན་དྲུག་སོགས་གཅོད་པ་ལ་གཅོད་ཞེས་ལབ་ན་མི་འགྲིག་གམ།
འབྲོང་ངུར་ཆོས་རྗེ་ལགས་ནས་གསུངས་པ་རྣམས་ངའི་སེམས་ཤིན་ཏུ་ཐད། ངས་ཀྱང་དེའི་ཕྱོགས་སུ་ཚོད་ལྟ་ཞིག་བྱེད་བཞིན་ཡོད།།
ལས་དང་བག་ཆག་སོགས་ཀྱི་སྐད་ཆ་མ་བཤད་གསུང་ན་གནད་ལུགས་དང་་མཐུན་གྱི་ཡོད་ན་མེད་ན། སྐྱེ་བ་སྔ་མའི་ལས་བཟང་ངན་དང་བག་ཆག་སྲབ་འཐུག་སོགས་ནི་སྐྱེ་བ་སྔ་ཕྱི་ཁས་ལེན་མཁན་ཞིག་ཡིན་ཕྱིན་ཆད་སྐད་ཆ་དེ་བཤད་དགོས་ཀྱི་ཡོད་ལ་ཁས་ཡང་ལེན་དགོས་ཀྱི་རེད། ནང་ཆོས་ཉམས་སུ་ལེན་མཁན་ཞིག་གི་ངོས་ནས་བཤད་ན་སྐྱེ་བ་འདི་ཙམ་མ་ཡིན་པ་སྐྱེ་བ་སྔ་མ་དག་གི་ལས་ངན་པ་དང་བག་ཆག་ངན་པ་ཇི་སྙེད་ཅིག་གསགས་ཡོད་པ་དེ་དག་ཐམས་ཅད་སྦྱང་སྟེ་བྱང་བ་ཡིན་་ན་ཐར་པ་དང་མྱང་འདས་ཀྱི་ས་ལ་བགྲོད་ནུས་པ་ཡིན།
གཅོད་ཀྱི་མཚོན་པ་དཔེ་དྲུག་ཏུ་གསལ་པ་ལྟར་ན།
གཅོད་འདི་གངས་དཀར་དང་འདྲ་སྟེ་གངས་ལ་ཁ་བ་བབས་ཀྱང་དཀར་ལ་མ་བབས་ཀྱང་དཀར་བ་བཞིན་གཅོད་མཁན་ལ་ཐོས་པ་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག་གོ །
དངོས་གྲུབ་ཀྱི་ཆུ་མིག་དང་འདྲ་སྟེ་གྲུབ་ཆུ་ལ་མི་མང་ཉུང་གི་ཚོད་དང་འཚམས་པར་འབྱུང་བ་བཞིན་གཅོད་ལུགས་འདིར་གང་ཟག་གི་བློ་ཚོད་དང་འཚམས་པར་བསླབ་ཏུ་ཡོད་པའོ། །
གསེར་དང་གཡུ་སོགས་རིན་པོ་ཆེ་ཆག་པའི་དུམ་བུ་དང་འདྲ་སྟེ་དེ་ཆེ་ན་རིན་ཐང་ཆེ་ལ་ཆུང་ན་ཡང་དེ་དང་འཚམས་པའི་རིན་ཐང་ཡོད་པ་བཞིན་གཅོད་སྐོར་རྒྱ་ཆེན་ཤེས་ན་ཡོན་ཏན་དཔག་ཏུ་མེད་ལ་ཅུང་ཟད་ཤེས་པས་ཀྱང་རང་གཞན་ལ་ཕན་ཐོགས་པའོ། །
རྟ་བཟང་པོའི་སྤུ་དང་འདྲ་སྟེ་རྟ་མཆོག་གཟུགས་འགྲོས་ལེགས་པ་ལ་སྤུ་མདོག་ཁྱད་པར་མེད་པ་བཞིན་གཅོད་ཡུལ་གང་ཟག་དེ་མཆོག་དམན་གང་ཡིན་ཡང་གཞན་ལས་བྱིན་རླབས་ཆེ་བ་ཡིན་པའོ། ། ཞེས་སོགས་གསལ་ལོ། །
གཅོད་ཀྱི་མཚོན་པ་དཔེ་དྲུག་ཏུ་གསལ་པ་ལྟར་ན།
གཅོད་འདི་གངས་དཀར་དང་འདྲ་སྟེ་གངས་ལ་ཁ་བ་བབས་ཀྱང་དཀར་ལ་མ་བབས་ཀྱང་དཀར་བ་བཞིན་གཅོད་མཁན་ལ་ཐོས་པ་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག་གོ །
དངོས་གྲུབ་ཀྱི་ཆུ་མིག་དང་འདྲ་སྟེ་གྲུབ་ཆུ་ལ་མི་མང་ཉུང་གི་ཚོད་དང་འཚམས་པར་འབྱུང་བ་བཞིན་གཅོད་ལུགས་འདིར་གང་ཟག་གི་བློ་ཚོད་དང་འཚམས་པར་བསླབ་ཏུ་ཡོད་པའོ། །
གསེར་དང་གཡུ་སོགས་རིན་པོ་ཆེ་ཆག་པའི་དུམ་བུ་དང་འདྲ་སྟེ་དེ་ཆེ་ན་རིན་ཐང་ཆེ་ལ་ཆུང་ན་ཡང་དེ་དང་འཚམས་པའི་རིན་ཐང་ཡོད་པ་བཞིན་གཅོད་སྐོར་རྒྱ་ཆེན་ཤེས་ན་ཡོན་ཏན་དཔག་ཏུ་མེད་ལ་ཅུང་ཟད་ཤེས་པས་ཀྱང་རང་གཞན་ལ་ཕན་ཐོགས་པའོ། །
རྟ་བཟང་པོའི་སྤུ་དང་འདྲ་སྟེ་རྟ་མཆོག་གཟུགས་འགྲོས་ལེགས་པ་ལ་སྤུ་མདོག་ཁྱད་པར་མེད་པ་བཞིན་གཅོད་ཡུལ་གང་ཟག་དེ་མཆོག་དམན་གང་ཡིན་ཡང་གཞན་ལས་བྱིན་རླབས་ཆེ་བ་ཡིན་པའོ། ། ཞེས་སོགས་གསལ་ལོ། །
ཡང་དྲྭ་གྲོགས་འགའ་རེས་རང་ཉིད་ཀྱི་བསམ་བློའི་ཁ་ཕྱོགས་དེ་རྟགས་སུ་བཀོད་ནས་གཞན་གྱི་བྱ་བ་དག་ཀྱང་དེ་འདྲ་ཡིན་པ་སྒྲུབ་ཀྱི་འདུག་ཀྱང་། དེ་འདྲའི་རྟགས་དེ་མ་ཁྱབ་པའི་རྟགས་ལས་ཡང་དག་ཏུ་མི་རུང་སྟེ་སེམས་ཅན་མོས་པ་སྣ་ཚོགས་པ་ཡིན་པའི་ཕྱིར། མདོ་ལས་ཀྱང་། དགེ་སློང་དག་ང་དང་ང་འདྲ་བ་ལས་གང་ཟག་གཞན་ལ་ཚོད་འདེབས་པ་མི་བྱའོ། གསུངས་པའི་ཕྱིར་རོ། ལྟོ་གོས་ཙམ་གྱི་ཆད་དུ་ཡིན་ན་གཅོད་མ་ཡིན་རུང་དེང་གི་དུས་སུ་སྔགས་བླ་མེད་ཀྱི་གཞུངས་ལུགས་ཆེན་པོ་དག་དུ་བསྙད་པའི་ཕྱག་ཆེན་རྫོགས་ཆེན་ལམ་འབྲས་སོགས་ཀྱིས་རྒྱལ་ཁམས་ཀུན་ལ་བསྐོར་གྱི་ཡོད་ལ་མཆད་མཁན་དག་ཀྱང་དེང་སང་འབྱོར་ལྡན་དུ་གྱུར་ཡོད། དེས་ན་གཅོད་པ་མ་ཡིན་ཀྱང་རྐུ་ཡིད་ལ་ཡོད་ན་་འཇབ་ཞོར་དུ་འབྱུང་ཡོང་བ་ཆོས་ཉིད་རེད་འདུག
རྣམ་པ་ལྷན་རྒྱས་ཀྱིས་ངའི་རྩོམ་ཐུང་དེའི་བརྗོད་དོན་ཡང་སྙིང་ལ་བགྲོ་གླེང་མི་གནང་བར་རྒྱུ་མཚན་འདྲ་ཡོད་དམ། ཕོ་རོག་དཀར་ཕོས་གཅོད་ཀྱི་མཚོན་པ་དཔེ་དྲུག་བཀོད་འདུག་པ་དེའི་མཛད་པ་པོ་དང་དུས་རབས་སོགས་ཁ་གསལ་ཡོད་ན་འགོད་རོགས་གནོངས། དཔེ་དེ་དག་ཁྱད་མཚར་ཞིག་འདུག་གོ། རྗེས་སུ་ཞུ་ཆོག
ནུབ་ཕྱོགས་གངས་ཕྲུག་ལགས་ཀྱིས་དགོན་པའི་ནང་གཅོད་གཏོང་སྲོལ་མེད་པའི་སྐོར་གང་ཡིན་ཤེས་འདོད་ཡོད་པ་འདྲ། རྣམ་པ་ཚོས་དེའི་སྐོར་ཞིབ་གསལ་ཞིག་གསུངས་དང་། ངའི་བསམ་ཚུལ་ལྟར་ན། སློབ་གཉེར་ལ་བརྩོན་བཞིན་པའི་གྲྭ་བཙུན་རྣམས་ཀྱིས་དགོན་པའི་ནང་གཅོད་གཏོང་མི་ཆོག་པ་དང་། སློབ་མཐར་སོན་ཟིན་པ་རྣམས་ཀྱིས་རང་ཤག་ཏུ་གཅོད་བཏང་ནའང་ཆོག་པ་ཞིག་བྱུང་ན་སྐྱོན་ཆེར་མི་འདུག་སྙམ།
བདག་འཛིན་དང་། རང་གཅེས་འཛིན་རྩད་ནས་གཅོད་པས་ན། གཅོད་ཅེས་གྲགས་སོ། །ཕོ་གཅོད་དང་། མོ་གཅོད་ཙམ་མ་ཟད། མ་ནིང་གི་གཅོད་ཀྱང་གསར་དར་དང་།དར་རྒྱས་ཡུན་གནས་ཤོག །
དགོན་པའི་ནང་གཅོད་གཏོང་སྲོལ་མེད་པ་འདོད་མཁན་དག་ལ་ཞུ་རྒྱུ། ཁྱེད་རྣམས་པས་མ་མཐོང་བ་ཙམ་གྱིས་མེད་པ་སྒྲུབ་ནུས་ཀྱི་མ་རེད་རིམས་པས་ཉམ་ཞིབ་མཛོད་དང་། བོད་རྒྱུད་ནང་བསྟན་འཛིན་མཁན་གྱི་དགོན་པ་དུ་མ་ཞིག་ལ་གཅོད་ཀྱི་སྒྲུབ་པ་སྒྲུབ་ཆེན་ཉིན་གྲངས་དུ་མའི་རིང་ཚོགས་ཡ་ཡོད་རེད་ལ་དེ་དག་ནི་རང་རང་གི་དགོན་པའི་ནང་ལ་ཚོགས་ཀྱི་རེད། དེ་ཙམ་མ་ཚད་བོད་དུ་དགོན་པ་ཁ་ཤས་ཤིག་གིས་གཅོད་ཁོ་ན་ལ་རིགས་གཅིག་རྐང་འཛིན་ལྟ་བུ་མཛད་དེ་ཤི་གསོན་ཀུན་ལ་དབང་བསྐུར་ཞབས་རིམ་གཏོ་རྒྱག་ཟོར་འཕེན་འཕོ་འཕེན་དགེ་སྒྲུབ་སོགས་ཚང་མ་གཅོད་ཀྱི་སྒོ་ནས་མཛད་མཁན་དེ་འདྲ་ཡང་ཡོད་རེད།
༄༅།། དོམ་ཁྲ་ལགས། ཁྱེད་ཀྱི་ཕ་དམ་པ་སངས་རྒྱས་རྒྱ་གར་བ་རེད་གསུང་པ་དང་བོད་དུ་ལན་གསུམ་ཕེབས་པ་བཅས་མགོ་འཇུག་ལོག་འདུག་ཁོང་ནི་བོད་མི་འཁྲུལ་མེད་ཡིན་པ་མ་ཟད་གཅོད་ཀྱི་སློབ་དཔོན་དང་རྒྱ་གར་དུ་ཕེབས་ནས་རྒྱ་གར་བར་གཅོད་ཀྱི་སྲོལ་ཐོག་མར་གསར་གཏོད་གནང་བ་རེད། དེ་ཡང་ཁོང་ནས། རྒྱ་ཆོས་བོད་དུ་སྒྱུར་བ་མང་ན་ཡང་། བོད་ཆོས་རྒྱ་གར་སྒྱུར་བོ་ཁོ་བོ་ཙམ། ཞེས་གསུངས་པ་ལས་ཤེས་ཐུབ།
༄༅།། འབྲོང་ངུར་ཆོས་རྗེ་ནས་མི་སྐྱ་ཕོ་མོས་གཅོད་ཚོགས་ཉམས་ལེན་བྱས་པ་དེ་འགྲིག་མིན་གསུང་འདུག་།
ཆོས་དད་རང་མོས་དང་། སངས་རྒྱས་ཀྱི་ཆོས་ལ་འདིས་བྱས་ཆོག་དང་འདིས་མི་ཆོག་གསུང་མེད། བསམ་བློ་གུ་དོག་པོ་དེ་འདྲ་ད་དུང་དུས་རབས་འདིའི་ནང་བེད་སྤྱོད་བྱས་ན་ཡར་རྒྱས་ཡོང་གི་མ་རེད། མི་གཞན་གྱི་གང་བྱེད་པ་རུང་དང་མི་རུང་ཁྱད་པར་འབྱེད་པ་དེ་འཐད་པར་མ་མཐོང་ཞིང་། རང་ཉིད་ལ་རྟགས་དཔྱད་བྱས་ནས་རང་དྲིན་རང་ལ་མི་ཆུང་བ་ཞིག་དགོས་རྒྱུ་གལ་ཆེན་པོ་རེད།
ཞི་བྱེད་གཅོད་ཀྱི་སྲོལ་གཏོད་པ་ཕ་དམ་པ་རེད། ཐོག་ཐ་བར་གསུམ་དུ་བརྒྱུད་འཛིན་སློམ་མ་མང་དུ་བྱུང་། ལྷག་པར་མ་ལབ་སྒྲོན་དགོངས་པའི་མཐིལ་ལས་དམིགས་བསལ་གཅོད་ཀྱི་ཐབས་ཟབ་མོ་དར་རྒྱས་འདིས་བོད་ཆོས་རྒྱ་གར་དུ་བསྒྱུར་བ་རེད་ལ་ལུང་ལས་ཁོ་མོ་ཙམ་ཞེས་གསུངས་ཡོད།
དྲྭ་གྲོགས་འབྲོང་ངུར་ཆོས་རྗེ་ལགས་ཀྱིས་གཅོད་སྐོར་བསམ་འཆར་གླེང་བ་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་བ་མ་ཟད་གོང་མཆན་མང་པོ་ཞིག་ཀྱང་དོན་དང་མཐུན་ཞིང་གནས་ལུགས་དང་འབྲེལ་བ་ཡག་པོ་བྲིས་གནང་འདུག སླར་ཡང་དྲྭ་གྲོགས་རྣམ་དཔྱོད་ཀྱི་གཤོག་རྐྱང་ཡངས་པ་བློ་ལྡན་ཀུན་གྱི་ས་གཅོད་ཀྱི་ལོ་སྒྱུས་དང་འབྲེལ་བའི་སྐོར་མུ་མཐུད་གསུངས་གནང་ཡོང་བའི་རེ་བ་ཡོད། སྤྱིར་དམན་པ་བདག་ནི་སངས་རྒྱས་ཆོས་དང་སྒོས་སུ་སྡུག་བསྔལ་ཞི་བར་བྱེད་པའི་ཐབས་མཆོག་གཅོད་ལ་དད་མོས་མི་ཞན་པ་ཡོད་པར་བརྟེན་ཚིག་དོན་གང་ཡང་རུང་བ་ཤེས་འདོད་སྤྲོ་བས་བགྲོ་གླེང་ལུ་གུ་རྒྱུད་དུ་མཛོད་རོགས་ཞེས་གཅོད་སྐོར་རྒྱ་མཚོ་ལྟ་བུའི་དོན་ཆེན་པོ་ལ་མོས་ལྡན་གྱི་ན་བས་
གཉན་གཡག་ཕྲུག་ལགས་ཀྱིས། ཕ་དམ་པ་སངས་རྒྱས་བོད་མི་འཁྲུལ་མེད་ཡིན་པར་གསུངས་འདུག་པ་གོ་བ་ཐེངས་དང་པོ་ཡིན། ཡིན་ཡང་སྒྲུབ་བྱེད་ཁ་གསལ་བཀོད་མི་འདུག ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས། ཐུའུ་བཀྭན་གྲུབ་མཐའ་ལས་འདི་འདྲ་ཞིག་གསུངས་འདུག དེ་ཡང་ཁོང་གིས། ༼ཞི་བྱེད་པའི་གྲུབ་མཐའ་བྱུང་ཚུལ་དངོས།
༄༅། ། སྔ་མ་དག་ཞི་བྱེད་ཀྱི་སྒྲ་དོན་དམ་ཆོས་སྡུག་བསྔལ་ཞི་བྱེད་ཅེས་པའི་ཆོས་ཀྱི་མིང་ལ་བརྟེན་ནས་བཏགས་པ་སྟེ། ཆོས་འདིས་ཚེ་རབས་སྔ་མའི་ལས་དབང་གིས་ཚེ་འདིར་ལུས་དམན་པར་གྱུར་པ་དང་། ནད་བུ་ཅན་དང་། དབུལ་ཕོངས་དང་། མི་མ་ཡིན་པས་གཙེས་པ་དག་གི་སྡུག་བསྔལ་རྣམས་འཕྲལ་དུ་ཞི་བར་བྱས་ནས་རྣལ་འབྱོར་ལ་སྦྱོར་བཟོད་པར་བྱེད་པས་དམ་ཆོས་སྡུག་བསྔལ་ཞི་བྱེད་ཅེས་བྱའོ་ཟེར། འོན་ཀྱང་དེ་ཙམ་དུ་མི་གཟུང་སྟེ། ཤེར་ཕྱིན་ཉམས་ལེན་གྱིས་སྲིད་ཞིའི་སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་ལ། གདམས་པ་འདིའི་སྙིང་པོ་ཡང་ཤེར་ཕྱིན་གྱི་ཉམས་ལེན་ཡིན་པའི་ཆ་ནས་དེ་ལྟར་བཏགས་པ་ཡིན་གྱི། འཕྲལ་གྱི་རྐྱེན་ངན་ཙམ་ཞི་བར་བྱེད་པ་ལས་མེད་ན་གདམས་པ་ཁྱད་པར་ཅན་དུ་མི་འགྱུར་རོ། ། དེ་ཡང་། པསྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས། ཞེས་པ་ལ་བརྟེན་ནས་དེ་ལྟར་བཏགས་པར་བཞེད་ལས། གང་ལས་བྱུང་བའི་ཁུངས་ནི་ཕ་དམ་པ་སངས་རྒྱས་ཡིན་ནོ། །
འདི་ནི་རྒྱ་གར་ལྷོ་ཕྱོགས་ཙཱ་ར་སེང་གེའི་བྱེ་བྲག་ཁྲོན་པའི་གླིང་དུ་སྐུ་འཁྲུངས། སྐྱེ་བ་བདུན་པ་ཡིན་པས་སྡིག་པའི་དྲི་མ་མེད་ཅིང་དགེ་བ་ལ་ངང་གིས་དགའ་བ་སྟེ། ཆུང་ངུ་ནས་སྒྲ་རིག་པ་སོགས་རིག་གནས་མཐའ་དག་ལ་མཁས་པར་སྦྱངས། བི་ཀྲ་མ་ལ་ཤཱི་ལའི་མཁན་པོ་དགེ་བའི་ལྷ་ལས་རབ་ཏུ་བྱུང་། བླ་མ་གསེར་གླིང་བ་ལས་སེམས་བསྐྱེད། བླ་མ་མང་པོ་ལས་དབང་མནོས་པས་བསྡོམ་པ་གསུམ་དང་ལྡན། མཚན་ཉིད་དང་སྒྲ་རིག་པའི་བླ་མ་བཅུ་གཅིག ཕ་རྒྱུད་གཡོ་བ་རླུང་གི་བླ་མ་བཅུ་གཅིག མ་རྒྱུད་བདེ་བ་ཉམས་ཀྱི་བླ་མ་བཅུ་གཅིག ཕྱག་རྒྱ་ཆེན་པོ་བརྡའི་བླ་མ་བཅུ་གཅིག རིག་པ་ངོ་སྤྲོད་ཀྱི་བླ་མ་བཅུ་སྟེ་གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་བཞི་ལས་གདམས་པ་མཐའ་དག་མནོས། བླ་མ་འདི་དག་གི་གྲངས་འདྲེན་ལ། ཨིནྡྲ་བྷྰུ་ཏི། ཀླུ་སྒྲུབ་སོགས་ཆེས་སྔ་བར་བྱོན་པ་དང་། དུས་ཕྱིས་སུ་བྱོན་པ་ཡང་ཅི་རིགས་ཤིག་བགྲངས་འདུག་པ་དུས་ཐོག་མི་མཉམ་པར་སྣང་བ་ནི། དམ་པ་སྐུ་ཚེ་ཤིན་ཏུ་རིང་བར་བཞུགས་པས་ཡིན་ནམ་སྙམ་ལ། དམ་པ་མགོན་པོ་ཀླུ་སྒྲུབ་ཀྱི་སློབ་མ་ཡིན་ཟེར་བ་རྒྱ་ནག་གི་ལོ་རྒྱུས་འགའ་ཞིག་ནའང་སྣང་བས་བདེན་པ་འདྲ་ཞེས་བདག་གི་བླ་མ་ཐམས་ཅད་མཁྱེན་པས་གསུངས། དམ་པས་ལོ་དྲུག་ཅུ་རེ་ལྔའི་བར་དུ་ཡུལ་ཐ་དད་དུ་བསྒོམས་པས། ཡི་དམ་གྱི་ལྷ་བཅུ་གཉིས་སོགས་བགྲང་གིས་མི་ལང་བ་དང་། ངོ་མཚར་མཁའ་སྤྱོད་ཀྱི་བླ་མ་སུམ་ཅུ་རྩ་དྲུག་གི་ཞལ་གཟིགས། མིག་སྨན། རྐང་མགྱོགས། རིལ་བུ། ས་འོག གནོད་སྦྱིན་མོ། རལ་གྲི། མཁའ་སྤྱོད་རྣམས་ཀྱི་དངོས་གྲུབ་འགྲུབ། མཆོག་གི་དངོས་གྲུབ་མཐོང་ལམ་ཆེན་པོའི་ཡེ་ཤེས་བརྙེས། ཡུལ་ཉི་ཤུ་རྩ་བཞི་ལ་སོགས་པའི་གནས་སུ་སྤྱོད་པ་མཛད་ནས་གྲུབ་ཐོབ་ཀྱི་སྙན་པས་མཚན་ཡང་སྣ་ཚོགས་སུ་སྒྲོགས་སོ། །
བོད་དུ་ལན་ལྔ་བྱོན་པ་ལས། ལྔ་བའི་དུས་བོད་ནས་རྒྱ་ནག་ཏུའང་བྱོན་པས་དེར་ཡང་གྲགས་ཆེ། བོད་དུ་སློབ་མ་དཔག་ཏུ་མེད་པ་སྨིན་པར་མཛད་པ་ལས་གྲགས་ཆེ་བ་ཞི་བྱེད་སྔ་ཕྱི་བར་གསུམ་སྟེ། སྔ་མ་ཁ་ཆེ་ཛྙཱན་གུ་ཧྱ་ལ། དེ་ཨོང་པོ་ལོ་ཙཱ་བས་བསྒྱུར་བ་ལ་ཟེར། བརྒྱུད་པ་བར་བ་རྨ་ཆོས་ཀྱི་ཤེས་རབ། སོ་ཆུང་དགེ་འདུན་འབར། སྐམ་ཡེ་ཤེས་རྒྱལ་མཚན་དང་གསུམ་ལ་གདམས་ངག་གནང་ནས་འཕེལ་བ་ལ་ཟེར། བརྒྱུད་པ་ཕྱི་མ་ནི། དམ་པ་དིང་རི་གླང་སྐོར་དུ་བྱོན། སློབ་མའི་མཆོག་དམ་པ་ཕྱར་ཆེན། ཕྱར་ཆུང་། བཛྲ་ཀྲོ་ངྷ། ཀུན་དཀའ་བཞི་ལས། དམ་ཀུན་དགའ་གཙོ་བོ་སྟེ། སྐུ་ཚེ་ལྔར་དམ་པ་སངས་རྒྱས་ཀྱིས་རྗེས་སུ་བཟུང་། སྐུ་ཚེ་འདིར་དེའི་གདམས་ངག་གི་མཛོད་དུ་གྱུར་པས་སློབ་མ་པ་ཚབ་སྒོམ་པ་དང་། དེ་ནས་རྒྱལ་བ་ཏེ་ནེ། རོག་ཤེས་རབ་སེང་གེ་དང་ཞིག་པོ་ཉི་མ་སེང་གེ་སོགས་སྲོལ་འཛིན་མང་དུ་བྱོན་ནས་ཞི་བྱེད་དར་རྒྱས་སུ་མཛད་དོ། །
བརྒྱུད་པ་དེ་གསུམ་གྱི་གདམས་པའི་མཚན་ཙམ་སྨོས་ན། བརྒྱུད་པ་དང་པོ་ནི། ཞི་བྱེད་སྒྲོན་མ་སྐོར་གསུམ་དང་། གཤིན་རྗེ་གཤེད་ལ་སོགས་པའི་སྒྲུབ་ཐབས་སོ། ། བརྒྱུད་པ་བར་བ་ནི། རྨ། སོ། སྐམ་གསུམ་ཕྲན་དང་བཅས་པ་སྟེ། རྨའི་ཆོས་སྐོར་ནི་ཚིག་བརྒྱུད་དང་། དོན་བརྒྱུད་གཉིས་ལས། དོན་ཁྲིད་ནི་ལག་ཁྲིད་བཅུ་དྲུག ཚིག་བརྒྱུད་ནི་སེམས་བསྐྱེད་དང་སྟོང་ཐུན་དང་ཁ་འཐོར་དང་ཁར་ཕོག་སྣར་ཕོག་དང་མཐའ་རྒྱས་རྣམས་སོ། །
སོ་ལུགས་ཀྱི་ཆོས་ཀྱི་རྣམ་གྲངས་ནི། ཚིག་བརྒྱུད་དང་དོན་བརྒྱུད་གཉིས་ལས། ཚིག་བརྒྱུད་ལ་ཡང་བརྒྱུད་པ་ཆེན་པོ་དང་བརྒྱུད་ཕྲན་གཉིས། ཆེན་མོ་ལ་དམ་པ་སྐྱེས་མཆོག ཆེ་བ་ང་བཞི། འབྲིང་སོ་གཉིས། ཆུང་བ་བཅུ་བདུན་ཏེ། དེ་ལ་གྲུབ་པ་ཐོབ་པ་རེ་རེའི་ལོ་རྒྱུས་དང་གདམས་པའི་ངོ་བོ་སློབ་མ་འཁྲིད་ལུགས་ཆ་ཚང་རེ་རེ་ཡོད་པས་བརྒྱུད་པ་ལྔ་བཅུ་རྩ་བཞིའམ། བརྒྱུད་པ་བརྒྱ་དང་གསུམ་དུ་འགྱུར་བས་བརྒྱུད་པ་ཆེན་མོ་ཞེས་བྱའོ། ། བརྒྱུད་ཕྲན་ནི། དོན་སྐོར་ལྔ་མ། རིམ་པ་བཞི་མ། བསམ་གཏན་གྱི་ཐུན་ཆེ་ཆུང་། གྲགས་པ་བརྒྱད། ཡབ་སྲས་གསུམ་མ། སྐྱོན་ཅན་སྐྱོན་མེད་ལ་སོགས་ཆོས་སྡེ་སུམ་ཅུ་རྩ་གཉིས་བཞུགས། དོན་བརྒྱུད་ལ་ཕྱོགས་སུ་ལྷུང་བ་དང་མ་ལྷུང་བ་ལས། དང་པོ་ནི། རྣལ་འབྱོར་ཕོ་མོ་ལྔ་བཅུ་རྩ་བཞི་ལ་དོན་བརྒྱུད་ལྔ་བཅུ་རྩ་བཞི། བླ་མ་སུམ་ཅུ་རྩ་གཉིས་ལ་དོན་བརྒྱུད་སོ་གཉིས། དམ་པ་བཅུ་བདུན་ལ་དོན་བརྒྱུད་བཅུ་བདུན་བཞུགས། ཕྱོགས་སུ་མ་ལྷུང་བ་ལ་མིག་འབྱེད་ཀྱི་སྐོར་དང་། མཁའ་འགྲོ་མའི་སྐོར་ལས། དང་པོ་ལ་བུ་བཞི་མ་དང་ལྔ་སྟེ། དེ་ཡང་གཞུང་སྦས་པ་མིག་འབྱེད། དེའི་ཡན་ལག་ཏུ་དུས་དང་དུས་ཕྲན་ལ་གདམས་པ། ངོ་སྤྲོད་བརྒྱ་རྩ་དྲུག་པ། མ་འགགས་རྣམ་དག རྡོ་རྗེ་སེམས་དཔའི་གསང་ལམ་མོ། །
མཁའ་འགྲོ་མའི་སྐོར་ལ། སོའི་སྐོར་མགོ་ཆེན་མོ་བཞི་སྟེ། མཆོག་སྒྲུབ་པ་ལ་བརྡ་སྐོར། ཐུན་མོང་སྒྲུབ་པ་ལ་ཡི་གེ་བཞི་བའི་སྐོར། གཉིས་ཀ་སྒྲུབ་པ་ལ་ཛ་ག་ཏའི་སྐོར། ཐུན་སྐོར་རོ། ། བརྡ་སྐོར་ལ་ཧེ་རུ་ཀའི་བརྡ་སྐོར། བདེ་བར་གཤེགས་པའི་བརྡ་སྐོར། རྡོ་རྗེ་དྲིལ་བུ་བའི་བརྡ་སྐོར། དམ་པའི་བརྡ་ཐོར་བུ་བའོ། ། ཐུན་མོང་སྒྲུབ་པ་ལ། དཀར་མོ་སྐུའི་སྒྲུབ་པ། དམར་མོ་གསུང་གི་སྒྲུབ་པ། ནག་མོ་ཐུགས་ཀྱི་སྒྲུབ་ཐབས་སོ། ། དེ་ལ་ཕག་མོ་ཆོས་སྐུའི་སྒྲུབ་ཐབས། ལོངས་སྐུའི་སྒྲུབ་ཐབས། སྤྲུལ་སྐུའི་སྒྲུབ་ཐབས་སོ། །
ཛ་ག་ཏའི་སྐོར་ནི། གཏུམ་མོ་འཁོར་ལོ་གཅིག་པ་ཡིན། ཐུན་སྐོར་ལ་སྤྱོད་ལམ། ཉམས་སྐྱོང་ལུགས་སོ། ། དེ་རྣམས་ཀྱི་རྩ་བའི་སྙིང་པོ་ལྟ་བུར་གྱུར་པ་ནི་རྒྱུད་སྡེ་དང་ཆོས་སྐད་བསྟུན་པ་སྨྲ་བའི་སེང་གེའི་དོན་བརྒྱུད། ཆོས་སྐད་མ་བསྟུན་པ་བརྒྱུད་པ་བཞི་བ་ཡོངས་སུ་མ་གྲགས་པའི་དོན་བརྒྱུད། མཚང་མདོན་བསྡུས། སོའི་རིག་པ་སྲང་འཇུག སྙན་བརྒྱུད་བཞི་རྣམས་བཞུགས་སོ། །
སྐམ་ལུགས་ནི། སྐམ་ཡེ་ཤེས་རྒྱལ་མཚན་གྱིས་དམ་པའི་གདམས་ངག་བཞིན་དུ་མངོན་རྟོགས་བརྒྱད་ཀ་བཤད། སྡུད་པའི་སྟེང་དུ་མདོ་རྒྱས་འབྲིང་དྲངས་ནས་ཀྱང་བཤད་པས། སློབ་མ་ཡས་བརྒྱུད་མས་བརྒྱུད་གཉིས་བྱུང་བའི་ཡས་བརྒྱུད་ནི། འཁུན་དབང་ཕྱུག་རྡོ་རྗེ་དང་། རྒྱམས་ཤེས་རབ་བླ་མ་གཉིས་ལས་བརྒྱུད་པ་སྟེ། དེ་གཉིས་ཀ་དང་པ་ནད་པ་ཡིན་པ་སྐམ་གྱིས་ནད་ཐོག་ཏུ་ངོ་སྤྲད། གཞུང་སྐབས་དང་པོ། གདམས་ངག་བདེན་པ་བཞི། ལག་ལེན་ཐོར་བུ་དང་བཅས་པ་གསུངས་པ། ཕྱིས་སུ་རྒྱ་སྟོན་གཞོན་ནུ་སེང་གེས་སྐམ་ལུགས་ཀྱི་གདམས་པའི་ཡི་གེ་ཤེར་ཕྱིན་ཐུགས་བརྒྱུད། ལག་ལེན་སྙན་བརྒྱུད། རིན་ཆེན་ཕྲེང་བ། གཏན་ཚིགས་འཕྲུལ་གྱི་ལྡེའུ་མིག་ཅེས་བྱ་བ་བརྩམས། ༈ མས་བརྒྱུད་ནི། སྒྲོ་ཆོས་བརྩོན་ལ་སྐམ་གྱིས་གང་ཟག་རིམ་དང་ཅིག་ཆར་གྱི་དབྱེ་བས་སྙིང་པོའི་དྲན་དང་མངོན་པར་རྟོགས་པ་གཉིས་སུ་ངོ་སྤྲད་ནས་མདོ་མ་ལུས་པ་རྟེན་འབྲེལ་གྱི་འགྲོས་བཞིས་འཆད་དེ། མས་བརྒྱུད་སྒོམ་ཐོག་ཏུ་སྐོར་བའི་གདམས་པའོ། །
ཡང་བར་དུ་བྱུང་བའི་བརྒྱུད་ཕྲན་ལ་གྲྭ་བ་དང་། ལྕེ་དང་། ལྡང་ལུགས་གསུམ་སྟེ། དགེ་བཤེས་གྲྭ་བ་ལ་དམ་པས་ཞི་བྱེད་སྒྲོན་མ་དགུ་སྐོར་གྱི་གདམས་པ་གནང་སྟེ། མན་ངག་སྐུའི་སྒྲོན་མ། དེ་བཞིན་དུ་ཐེག་པ་གསུང་གི། གསང་ཐུགས་ཀྱི། ཡང་དག་ལྟ་བའི། རིན་པོ་ཆེ་སྒོམ་པའི། བྱང་ཆུབ་སྤྱོད་པའི། མཉམ་ཉིད་གཞིའི། རྣལ་འབྱོར་ལམ་གྱི། དངོས་གྲུབ་འབྲས་བུའི་སྒྲོན་མ་རྣམས་སོ། ། ལྕེ་ཙནྡྲ་ཀིརྟི་ལ་དམ་པས་མདོ་རྒྱུད་ཞལ་སྦྱོར་གྱི་གདམས་པ་གནང་སྟེ། མདོ་སྡུད་པ་དང་རྒྱུད་མཚན་བརྗོད་སྦྱར་ནས་ཕར་ཕྱིན་གྱི་གདམས་པ་དང་། སྔགས་ལ་གྲུབ་ཐོ་ཕོ་མོ་ལྔ་བཅུ་རྩ་བརྒྱད་ཀྱི་གདམས་པ་རྣམས་སོ། ། ལྡང་བཀའ་གདམས་པ་ལ་ཤེར་ཕྱིན་ཡི་གེ་མེད་པའི་གདམས་པ་གནང་སྟེ། ངོ་སྤྲོད་ཀྱི་མཚང་གཅིག་ལས་མེད་ཟེར། བརྒྱུད་པ་ཐོར་བུ་བ་ནི་འབྲོ་སྒོམ་ལ་མཚན་བརྗོད་གསེར་གྱི་ཐུར་མ་གནང་། གུ་སྒོམ་ལ་ལས་རྒྱའི་གདམས་པ། ཆུ་སྒོམ་ལ་སྙིང་གཏམ་ལྷུག་པའི་གདམས་པ། སྒོམ་པ་དམར་སྒོམ་ལ་ཆིག་ཆོད་གསུམ་གྱི་གདམས་པ། གཉགས་ལོ་ཙཱ་བ་ལ་བདེ་མཆོག་དཔའ་བོ་གཅིག་པའི་གདམས་པ། ལྕེ་མོ་དཔལ་སྒྲོན་མ་ལ་གྲུབ་ཐོབ་ཉམས་ཀྱི་ཆོས་སྡེ་བཅུ་དྲུག་པ། གཉལ་སྟོད་ངོར་རྗེ་སྒོམ་པ་ལ་ལྷན་ཅིག་སྐྱེས་སྦྱོར། ཆུ་བར་གྱི་གནས་བརྟན་འབྱུང་གྲགས་ལ་ཤེས་རབ་སྙིང་པོའི་གདམས་པ། སྔགས་བཤད་ཤེས་རབ་རྒྱལ་མཚན་ལ་དུས་འཁོར་གྱི་གདམས་པ། ཤངས་པ་དབུ་སྡེབས་ལ་ཡི་གེ་བཞི་བའི་གདམས་པ། སྙེ་མོའི་རྒྱ་སྟོན་སྐྱི་རྩེགས་ལ་དགྱེས་པ་རྡོ་རྗེའི་གདམས་པ། ཞག་སག་ཆུང་བ་ལ་ཕག་མོའི་གསང་སྒྲུབ། བླ་མ་དགོན་དཀར་བ་ལ་ཕྱག་ན་རྡོ་རྗེའི་གདམས་པ། སྐྱིད་ཤོད་ཀྱི་འབན་གུང་རྒྱལ་བ་བདེ་མཆོག་སྙན་བརྒྱུད། མ་གཅིག་ལབ་སྒྲོན་ལ་གཅོད་ཀྱི་གདམས་པ་གནང་སྟེ། དེ་རྣམས་ནི་བརྒྱུད་པ་བར་མའི་སྐོར་རོ། །
བརྒྱུད་པ་ཕྱི་མའི་ཆོས་རྣམས་ལ་ཕྱག་རྒྱ་ཆེན་པོ་དྲི་མེད་ཐིག་པ་ཕྱག་ཞེས་ཀྱི་སྐོར་ཞེས་མཚན་འདོདས་ཏེ། ཕྱག་རྒྱ་ཆེན་པོ་ནི་དམ་པ་སངས་རྒྱས་མེེ་ཏྲི་བའི་དངོས་སློབ་ཡིན་པས། མེེ་ཏྲི་བའི་ཕྱག་རྒྱ་ཆེན་པོ་དེ་ཉིད་ཡིན། དྲི་མེད་ནི་དམ་པའི་གསུང་རབ་རྣམས་ལ་བྱ། ཕྱག་བཞེས་ནི་བསྟན་པ་གཞན་རྣམས་དང་ཅུང་ཟད་མི་འདྲ་བའི་སྒྲུབ་པའི་སྲང་ཡོད་པ་ལ་ཟེར། དེ་ཡང་ངོ་བོ་ཕ་རོལ་ཏུ་ཕྱིན་པ་གསང་སྔགས་དང་རྗེས་སུ་མཐུན་པ་ཞེས་བྱ་སྟེ། མེེ་ཏྲེ་བའི་དེ་ཁོ་ན་ཉིད་བཅུ་པའི་འགྲེལ་བར་ཡང་ལུགས་དེ་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། གསང་སྔགས་དང་རྗེས་སུ་མཐུན་པའི་སྤྱོད་པ་བྱ་ཚུལ་ཀྱེ་རྡོ་རྗེ་ལས་བཤད་པ་དང་འདྲ་བ་ཞིག་བྱུང་། ལྷའི་རྣལ་འབྱོར་ལ་བརྟེན་པ་མ་ཡིན་ཞིང་། ཕྱག་རྒྱ་བཞིའི་རྗེས་སུ་འགྲོ་བ་མེད་པས་གསང་སྔགས་ནི་མ་ཡིན་ནོ། ། ཞེས་གསུངས་པ་དེ་དང་མཐུན་པར་སྣང་། དེ་ཡང་ཐུན་མོང་དུ་གྲགས་པ་རྣམས་ཀྱི་དབང་དུ་བྱས་ནས་བཤད་ཀྱི། དམ་པས་ཕྱར་ཆེན་དང་། འབན་གུང་རྒྱལ་ལ་དུས་ཀྱི་འཁོར་ལོའི་དབང་གནང་བར་གྲགས་ཤིང་། ལས་རྒྱའི་གདམས་པའང་མང་པོ་ལ་གནང་བས་དམ་པའི་ཆོས་སྡུག་བསྔལ་ཞི་བྱེད་ལ་གསང་སྔགས་གཏན་མེད་པ་ནི་མ་ཡིན་ནོ། ། གསང་སྔགས་རྗེས་མཐུན་པར་བཤད་པ་ཉིད་ཀྱིས་ན་ཨཱ་ལི་ཀཱ་ལིའི་བྱིན་རླབས་ལ་སོགས་པ་ཡང་གསང་སྔགས་དང་རྗེས་སུ་མཐུན་པ་སྟེ། དངོས་ནི་མ་ཡིན་པས་ན་འདི་ལ་ལོག་པར་བརྟག་པར་མི་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ཉིད་ནས་ཡི་གེ་བཞི་བཅུ་རྩ་གཉིས་གཟུངས་ཀྱི་སྒོ་བཤད་པ་དང་འདྲ་བའི་ཕྱིར་རོ། ། ཆོས་སྐོར་འདི་ལ་ཐུན་མོང་བ་དང་། ཐུན་མོང་མ་ཡིན་པའི་ཆོས་སྡེ་གཉིས་ལས། ཐུན་མོང་ལ་མདོ་རྒྱུད་ཕྱག་ལེན་དང་བཅས་པ། བཀའ་བབས་སྙན་བརྒྱུད་དང་བཅས་པ། དྲི་མེད་ཕྲ་ཏིག་དང་བཅས། དར་ཚགས་བཤད་འབུམ་དང་བཅས་པའོ། །
དང་པོ་ནི། སྤྱི་མདོ་ཆུ་ཀླུང་མངོན་པར་རོལ་བའི་མདོ། སྒོས་མདོ་ཤེས་རབ་སྙིང་པོ། སྤྱི་རྒྱུད་སྡེ་སྣོད་གསལ་བྱེད། སྒོས་རྒྱུད་ཆུ་ཀླུང་ཆེན་པོ། ཕྱག་ལེན་ནི། དབང་འཁོར་ཆེ་འབྲིང་དང་ལམ་རིམ་ཆེ་ཆུང་གསུམ། བཀའ་བབས་སྙན་བརྒྱུད་ནི། བཀའ་བབས་བཞི། དེའི་ལམ་སློང་སྙན་བརྒྱུད་བཞི། དྲི་མེད་ཕྲ་ཏིག་ནི། དྲི་མེད་ལ་ཆོས་ཟུག་པ་རྩ་བའི་སྐོར་ལ་སོགས་པ་དྲུག ཕྲ་ཏིག་པ་ནི་པ་ཚབ་ཀྱིས་ཀུན་དགའ་ལ་མ་བདེ་བའི་གེགས་རྣམས་དྲིས་པའི་གདམས་པའོ། །
དར་ཚགས་བཤད་འབུམ་ནི་དར་ཚགས་ཞལ་གདམས་བདུད་རྩིའི་སྐོར་ལ་སོགས་པ་བརྒྱད་ཡོད་དེ། པ་ཚབ་ཀྱི་འཕྲལ་གཏམ་ཏེ་ནེས་ཡི་གེར་བཏབ་པོ། ། བཤད་འབུམ་ནི་ཏེ་དང་ཞིག་པོ་དང་སྙེ་མདོ་བ་ལ་སོགས་པས་མཛད་པའི་བཤད་པ་རྣམས་སོ། ། ཐུན་མོང་མ་ཡིན་པའི་ཆོས་སྡེ་ལ་རྒྱུད་སྟོན་ཐུན་དང་བཅས་པ། དབང་ལམ་ཁྲིད་དང་བཅས་པ། གསང་མཛོད་གསུམ། བེའུ་བུམ་བརྒྱད་དོ། །
གསང་མཛོད་གསུམ་ནི། བླ་མ་གསང་མཛོད། ཡི་དམ་གསང་མཛོད། མཁའ་འགྲོ་གསང་མཛོད་དོ། །
ལམ་སྐོར་ལྔ་ནི། བིརཱུ་པའི་ཐབས་ལམ་སྒོ་བཞིའི་ལམ་སྐོར། ས་ར་ཧའི་ཐབས་ལམ་ཡུལ་བཞིའི་ལམ་སྐོར། གསེར་གླིང་བའི་ལམ་སྐོར་བརྒྱད་པ། ཨཱཪྻ་དེ་བའི་ལམ་སྐོར་བརྒྱད་པ། ནཱ་རོ་བའི་ཟུང་འཇུག་བཞིའི་ལམ་སྐོར་རོ། །
བེའུ་བུམ་བརྒྱད་ནི། ཟབ་མོ་དབང་གི་བེའུ་བུམ། ངོ་སྤྲོད་རྩ་བའི་བེའུ་བུམ། སྙམ་བརྒྱུད་ཁྲིད་ཀྱི་བེའུ་བུམ། སྒོ་བཞི་གནད་ཀྱི་བེའུ་བུམ། སྣ་ཚོགས་རྫུ་འཕྲུལ་གྱི་བེའུ་བུམ། ཟབ་མོ་སྔགས་ཀྱི་བེའུ་བུམ། བཀའ་སྲུང་མཁའ་འགྲོའི་བེའུ་བུམ། མན་ངག་རྒྱལ་ཆ་གསུམ་བེའུ་བུམ་རྣམས་སོ། ། དེ་རྣམས་ནི་བཀའ་རྒྱ་ཅན་ཐུན་མོང་མ་ཡིན་པའི་ཆོས་སྡེའོ། །
ཞི་བྱེད་ཀྱི་ཆོས་ཀྱི་སྙིང་པོར་གྱུར་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་དོན་མ་ལུས་པ་ཉམས་སུ་ལེན་པའི་མན་ངག་ཀུན་ལ་མ་གྲགས་པའི་ཁྱད་ཆོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་རིམ་པ་བྱ་བ་ཉིད་ཡིན་ལ། དེ་ཡང་སྤྱིར་དམ་པ་སངས་རྒྱས་ལ་ཤེར་ཕྱིན་གྱི་བརྒྱུད་པའི་བཀའ་བབས་དྲུག་མངའ་སྟེ། དགའ་ལྡན་ལྷའི་ཡུལ་ནས་བརྒྱུད་པ། ཀླུའི་ཡུལ་ནས་བརྒྱུད་པ། ཨུ་རྒྱན་ནས་བརྒྱུད་པ། རྒྱ་གར་ཤར་ཕྱོགས་བྷཾ་ག་ལ་ནས་བརྒྱུད་པ། ལྷོ་ཕྱོགས་བྷེ་ཏ་ལ་ནས་བརྒྱུད་པ། ལྷོ་བྷི་ཤོ་ཀོ་ཏ་ཙན་དན་གྱི་གླིང་ནས་བརྒྱུད་པའོ། ། བཀའ་བབས་དྲུག་པོའི་སྙིང་པོའི་དོན་གྱི་བཅུད་བསྡུས་ནས་སྟོན་པའི་ཤེར་ཕྱིན་གྱི་ལམ་ཉམས་སུ་ལེན་པའི་མན་ངག་ནི་སངས་རྒྱས་མར་མེ་མཛད་ཀྱིས་ཤཱཀྱ་ཐུབ་པ་ལ། དེས་ཀུན་དགའ་བོ་ལ། དེ་ནས་དགེ་སློང་སེང་གེའི་བར་བརྒྱུད་པ་སུམ་ཅུ་སོ་དྲུག་སོང་བའི་དུས་སུ། རྒྱལ་པོ་གདུག་པ་ཅན་གྱིས་རབས་བཅད་དོ། ། དེ་ནས་འཕགས་པ་ཐོགས་མེད་ཀྱིས། ཤཱཀྱ་ཐུབ་པ་ལ་དངོས་སུ་གསན་པ་བྱམས་པ་ཡིན་པར་དགོངས་ནས་བྱམས་པ་བསྒྲུབས་པས་ཞལ་གཟིགས་ཏེ་ཤེར་ཕྱིན་གྱི་གདམས་པ་དངོས་སུ་གསན་ནས་གཅུང་དབྱིག་གཉེན་ལ་གནང་། དེས་དམ་པའི་ཞང་པོ་ཨཱརྱ་དེ་བ་ལ། དེས་དམ་པ་ལ་གདམས་སོ། ། ཞེས་འཆད། གདམས་པ་དེ་ནི་ཡུམ་གྱི་དོན་བསྟན་བཅོས་མངོན་རྟོགས་རྒྱན་གྱི་མན་ངག་བཞིན་ཉམས་ལེན་དུ་དྲིལ་ནས་འཆད་པའི་ངོ་མ་ཚང་བ་ཞིག་སྟེ། དེའི་ཚུལ་ཚིག་ཉུང་ངུས་སྟོན་མི་ནུས་ཤིང་རྒྱས་པར་བཤད་ན་ཧ་ཅང་མང་བར་འགྱུར་བས་འདིར་མ་བྲིས་སོ། །བཤད་རྒྱུན་ཡང་ཕྱིས་ཀྱི་བར་བྱུང་འདུག་ཀྱང་ད་ལྟ་རྒྱུན་ཆད་པ་འདྲའོ།།
ཞི་བྱེད་ཀྱི་ལྟ་བའི་ཁུངས་ནི་ཤེར་ཕྱོགས་ཀྱི་མདོ་ལ་གཏུགས་པར་འདུག་ཅིང་། གདམས་ངག་གི་ཡི་གེ་རྣམས་སུ་ཀླུ་སྒྲུབ་ལ་ཚད་མར་མཛད་པ་དང་། དིང་རི་བརྒྱད་ཅུ་བར་ཡང་། སྟོང་པའི་ངང་དུ་རིག་པ་མདུང་སྐོར་བྱ། ། ལྟ་བར་ཐོགས་རྡུག་མེད་དོ་དིང་རི་བ། ། ཞེས་ལྟ་བ་མཐའ་བྲལ་དུ་གསུངས་པའི་ཕྱིར་ན་དབུ་མའི་ལྟ་བ་ལས་མ་འདས་པར་སེམས་སོ། ། འོན་ཀྱང་ཕྱི་རབས་ཀྱི་ཡི་གེ་རྣམས་སུ་ནི་ཉ་དང་ཉུང་མ་བསྲེས་པ་མང་དུ་ཡོད་པ་གོར་མ་ཆགས་སོ། ། ཞི་བྱེད་ཀྱི་གྲུབ་མཐའ་འདི་ལ་སྔོན་གྱི་དུས་སུ་གྲུབ་པ་བརྙེས་པའི་སྐྱེས་བུ་གྲངས་ལས་འདས་པ་བྱོན་འདུག་ལ། ཆོས་སྡེ་གྲགས་ཆེ་བ་ནི། སྐྱེས་མཆོག་བསམ་གཏན་དཔལ་གྱིས་བཏབ་པའི་ཡབ་ཆོས་སྡིངས་དང་། སྒོ་མོ་ཆོས་སྡིངས་གཉིས་ཡིན། དེར་སྐྱེས་མཆོག་པའི་རྗེས་སུ་བྱང་སེམས་པ་པོ་ཆེའི་ཡོངས་འཛིན་ཆོས་རྗེས་དོན་རིན་པ་ཀྱང་གདམས་ངག་གསན་པར་སྣང་། དེང་སང་ནི་ཞི་བྱེད་ཀྱི་གདམས་པ་དབྱངས་གསལ་དང་རྟེན་སྙིང་གི་བྱིན་རླབས་དང་། ལྷ་ཆེན་ཨཾ་གྷོ་རའི་རྗེས་གནང་། མཁྱུད་དཔྱད་སོགས་གདམས་ངག་ཐར་ཐོར་གྱི་ལུང་ཙམ་ལས་གདམས་ངག་འགངས་ཆེ་བ་རྣམས་ཀྱི་གླེགས་བམ་བཞུགས་པ་མ་གཏོགས་ཆོས་རྒྱུན་ཐམས་ཅད་ནུབ་པར་འདྲའོ། །༽ཞེས་གསུངས་འདུག་པས། ཕ་དམ་པ་སངས་རྒྱས་ཀྱི་སྐོར་གསལ་པོར་བྲིས་འདུག་པར་བསམ་ཚུལ་འདྲ་ཡོད་དམ། སྐུ་ཉིད་ལ་དཔྱད་གཞིར་ཕུལ་བ་ལགས། ཞི་བྱེད་ཀྱི་ཡ་གྱལ་གཅོད་ཀྱི་སྐོར་ཁོང་གིས་བྲིས་པ་གཤམ་དུ་ཡོད།
ཞི་བྱེད་པའི་ཡ་གྱལ་གཅོད་ལུགས།
༄༅། ། དེ་ཡང་གཅོད་ཅེས་བྱ་བའི་སྒྲ་དོན་ནི། གདམས་པའི་བྱེད་ལས་ཀྱི་སྒོ་ནས་བཏགས་པ་སྟེ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་རང་དོན་ཡིད་བྱེད་གཅོད། སྟོང་ཉིད་ཀྱི་ལྟ་བས་འཁོར་བའི་རྩ་བ་གཅོད། ཐུན་མོང་གིས་བདུད་བཞི་གཅོད་པས་དེ་སྐད་དུ་བཏགས་ལ། ཡང་སྤྱོད་ཅེས་ཀྱང་བྱ་སྟེ། རྒྱལ་བའི་སྲས་ཀྱི་ཉམས་ལེན་ཐབས་ཤེས་ཀྱི་ལམ་ལ་སྤྱོད་པས་དེ་ལྟར་དུ་གྲགས་སོ། ། གདམས་པ་འདི་ཡང་ཐོག་མར་དམ་པ་སངས་རྒྱས་ལས་བྱུང་བ་སྟེ། དམ་པ་བོད་དུ་ལན་གསུམ་པ་བྱོན་པའི་དུས་གཙང་དུ་སྐྱོ་སྟོན་བསོད་ནས་བླ་མ་དང་། ཡར་ལུང་སྨ་ར་སེར་པོ་གཉིས་ལ་གཅོད་ཀྱི་གདམས་པ་གནང་། སྨ་ར་སེར་པོས་རང་གི་ཉེ་གནས་སྨྱོན་པ་སེ་རོང་། དེས་རྩེ་སྟོན་སུམ་སྟོན་གཉིས། རྩེ་སྟོན་གྱིས་གཉན་སྟོན། སུམ་སྟོན་གྱིས་སྐལ་ལྡན་སྲས་མོ། དེས་གཙང་སྟོན། དེས་གཉན་སྟོན་སོགས་ལ་གནང་། དེ་དག་ལས་མཆེད་པ་ལ་ཕོ་གཅོད་དང་། སྐྱོ་སྟོན་བསོད་ནམས་བླ་མས་ལབ་སྒྲོན་ལ་གནང་སྟེ། དེ་ནས་བརྒྱུད་པ་ལ་མོ་གཅོད་ཅེས་གྲགས་སོ། །
མ་གཅིག་ལབ་ཀྱི་སྒྲོན་མ་ནི། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་རྩ་རྒྱུད་སོགས་ནས་ལུང་བསྟན་ཅིང་། ཡེ་ཤེས་ཀྱི་མཁའ་འགྲོ་མ་མི་མོའི་གཟུགས་སུ་བྱོན་པ་སྟེ་གཅོད་ཀྱི་གདམས་པས་བོད་ཡུལ་ཐམས་ཅད་ཁྱབ་པར་མཛད་དོ། །མ་གཅིག་ལ་སྲས་དང་སྲས་མོ་འགའ་བྱུང་བ་ལོ་རྒྱུས་རྣམས་སུ་འདྲེན་ལུགས་མི་འདྲ་བར་སྣང་བ་ལས། ཐོད་སྨྱོན་བསམ་འགྲུབ་ནི་ལ་ལས་མ་ཅིག་གི་སྲས་དང་། འགའ་ཞིག་གིས་ཚ་བོ་དང་ཡང་ཚར་བཤད་ཀྱང་ལོ་རྒྱུས་ཁུངས་མ་ཕལ་ཆེར་ན་སྲས་ཡིན་པ་བྱས་འདུག གང་ལྟར་ཡང་གྲུབ་ཐོབ་ཆེན་པོར་གྱུར་པས་སློབ་མ་གྲུབ་ཐོབ་ཕོ་མོ་ཉི་ཤུ་རྩ་གཅིག སྲས་མོ་གྲུབ་ཐོབ་བཅོ་བརྒྱད་སོགས་བྱོན་ཅིང་། དེ་དག་ལས་གདམས་པ་རྒྱ་ཆེར་དར་བར་གྱུར་ཏོ། ། ལབ་སྒྲོན་ལ་སློབ་མ་མཆོག་བཞི་ཟེར་ཡང་། གདམས་པའི་རྒྱུན་ཁུ་སྒོམ་ཆོས་སེང་ལས་བརྒྱུད་པ་དར་ཆེ་ཞིང་། དེང་སང་གི་བར་དུ་མ་ནུབ་པར་བཞུགས་སོ།།
ཕྱིས་སུ་གཏེར་ནས་བཏོན་པའི་གཅོད་ཀྱི་གདམས་པ་འགའ་ཞིག་ཀྱང་བྱུང་འདུག་ཅིང་། རྒྱལ་ཐང་བ་བསམ་གཏན་འོད་ཟེར་གྱི་ངག་སྣང་དུ་མ་ཅིག་དང་མཇལ་ནས་གནང་བ་རྒྱལ་ཐང་ལུགས་དང་། རྟོགས་ལྡན་སྣ་ཚོགས་རང་གྲོལ་ལ་གནང་བ་སྙན་བརྒྱུད་ལམ་ཟབ་སོགས་མང་པོ་ཞིག་དར་རོ། །
རྒྱལ་བ་ཙོང་ཁ་པ་ཆེན་པོ་ལ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་བརྩལ་པའི་འཇམ་དབྱངས་ཆོས་སྐོར་དུ་ཁྲོས་ནག་གི་བྱིན་རླབས་དང་གཅོད་ཀྱི་མན་ངག་བཞུགས་པ་རྒྱལ་བ་དབེན་ས་བ་ནས་རིམ་པར་བརྒྱུད་དེ་དེང་སང་རང་ཕྱོགས་སུ་དར་རྒྱས་ཆེ་བ་འདི་ཉིད་དོ། །
གཅོད་ཀྱི་གདམས་པའི་ངོ་བོ་ནི། ཤེས་རབས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྔགས་དང་རྗེས་སུ་མཐུན་པར་སྤྱོད་པ་སྟེ། གདམས་པའི་ཁུངས་ཡུམ་རྒྱས་འབྲིང་བསྡུས་གསུམ་དང་ལྷག་པར་དུ་མདོ་སྡུད་པ་ཡིན་པར་མཁས་གྲུབ་ཐམས་ཅད་དགོངས་པ་མཐུན་ཅིང་། ཁྱད་པར་དུ་སྡུད་པ་ལས། རྒྱུ་རྣམས་བཞི་ཡིས་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། ། བདུད་བཞིས་ཐུབ་པར་དཀའ་ཞིང་བསྐྱོད་པར་མི་ནུས་ཏེ། །སྟོང་པར་གནས་དང་སེམས་ཅན་ཡོངས་སུ་མི་གཏོང་དང་། །ཇི་སྐད་སྨྲས་བཞིན་བྱེད་དང་བདེ་བཤེགས་བྱིན་རླབས་ཅན། །ཞེས་གསུངས་པའི་རྒྱུ་བཞི་ནི། སྟོང་པར་གནས་པ། སེམས་ཅན་མི་གཏོང་བ། ཇི་ལྟར་སྨྲས་བཞིན་བྱེད་པ། བདེ་གཤེགས་ཀྱིས་བྱིན་གྱིས་བརླབས་པ་བཞི་སྟེ། དེ་ལས་དང་པོ་ནི། སྟོང་ཉིད་ཀྱི་ལྟ་བ་སྒོམ་པ་དང་། གཉིས་པ་ནི། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམ་པ་སྟེ། དེ་གཉིས་ཞི་གཅོད་ཀྱི་ཉམས་ལེན་གྱི་དངོས་གཞིའོ།། གསུམ་པ་ནི། ལམ་གྱི་རྩ་བཤེས་གཉེན་བསྟེན་པ་དང་། བཞི་བ་ནི། སྐྱབས་འགྲོ་ཚོགས་ཞིང་ཡན་ལག་བདུན་པ་མཎྜལ་དབུལ་བ་རྣམས་ཏེ་དེ་གཉིས་ནི་ཉམས་ལེན་གྱི་སྔོན་འགྲོའོ། །བདུད་བཞིས་ཐུབ་པར་དཀའ་བ་ནི་མཐར་ཐུག་གི་ཆོད་ཚད་དང་། བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། །ཞེས་པ་གདམས་པ་འདི་བྱང་ཆུབ་སེམས་དཔའི་ཐབས་ཀྱི་ཉམས་ལེན་སྲིད་ཞིའི་རྒུད་པ་འཇོམས་པའི་སྟོབས་དང་ལྡན་པའོ། ། ཞེས་བསྟན་ནོ། །སྔགས་དང་ཇི་ལྟར་རྗེས་སུ་མཐུན་ན། བརྟག་གཉིས་ལས། ཤིང་གཅིག་དང་ནི་དུར་ཁྲོད་དང་། །མ་མོའི་ཁྱིམ་དང་མཚན་མོ་དང་། །ཡང་ན་དབེན་པའི་བས་མཐའ་རུ། །བསྒོམ་པ་བཟང་བར་བརྗོད་པར་བྱ། །ཞེས་གསུངས་པ་དང་། ལུས་ཀྱི་སྦྱིན་པ་སྦྱིན་བྱས་པས། །ཕྱི་ནས་སྤྱོད་པ་ཡང་དག་སྤྱད། ། ཅེས་པ་དང་། ངེས་པར་སྔོན་དུ་ལྷ་མིན་དང་། །བརྒྱ་བྱིན་ལྟ་བུར་འོངས་ན་ཡང་། །དེ་ལ་འཇིགས་པར་མི་བྱ་སྟེ། །སེང་གེའི་གཟུགས་ཀྱིས་རྣམ་པར་རྒྱུ། །ཞེས་གསུངས་པ་རྣམས་དང་མཐུན་པ་སྟེ། ལུང་དེ་དག་གིས་གང་དུ་ཉམས་སུ་བླང་བའི་གནས། ཇི་ལྟར་ཉམས་སུ་ལེན་པའི་ཚུལ། ཉམས་སུ་བླངས་པ་ལ་བརྟེན་ནས་སློང་དང་ཆོད་ཚད་འབྱུང་ཚུལ་བཅས་པ་རིམ་པ་བཞིན་བསྟན་པའི་ཕྱིར་རོ། །
ལྟ་བ་ནི། གདམས་པའི་ཁུངས་ཡུམ་རྒྱས་འབྲིང་བསྡུས་གསུམ་དང་མདོ་སྡུད་པ་ལ་ཐུག་པས་ན། དབུ་མ་ཐལ་འགྱུར་བའི་ལྟ་བ་ལས་མ་འདས་ཤིང་། ལབ་སྒྲོན་གྱི་གསུང་ཡིན་ངེས་རྣམས་སུའང་དེ་བཞིན་འབྱུང་མོད། བར་སྐབས་སུ་གདམས་པ་འཛིན་པ་རྣམས་ཀྱིས་ཇི་ལྟ་བ་བཞིན་འཆད་མ་ཤེས་པར་ཟེར་སྒྲོས་སྣ་ཚོགས་པ་བསྲེས་པ་དང་། གཅོད་འདི་གྲུབ་མཐའ་རིས་མེད་ལ་དར་བས་རང་རང་གི་གྲུབ་མཐའི་ཞེན་གྱིས་ལྟ་བ་སྒོམ་ཚུལ་ཅི་རིགས་སུ་བཤད་པ་བྱུང་སྣང་ངོ་།།
གང་གང་གི་རྣམ་རྟོག་མི་མངའ་ཡང་། གང་ལ་གང་འདུལ་སྤྲུལ་པའི་རོལ་གར་གྱིས། །གང་ལ་གང་འཚམས་མཛད་པ་མཐའ་ཡས་པས། །གང་ལ་གང་འདོད་དངོས་གྲུབ་སྟེར་མཛད་པ། །ཕ་རྒན་དམ་པ་སངས་རྒྱས་ཞེས་གྲགས་པས། །ཕ་རོལ་ཕྱིན་པའི་ལམ་གྱི་སྙིང་པོ་དང་། །ཕ་མའི་རྒྱུད་ཀྱི་མན་ངག་མཐར་ཐུག་པ། །ཕ་མཐའ་ཡས་པ་གངས་ཅན་པ་ལ་གསུངས། །མ་ལུས་གྲུབ་ཐོབ་རྣམས་ཀྱི་དགོངས་པའི་བཅུད། །མ་ལུས་འདུས་པའི་དམ་ཆོས་སྨན་མཆོག་འདི། །མ་ལུས་འགྲོ་བའི་སྡུག་བསྔལ་ཞི་བྱེད་ཅེས། །མ་ལུས་མཁས་པས་མགྲིན་གཅིག་བསྔགས་པར་བྱེད།། ཨ་ཏི་ཤ་ཡི་སྲོལ་དང་རྗེས་མཐུན་པ། །ཨ་དོན་སྐྱེ་མེད་བསྒོམ་པའི་གདམས་པ་མཆོག། ཨ་མ་ལབ་ཀྱི་སྒྲོན་མའི་གཅོད་འདི་ཡང་། །ཨ་ཧོ་ཐེག་ཆེན་ཆོས་ཀྱི་ཉིང་ཁུར་སེམས། །རྣམ་མང་གྲུབ་མཐའི་ནགས་ཀྱི་ཀློང་། །ཞི་བྱེད་བྱུང་བ་བརྗོད་པའི་གཏམ། །ཁུ་བྱུག་མགྲིན་པའི་རོལ་མོ་ཡིས། །རྣ་བའི་བཅུད་ལེན་རྒྱས་པར་བྱས།
གྲུབ་མཐའ་ཐམས་ཅད་ཀྱི་ཁུངས་དང་འདོད་ཚུལ་སྟོན་པ་ལེགས་བཤད་ཤེལ་གྱི་མེ་ལོང་ལས། ཞི་བྱེད་པའི་གྲུབ་མཐའ་བྱུང་ཚུལ་བཤད་ཟིན་ཏོ།། ༼ཐུའུ་བཀྭན་གྲུབ་མཐའ་ལས་སོ།།༽
གཉན་གཡག་ཕྲུག་ལགས། གཅོད་ཀྱི་སྒྲ་དོན། གཅོད་ཀྱི་གདམས་པའི་ངོ་བོ། གཅོད་ཀྱི་ལྟ་བ། གཅོད་ཀྱི་གདམས་པའི་ཁུངས་རྣམས་ལ་ལེགས་པར་སོམས་དང་། མི་སྐྱ་ཕོ་མོ་རང་ག་བ་རྣམས་ཀྱིས་ལག་པས་སྙོབ་ཐུབ་པ་ཞིག་རེད་འདུག་གམ། སངས་རྒྱས་ཀྱི་ཆོས་འདི་གཞན་དང་མ་འདྲ་བར་གདུལ་བྱའི་ཁམས་དབང་དང་འཚམས་པར་ཆོས་བྱེད་སྟངས་སྣ་ཚོགས་ཤིག་སྟེ། ཐེག་པ་ཆེན་པོ་དང་ཆུང་ངུ་། མདོ་དང་སྔགས། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ། ཡང་ན་ཐེག་པ་རིམ་པ་དགུ་སོགས་ཆོས་ཚུལ་བསམ་གྱིས་མི་ཁྱབ་པ་གསུངས་ཡོད་པ་དེས་ཀྱང་ཅི་ཞིག་མཚོན་གྱི་ཡོད་དམ། མདོ་དོན་རང་རང་གི་བློ་ཚོད་དང་མཐུན་པའི་ཆོས་ཤིག་ཉམས་ལེན་བྱས་ན་དགེ་མཚན་ཆེ་ལ་ངལ་བ་དོན་ལྡན་སྙམ་པ་ཙམ་ཡིན། མི་སྐྱ་ཕོ་མོ་རྣམས་ཀྱིས་གཅོད་བཏང་ན་ཕན་ཡོན་གཏན་ནས་མེད་པའི་བསམ་ཚུལ་བཟུང་མེད། གོ་བ་མ་ལོག་པར་ཞུ། ངའི་རྩོམ་གྱི་བརྗོད་དོན་སྙིང་པོ་ཡང་དེ་མིན་པ་ཤེས་གལ།
དྲྭ་གྲོགས་གཉན་གཡག་ཕྲུག་ལགས་ཀྱིས་ང་ལ་དོགས་སླང་གནང་བ་ཐུགས་རྗེ་ཆེ། ཁྱེད་རང་གི་ཐུགས་འདོད་བཞིན་ངས་དོགས་སེལ་ཞུས་ཆོག ཕ་དམ་པ་སངས་རྒྱས་ཀྱི་རྣམ་ཐར་ནི་ཧ་ཅང་གི་ཉམ་འཚར་ཞིག་ཡིན་ཚོད་འདུག་ཁོང་ནི་དགུང་ལོ་ལྔ་བརྒྱ་ཙམ་ལ་བཞུགས་ཡོད་པའི་ལོ་རྒྱུས་ཡང་ཡོད་པ་ཐོས། དཔེར་ན་སློབ་དཔོན་རིན་པོ་ཆེས་བསམ་ཡས་གཙུག་ལག་ཁང་གཞེང་མཛད་སྐབས་སུ་ཁོང་མཉམ་དུ་ཡོད་པར་བཤད་ལ་ཕྱིས་སུ་གངས་ཅན་པའི་སྙིང་སྟོབས་ཅན་གྱི་སྐྱེས་བུ་ཆེན་པོ་རྗེ་བཙུན་མི་ལ་བཞད་པ་རྡོ་རྗེ་དང་ཆོས་ཀྱི་བགྲོ་གླེང་མཛད་ཚུལ་ཡང་ཡོད་ད་དུང་རྒྱ་ནག་གི་ཧ་ཤང་མ་ཧཱ་ཡ་ན་དང་ཆོས་རྩོོད་མཛད་ཚུལ་སོགས་མཐའ་ཡས་པ་ཡོད། དེས་ན་ཁོང་གི་ལོ་རྒྱུས་ནི་ཤིན་ཏུ་རྒྱ་ཆེན་པོ་ཞིག་ཡིན་པ་ཡང་རྟོགས་ཐུབ། ད་ཁྱེད་ཀྱི་ཞེ་འདོད་དངོས་དེ་ལ་ངས་ལན་ཞིག་ཕུལ་ན། ཐོག་མར་འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་མཛད་པའི་དེབ་ཐེར་སྔོན་པོའི་ནང་ལ་ཕ་དམ་པ་སངས་རྒྱས་བོད་དུ་ལན་གསུམ་བྱོན་ཚུལ་གསུང་ཡོད་ལ། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི་དུང་དཀར་ཚིགས་མཛོད་ཆེན་མོའི་ནང་ལ་ཁོང་བོད་དུ་ལན་ལྔ་བྱོན་ཡོད་པར་གསུངས་ཡོད། ཁོང་རྣམ་པ་གཉིས་ཀས་གསུང་ཚུལ་མཐུན་པ་ཞིག་ལ་ཡར་ཀླུང་པ་སྨ་ར་སེར་པོ་དང་སྐྱོ་བསོད་ནམས་བླ་མ་གཉིས་རྗེས་སུ་བཟུང་བའི་དུས་དེ་ལན་གསུམ་པའི་སྐབས་སུ་ཡིན་པར་གསུངས་ཡོད། ད་དུང་རྗེ་རང་བྱུང་རྡོ་རྗེས་མཛད་པའི་གཅོད་ཀྱི་ཚོགས་ལས་རིན་ཆེན་ཕྲེང་བའི་ནང། ༼དམ་པའི་སྟོད་པ་མ་ཅིག་གིས་མཛད་པའི་བྱིན་རླབས་དམིགས་པ་ནི།༽ ཅེས་པའི་སྐབས་སུ་༼ནང་བསྐོར་བ་དིང་རི་བླ་འཁོར་བསྐོར། །རི་མཁན་པ་ཁྲོད་ཀྱི་དགོན་པ་ན། །ཉི་ཟླ་པདྨའི་གདན་སྟེང་ན། །གནས་དེ་ན་སུ་བཞུགས་སུ་མ་བཞུགས། །གནས་དེ་ན་དམ་པ་སངས་རྒྱས་གཞུགས། །སྐུ་འཁྲུངས་པ་རྒྱ་གར་ཡུལ་དུ་འཁྲུངས། །གསུང་སྒྲག་པ་བོད་ཡུལ་དབུས་སུ་སྒྲགས། །རྗེ་འགྲོ་བའི་མགོན་པོ་རྡོ་རྗེ་འཆང་། །སྨྲ་བའི་སེངྒེ་མཚུངས་པ་མེད། །དཔལ་ཆེན་བིརྺ་དྲོད་ཚད་མཁས། །ཨཱརྱ་དཻ་ཝ་སྒྲ་ཚད་མཁས། །དམ་པ་མི་རྟོག་རྒྱུད་སྡེ་མཁས། །ཞེས་སོགས་་དུ་མ་གསུང་ཡོད། ངས་བསམ་ན་ཁོང་དིང་རའི་དགོན་པའི་ནང་ལོ་མང་གཞུགས་ཡོད་ཚོད་ལས་སྐུ་འཁྲུངས་ཡུལ་རྒྱ་གར་ཡིན་ཚོད་འདུག་བསམ་གྱི་ཡོད། བཀའ་རྒྱུད་ཚོགས་ལས་ཀྱི་སྐབས་སུ། ༼ལ་སྟོད་དིང་རིའི་དགོན་པ་ན། །ཕ་ཅིག་དམ་པ་སངས་རྒྱས་རིན་པོ་ཆེ། །དབུས་གཙང་གཉིས་ཀྱི་ས་མཚམས་ན། །སྐྱོ་སྟོན་བསོད་ནམས་བླ་མ་རིན་པོ་ཆེ། ༽།ཞེས་སོགས་དེ་འདྲའི་ཚིགས་མང་པོ་ཡོད་པ་དེ་དག་སྒྲུབ་བྱེད་དུ་བྱས་ཚེ་༼སྟོད་ལུང་མཚུར་ཕུའི་དགོན་པ་ན། །གྲུབ་ཆེན་ཀརྨ་པཀྵི་རིན་པོ་ཆེ། །ཞེས་པའི་སྐབས་སུ་ཁོང་ཡང་སྟོད་ལུང་མཚུར་ཕུ་དགོན་དུ་སྐུ་འཁྲུང་དགོས་པ་ཐར་བ་འབྱུང་ངོ་། ད་དུང་ཁྱེད་ལ་ཞུ་དགོས་པ་ཤིག་ལ་དམ་པས་གཅོད་རྒྱ་གར་རུ་སྒྱུར་བའི་ལོ་རྒྱུས་དེ་གསལ་པོ་ཞིག་གསུང་ཡ་ཡོད་ན། རྒྱ་ཆོས་བོད་དུ་སྒྱུར་མཁན་མང་ན་ཡང་། །བོད་ཆོས་རྒྱ་ལ་སྒྱུར་བ་ཁོ་བོ་ཙམ། །ཞེས་པའི་ཚིག་དེ་ཙམ་ཡིན་ན་ནི་ས་སྐྱ་པཎ་ཆེན་གྱིས་ཀྱང་ཚད་མ་རིགས་གཏེར་རྒྱ་གར་སྐད་དུ་སྒྱུར་སྐབས་སུ་དེ་འདྲ་ཞིག་གསུང་པ་རེད། །མ་ཚད་གཅོད་འདི་བོད་ཀྱི་བླ་མས་རང་བཟོ་བྱས་པ་ཞིག་གཏན་ནས་ཡིན་མི་རུང་འཕགས་ཡུལ་རྒྱ་གར་ནས་བྱུང་བ་ཞིག་ངེས་པར་དུ་ཡིན་དགོས། །དེས་ན་སྙིག་དུས་ཀྱི་ཐུབ་དབང་གཉིས་པ་ལྟ་བུའི་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་སྒྲུབ་རྒྱུད་ཤིན་རྟ་ཆེན་པོ་བརྒྱད་ཀྱི་ལོ་རྒྱུས་ལས། ༼།ཞི་བྱེད་དང་གཅོད་ཀྱི་སྐོར་༽ཞེས་པ་ལས་གཅོད་ཀྱི་སྐོར་བཤད་སྐབས་སུ་མགོས་ལོས་གསུང་པ་དང་གཅིག་མཚུང་དུ་གསུང་ཡོད་ལ་མ་ཚད་བོད་ཡུལ་དུ་གཅོད་ཀྱི་གསོལ་འགྱེད་དེ་ཆོས་འཁོར་ཐོག་མར་གསུང་མཁན་དེ་ཕ་དམ་པ་སངས་རྒྱས་ཡིན་པ་གསུང་ཡོད།།
ཕ་དམ་པ་ནི་དགུང་གྲངས་ལྔ་བརྒྱ་བདུན་ཅུ་བཞུགས་ལོ་སྒྱུས་ཕལ་མོ་ཆེར་བཞེད།
སྤྱི་ལོ་དུས་རབས་བཅུ་གཉིས་པའི་མགོར་ཕ་དམ་པ་སངས་རྒྱས་ཀྱིས་སྲོལ་གཏོད་པའི་ཤེར་ཕྱིན་ཉམས་ལེན་གྱི་སྲིད་ཞིའི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་ཆ་ནས་བཏགས་པའི་གྲུབ་མཐའ་ཞིག་ཡིན། ཞི་བྱེད་པའི་ཡ་གྱལ་གཅོད་ཅེས་པའི་སྒྲ་དོན་ནི། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་རང་དོན་ཡིད་བྱེད་གཅོད། སྟོང་ཉིད་ཀྱི་ལྟ་བས་འཁོར་བའི་རྩ་བ་བདག་འཛིན་གཅོད་པས་ན་གཅོད། དེ་གཉིས་ཐུན་མོང་གིས་བདུད་བཞི་གཅོད་པས་དེ་སྐད་དུ་གྲགས་སོ།།གཅོད་ཀྱི་གདམས་པའི་ཁུངས་ཤེར་ཕྱིན་གྱི་མདོ་ཡིན་པ་དང་ལྷག་པར་དུ་མདོ་སྡུད་པར་ཡིན་པར་བླ་མ་མང་པོས་གསུངས་འདུག་ལ། ཕ་དམ་པ་ཐེངས་གསུམ་པ་བོད་ལ་ཕེབས་སྐབས་གཙང་དུ་སྐྱོ་སྟོན་བསོད་ནམས་བླ་མ་དང་ཡར་ལུང་སྨ་ར་སེར་པོ་གཉིས་ལ་གཅོད་ཀྱི་གདམས་པ་གནང་ཞིང་དེ་དག་ལས་བརྒྱུད་པ་མ་ཅིག་ལབ་སྒྲོན་སོགས་མོ་གཅོད་དང་ཕོ་གཅོད་གཉིས་སུ་བྱུང་བ་ཡིན་མོད། མ་གཅིག་གིས་ཕ་དམ་པ་དངོས་སུ་མཇལ་བའི་ལོ་རྒྱུས་ཡོད་ན་གསུངས་རོགས།
འདིར་བཤད་པར་བྱ་བ་ནི་གྲུབ་དབང་ཆེན་པོ་ཕ་གཅིག་དམ་པ་སངས་རྒྱས་ཏེ། འཕགས་ཡུལ་དུ་མཁས་པ་ཆེན་པོ་སློབ་དཔོན་ཀ་མ་ལ་ཤཱི་ལ་དང་། བོད་དང་རྒྱ་ནག་ཏུ་ཕ་དམ་པ་སངས་རྒྱས་ཞེས་ཡོངས་སུ་གྲགས་པ་འདིས་དག་སྣང་གིས་སངས་རྒྱས་གནམ་གྱི་སྐར་མ་ཙམ་དང་ངོ་མཚར་མཁའ་སྤྱོད་ཀྱི་བླ་མ་སུམ་ཅུ་རྩ་དྲུག་སོགས་ལས་པྱི་ནང་གི་གདམས་པ་མ་ལུས་པ་མནོས་ཏེ་ཕྱོགས་མེད་ཀྱིས་གནས་སུ་སྒྲུབ་པ་མཛད་པས་བཅུད་ལེན་སོགས་ཐུན་མོང་གི་དངོས་གྲུབ་དང་མཆོག་གི་དངོས་གྲུབ་ཐོབ་སྟེ་གནས་ངེས་མེད་དུ་སྤྱོད་པ་མཛད་ཅིང་། ཁྱད་པར་བོད་དུ་ལན་ལྔར་ཕེབས་པས་གང་ཟག་སོ་སོའི་ཁམས་དབང་གི་རིམ་པ་ཇི་བཞིན་གཟིགས། བོད་དུ་ལན་ལྔར་ཕེབས་ཏེ་དང་པོ་མདོ་ཁམས་ཀུན་ཞབས་ཀྱིས་བཅགས་བསྟན་པ་དར་བ་ལུང་བསྟན། གཉིས་པས་ཁ་ཆེ་ནས་ཐོན་ཏེ་མངའ་རིས་སུ་བྱོན། གསུམ་པས་བལ་པོ་ནས་གཙང་དུ་བྱོན། བཞི་པས་གཉལ་དུ་བྱོན། ལྔ་པས་རྒྱ་ནག་ཏུ་བྱོན་སླར་བོད་ཡུལ་དེང་རིར་ཕེབས། དེ་དག་གི་སྐབས་སུ་ལས་འབྲེལ་གྱི་སློབ་མ་དུས་མཐུན་གྱི་གདམས་པ་བསྩལ། གཞུང་ལུགས་མཐའ་གཅིག་ཏུ་རྣམ་གཞག་མེད་ཀྱང་གཙོ་བོར་གཞུང་ཨཱ་ལི་ཀཱ་ལི་ཆུ་ཀླུང་ཆེན་པོའི་རྒྱུད་དང་། ཕྱག་ཆེན་བརྡ་རྒྱུད་སོགས་ལ་བརྟེན་ཐབས་ཀྱི་རྣམ་པར་ཐར་པ་ཡང་རྟེན་སྡོམ་པ་གསུམ་ལྡན། ལམ་དཀའ་ཐུབ་ཀྱི་སྲང་། འབྲས་བུ་གཞན་དོན་སྤྱོད་པ་གསུམ་དང་ཚུལ་མཐུན་པར་ལས་ཅན་གནམ་གྱི་སྐར་མའི་གྲངས་ལྟ་བུའི་འགྲོ་བ་མང་པོ་སངས་རྒྱས་ཀྱི་སར་བསྒྲལ་བར་མཛད་པའི་ཆོས་དེ་ལ་སྤྱི་མིང་སྒེར་དུ་ཆགས་ཏེ་དམ་ཆོས་སྡུག་བསྔལ་ཞི་བྱེད་ཅེས་བྱ་བར་ཡོངས་སུ་བརྗོད་པའོ།
སྤྱིར་ཆོས་གཞན་ནི་རྒྱུ་ཉོན་མོངས་པ་སྔོན་དུ་སྦྱོང་སྡུག་བསྔལ་ཤུགས་ལས་ཟློག་པ་ཡིན་ལ། འདིར་ནི་འབྲས་བུ་སྡུག་བསྔལ་དངོས་སུ་སྦྱོང་ཤུགས་ལས་ཉོན་མོངས་པ་དྲུངས་ནས་འབྱིན་པའི་ཐབས་ཤིན་ཏུ་ཟབ་པ་སྟེ། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས་ཞེས་པའི་ལུང་ལ་བརྟེན་ནས་བཏགས་པར་བཞེད་དོ། དེ་ལྟར་སློབ་མའི་ཚོགས་དཔག་ཏུ་མེད་པས་གདམས་པའི་བཀའ་སྲོལ་ཡང་དཔག་ཏུ་མེད་མོད། འོན་ཀྱང་གྲགས་ཆེ་བ་བརྒྱུད་པ་སྔ་ཕྱི་བར་གསུམ་སྟེ། དང་པོ་དམ་པས་ཁ་ཆེ་ཛྙཱ་ན་གུ་ཧྱ་ལ་ཞི་བྱེད་སྒྲོན་མ་སྐོར་གསུམ་སོགས་རིམ་པའི་རོག་ཤེས་རབ་འོད་ལ་བབས། གཉིས་པ་རྨ་སོ་སྐམ་བརྒྱུད་པྲན་དང་བཅས་པ་ལས་ཚིག་བརྒྱུད་དོན་བརྒྱུད་དེ་རེ་རེ་ལའང་ནང་གསེས་རྣམ་གྲངས་མཐའ་ཡས་པ་མཆིས་སོ།་ཞན་ཡང་ཡས་བརྒྱུད་མས་བརྒྱུད་སོགས་མང་དུ་བཞུགས། གསུམ་པ་དམ་པ་དེང་རིར་བཞུགས་པའི་ཚེ་ཞལ་མཐོང་ལ་སྔ་བ་ཅོག་རོ་སྨྱོན་པ་སོགས་རྣལ་འབྱོར་ཕོ་མོ་བགྲང་དུ་མེད་པ་ལས་གཙོ་བོ་ཕྱར་ཆེན། བཛྲ་ཀྲོ་དྷ། ཕྱར་ཆུང་། བྱང་ཆུབ་སེམས་དཔའ་ཀུན་དགའ་སོགས་སོ་སོའི་གདམས་ངག་རྣམས་བཀའ་བསྡུ་མཛད་དེ་ཡིག་གེར་བཀོད་དོ། དེ་ལྟའི་གདམས་པའི་བཀའ་སྲོལ་མཐའ་ཡས་པ་ཞིག་མཆིས་པ་ལས་སྨིན་གྲོལ་ཆ་ལག་དང་བཅས་པའི་ལམ་ཡོངས་སུ་རྫོགས་པས་ཁྱད་དུ་འཕགས་པ་ནི། ང་དང་མཉམ་པ་ཀུན་དགའ་ཙམ། ཞེས་གསུགས་པ་ལྟར་སྐྱེ་བ་ལྔར་རྗེས་སུ་བཟུང་ཞིང་། དམ་ཉིད་དང་དགོངས་པ་མཉམ་པ་བྱང་སེམས་ཀུན་དགའི་བཀའ་སྲོལ་ཉིད་ཡིནལ་རིམ་པར་རོག་བདེ་གཤེགས་ཆེན་པོ་ཤེར་འོད་ལས་ཕྱིས་སྨིན་གླིང་ལོ་ཆེན་དྷརྨ་ཤྲཱིས་གསན་ནས་ཡིག་ཆའང་བཀླག་ཆོག་ཏུ་མཛད་ཅིང་དབང་ཁྲིད་སྤེལ་བའི་བཀྲིན་གྱིས་ད་ལྟའང་རྒྱུན་མ་ནུབ་པར་སྣང་ངོ་ཞེས་གྲགས་ཆེན་གྱི་ལོ་སྒྱུས་ཡིག་ཆ་དགའ་ལས་བཏུས་ཏེ་སྤེལ་བའོ།
གོང་གི་མཆན་ཨང་༡༦དང་༡༧་གཉིས་ནང་གསལ་གཅོད་ཀྱི་དཔེ་མཚོན་དྲུག་ལས་གཉིས་ཆད་འདུག་པས་ཁ་སྐོང་ཞུ་ན། སེངྒེ་དང་འདྲ་སྟེ། དེས་མང་པོ་ཟིལ་གྱིས་གནོན་ལ་གཅིག་པུར་ཉམ་ང་མེད་པ་བཞིན། གཅོད་བྱེད་པ་ལ་མང་པོ་དང་འགྲོགས་ཀྱང་ཆོག་ལ་གཅིག་པུར་འགྲིམས་ཀྱང་ཆོག་པའོ། རྔ་བོ་ཆེའི་སྐད་དང་འདྲ་སྟེ། རྔ་ཆེན་ལ་རོལ་མོ་གཞན་གྱི་སྒྲ་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག་པ་ཞིན། འདི་ལ་དགེ་སྦྱོར་གྱི་གྲོགས་གཞན་མེད་ཀྱང་ཁྱད་མེད་པའོ།
དེ་ལ་འདིར་དམ་ཆོས་བདུད་ཀྱི་གཅོད་ཡུལ་ཞེས་སྔོན་བྱོན་རྒྱལ་བ་ཐམས་ཅད་ཀྱི་གཤེགས་ཤུལ། ད་ལྟའི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། མ་འོངས་སངས་རྒྱས་ཐམས་ཅད་ཀྱི་ལམ། གྲུབ་ཐོབ་ཐམས་ཅད་ཀྱི་ཐུགས་ཀྱི་བརྣགས་པ། བཀའ་ཕ་རོལ་ཏུ་ཕྱིན་པའི་དགོངས་པ། དོན་གསང་སྔགས་དང་རྗེས་སུ་མཐུན་པའི་ཉེ་ལམ། བདུད་བཞི་དབྱིངས་སུ་གཅོད་ཅིང་འགལ་རྐྱེན་ལམ་དུ་ལོངས་པ། གཞན་ལས་ཁྱད་པར་དུ་འཕགས་པ། གནས་སྐབས་སུའང་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་འཇོམས་པའི་མཐུ་སྟོབས། ནད་རིགས་བཞི་བརྒྱ་རྩ་བཞིའི་སྨན་མཆོག མཐར་ཐུག་ཏུའང་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཡུལ་ངོ་ཟློག་པའི་དམག་དཔུང༌། འབྲས་བུ་ཕྱི་དུས་སུ་མི་འཇོག་པར་སྐད་ཅིག་གིས་འཁོར་བ་སྤྱི་དང་བྱེ་བྲག་ཕྱེས་པའི་མན་ངག་བླ་ན་མེད་པ་འདི་ལ། ཁུངས་བཙུན་པའི་ཕྱིར་རྒྱུད་པའི་ལོ་རྒྱུས་ཀྱི་ཁོག་ཕུབ་ཅིང་མཛད་པ་པོའི་ཆེ་བ་བརྗོད་པ། མཚོན་དཔེ་དྲུག་གིས་གཅོད་ཀྱི་ཆེ་བ་བརྗོད་པ། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་བཞིས་གཅོད་ཀྱི་ཆོས་ངོས་བཟུང་བ། བློ་ལྡོག་རྣམ་པ་བཞིས་རྒྱུད་ཡོངས་སུ་སྦྱོང་བ་དང་བཞི་ལས། དང་པོ་ལ་བཞི་སྟེ། ཟག་གིས་དབྱེ་ན་ཕ་རྒྱུད་དང་མ་རྒྱུད་གཉིས། ཡོངས་སུ་གྲགས་ཚུལ་གྱིས་དབྱེ་ན་བཀའ་མ་དང་གཏེར་མ་གཉིས། ངོ་བོས་དབྱེ་ན་གཞུང་འཁྲིགས་ཆགས་དང་ཁ་འཐོར་གཉིས་ཏེ་ཟུང་བཞི་ཡ་བརྒྱད་དེ། དེ་ལ་དང་པོ་བཀའ་རྒྱུད་ལ་གཉིས་ལས། དང་པོ་ཕྱི་མདོ་ལྟར་ན། བཅོམ་ལྡན་འདས་ཀྱིས་བྱམས་པ་ལ་གསུངས། དེས་ཐོགས་མེད། རིམ་པ་ལྟར་དབྱིག་གཉེན། ཨཱརྻ་དེ་བ། དམ་པ་སངས་རྒྱས། བསོད་ནམས་བླ་མ། མ་གཅིག་ལའོ། །གཉིས་པ་ནང་གསང་སྔགས་ལྟར་ན། ཆོས་སྐུ་ཡུམ་ཆེན་མོས་རྡོ་རྗེ་འཆང་དང༌། ཐུབ་པའི་དབང་པོས་འཇམ་དཔལ་སྨྲ་སེང༌། ཨཱརྻ་དེ་བ། དམ་པ་སངས་རྒྱས། བསོད་ནམས་བླ་མ། མ་གཅིག་ལའོ། །གཉིས་པ་དོན་གྱི་རྒྱུད་པ་ནི། མ་གཅིག་གིས་ཡུམ་རྒྱས་འབྲིང་བསྡུས་གསུམ་ཞལ་འདོན་མཛད་དེ། ཡུམ་དོན་ཐུགས་ལ་འཁྲུངས་པའི་དོན་ཉམས་མྱོང་གི་རྒྱུད་པའོ། །གཉིས་པ་ལའང་གཉིས། དང་པོ་ཕ་རྒྱུད་ནི། རབ་འབྱོར་གྱིས་ཞུས། སྟོན་པས་གསུངས། ཀུན་དགའ་བོས་བསྡུས་ནས། ཀླུ་གྲུབ། ཨཱརྻ་དེ་བ། དམ་པ། བསོད་ནམས་བླ་མ། མ་གཅིག་ལའོ། །གཉིས་པ་མ་རྒྱུད་ནི། ཡུམ་ཆེན་མོ། སྒྲོལ་མ། སུ་ཁ་སིདྡྷི། དམ་པ། མ་གཅིག་ལའོ། །དེ་གཉིས་ལ་ཐབས་དང་ཤེས་རབ་ཀྱི་རྒྱུད་པའང་ཟེར། གསུམ་པ་བཀའ་གཏེར་ངོས་བཟུང་བ་ལ་གཉིས། དང་པོ་ཐུབ་པའི་དབང་པོས་བྱམས་པ་ལ་གསུངས་ནས། འཇམ་དཔལ་དབྱངས། སྒྲོལ་མ། མ་གཅིག་ཉིད་ཀྱིས་བདུད་ཀྱི་ལེའུ་ལས་རྟོགས་པས་བཀའ་མ་ཟེར་ལ། ལུང་བསྟན་པའི་བཀའ་ཡང་ཡིན་ཏེ། འཇམ་དཔལ་རྩ་རྒྱུད་སོགས་ལས། ང་ཡི་བསྟན་པའི་སྙིགས་མ་ལ་སོགས་གསུངས་པ་ལྟར་ཡིན་ནོ། །གཉིས་པ་གཏེར་མ་ལ་སྔ་ཕྱི་གཉིས་ལས། སྔ་མ་ནི། མ་གཅིག་ཨེའི་རི་ཁྲོད་ཅིག་ལ་བཞུགས་པའི་དུས་སུ། ཡུལ་པའི་ཕྱོགས་གཟིགས་མོ་དང་སྐྱོ་སངས་ལ་བྱོན་ནས། དེར་གཅིག་པུར་བཞུགས་པའི་ཚེ་བཙུན་པ་ཆས་གོས་བཟང་ཞིང༌། བལ་གྱི་དྲྭ་བ་རྒྱབ་ཏུ་འཁུར་བ། པཎ་ཞྭ་གོན་ཅིང་འགྲོ་སྟབས་གཟབ་པ་ཞིག་བྱུང་ནས། དེར་བགྲེང་སྟེ་སྨྲས་པ། རྣལ་འབྱོར་མ་ཁྱེད་གང་ནས་འོངས། གར་འགྲོ། ཕ་མ་དང་རིགས་རུས་སུ་ཡིན། རི་སྟོང་འདིར་ཅི་བྱེད། ཤེས་པ་དང་ཐོས་པ་ཅི་ཤེས་ཟེར་བ་ལ། མ་གཅིག་གིས་ང་ལ་འོངས་ས་དང༌། འགྲོ་ས། འདུག་ས་མེད། ཕ་མ་དང་རིགས་རུས་བྱུང་ཁུངས་མེད། རི་སྟོང་འདིར་སྣང་བ་གདོང་འདེད་བྱེད། ཤེས་པ་དང་ཐོས་པ་སྤུ་ཙམ་ཡང་མེད། ཁྱེད་སུ་ཡིན། ཡུལ་གང་ནས་ཡིན། ད་གར་བཞུད་གསུངས་པས། ཁོ་ན་རེ། ང་གཉན་ཆུང་ལོ་ཙ་བ་ཡིན། རྒྱ་གར་ནས་འོང༌། འདིར་བསླེབས་པ་ཁྱེད་ཀྱིས་མ་མཐོང་ངམ། ད་སེམས་ཅན་གྱི་དོན་བྱེད་དུ་འགྲོ། ཁྱེད་ལ་ཕ་མ་དང་རིགས་རུས་མེད་པ་བརྫུས་སྐྱེས་ཡིན་ནམ། རི་སྟོང་དུ་འདུག་ཅིང་འོངས་ས་དང་འགྲོ་ས་མེད་པ་འདྲེ་ཡིན་ནམ། ཤེས་པ་དང་ཐོས་པ་མེད་པ་རོ་ཡིན་ནམ། ཟེར་ནས་ཁྲོས་པས། མ་གཅིག་གིས་འདི་གཉན་ཆུང་ལོ་ཙ་བ་ཡིན་ནམ། རྒྱ་གར་ནས་འོངས་འགྲོ་དོན་བྱེད་ཟེར་ཡང༌། ཡོན་ཏན་རྒྱུད་ལ་མ་སྐྱེས་པ་འདི་སྙིང་རེ་རྗེ་དགོངས་ནས་གསུངས་པ། ཕ་མ་ཐབས་དང་ཤེས་རབ་ཡིན། །འོངས་ས་འགྲོ་ས་ཆོས་ཉིད་ཡིན། །ཤེས་པ་ཐོས་པ་སྙན་རྒྱུད་ཡིན། །དམ་ཆོས་བདུད་ཀྱི་གཅོད་ཡུལ་ཡིན། །འདུག་ས་གཉན་ས་རི་ཁྲོད་ཡིན། །འཁོར་འདབ་མཛེ་སྤྲང་ཕོ་མོ་ཡིན། །ཡོན་བདག་སྣང་སྲིད་ལྷ་འདྲེ་ཡིན། །ང་རང་ལབ་ཀྱི་སྒྲོན་མ་ཡིན། ཁྱེད་རྒྱ་གར་ཡུལ་ནས་བྱོན་པ་དེ། །མཁས་འདོད་ཀྱི་པཎ་ཞྭ་དེ་མགོ་ལ་གོན། །ང་རྒྱལ་གྱི་དྲྭ་ཆུང་དེ་རྒྱབ་ཏུ་འཁུར། ཁ་ལྟའི་སེར་གོས་དེ་ལུས་ལ་གྱོན། །ནེ་ཙོའི་ཆོས་བཤད་དེ་ཁ་ནས་འདོན། །ཐ་སྙད་ཀྱི་ཚིག་ཕྲེང་དེ་སེམས་ནས་འདྲེན། །ཚུལ་འཆོས་གོམ་པའི་འགྲོ་སྟབས་གཟབ་པ་དེ། །སེམས་ཅན་འགྲོ་དོན་བྱེད་དོ་ཟེར་བ་ཨང༌། །ཧ་ཧ། གསུངས་པས། ལོ་ཙ་བ་ཅང་མི་སྨྲ་བར་ཡུན་རིང་པོར་བལྟས་ནས། ཁྱེད་ལབ་སྒྲོན་ཡིན་ན། རྒྱ་གར་བྱ་རྒོད་ཕུང་པོའི་རི་ལ་ལྕགས་ཀྱི་པར་བུ་སྲུབ་མེད་པ་ཞིག་བརྡོལ་པ་དེ། ལབ་སྒྲོན་གྱིས་ཕྱེས་ཟེར་བ་ཆ་ཡོད་དམ་ཟེར་རོ། །མ་གཅིག་གིས་དེ་ཆ་ཡོད། ད་ཁྱེད་མི་རིང་ན་ངའི་རི་ཁྲོད་དུ་འབྱོན་དང་དེར་བཤད་གསུངས་ནས། ལོ་ཙ་བ་དང་བཅས་པ་བྱོན་ནས་བཟའ་ཚོགས་བྱས་ཏེ། མ་གཅིག་གིས་ཞལ་ནས། སྔར་རྒྱ་གར་དུ་ང་ལན་མང་སྐྱེས་པ་མཐའ་མའི་དུས་དེ་ཙ་ན། བྱ་རྒོད་ཕུང་པོའི་རིའི་བྱང་ངོས་སུ་ལ་ཆས་གཡོགས་པའི་ལྕགས་ཀྱི་པར་བུ་ཞིག་གི་ནང་དུ། ཕྱག་རྒྱ་ཆེན་པོ་གཅོད་ཀྱི་མན་ངག་རྣམས་ཤོག་སེར་ལ་མཚལ་གྱི་སཾསྐྲྀ་ཏའི་སྐད་དུ་བྲིས་ནས་ཡོད། དེ་ནམ་བརྡོལ་ཙ་ན་ངའི་བོད་འདིར་འགྲོ་དོན་དུས་ལ་བབས་ཤིང་དཀྱིལ་དུ་ཕྱིན་པ་ཡིན། ཁྱེད་ཐུགས་བསྐྱེད་མི་ཆུང་ན། པར་བུ་དེ་འདིར་ཁྱེར་ལ་ཤོག་དང་ངས་ཕྱེས་ནས་དཔེ་རྣམས་གཟིགས་མོར་ཕུལ་ཆོག་གསུངས་པས། ལོ་ཙ་བ་དིང་རིར་ཕྱིན་ཏེ་དམ་པ་རིན་པོ་ཆེ་ལ་ཞུས་པས། དམ་པ་རིན་པོ་ཆེ་རྐང་མགྱོགས་རྫུ་འཕྲུལ་གྱིས་ནམ་མཁའ་ནས་རྒྱ་གར་དུ་བཞུད་པས་ཞག་བཅུ་གསུམ་ནས་འཁོར། པར་བུ་མ་གཅིག་གི་ཕྱག་ཏུ་ཕུལ་ནས་ཁ་ཕྱེས་པས། སྔར་གསུངས་པ་ལྟར་འདུག་པ་དེ། དམ་པ་རིན་པོ་ཆེ་དང༌། གཉན་ཆུང་ལོ་ཙ་བ། བུ་ཆེན་བཅུ་བཞི་ལ་སཾསྐྲྀ་ཏའི་སྐད་དུ་གསུངས་ཤིང༌། བོད་སྐད་ཀྱིས་ཀུན་ལ་གསུངས་ནས། དམ་ཆོས་འདིའི་བདག་པོ་ཨཱརྻ་དེ་བ་དང༌། དམ་པ་རིན་པོ་ཆེ་ཡིན་པས། དཔེ་རྣམས་སྤེལ་ཏེ་བཤུས་མཛོད། དཔེ་འདི་རྒྱ་གར་དུ་ཨཱརྻ་དེ་བ་ལ་གཏད་དགོས་པས། ཁྱེད་ལོ་ཙ་བ་འོ་བརྒྱལ་ཀྱང་རྒྱ་གར་དུ་འབྱོན་འཚལ་གསུངས། དམ་པ་རིན་པོ་ཆེས་དཔེ་བཤུས་ཏེ་འཆད་པས་ཤངས་ནས་མཚལ་བྱུང་བ་ལ། ཕུང་པོ་གཟན་བསྐྱུར་གྱིས་མཆོད་སྦྱིན་མང་དུ་བྱས་པས་ཤངས་མཚལ་ཆད་དེ། མན་ངག་རྣམས་འཆང་ནས་ལ་སྟོད་དུ་བྱོན། གཉན་ཆུང་ལོ་ཙ་བ་རྒྱ་གར་དུ་བཞུད་དེ། ཨཱརྻ་དེ་བ་ལ་ཆོས་དང་པར་བུ་གཏད་ནས་བོད་དུ་བྱོན་པས། མ་གཅིག་ཟངས་རིར་བཞུགས་པ་དང་མཇལ། ཆོས་གཏད་ཚུལ་རྣམས་ཞུས། མ་གཅིག་ལ་དད་པ་རྩོལ་མེད་དུ་སྐྱེས་ནས་ཞབས་སྤྱི་བོར་བླངས་ཏེ་ཞུས་པ། ཁྱེད་ཀྱི་པར་བུའི་ནང་གི་གཏེར་ཆོས་ཀྱི་ཐུག་ས་གང་ལགས། རྒྱུད་པ་གང་ནས་རྒྱུད་ཞུས་པས། མ་གཅིག་གིས། རྒྱུད་པའི་ཐུག་ས་མེད། ཆོས་བདག་ང་རང་ཡིན། གཏེར་དུ་སྦ་བ་པོའང་ང་རང་ཡིན། བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་ཐེག་ཆེན་གསང་སྔགས་ཀྱི་ལམ་ལ་ཁྲིད་པ་པོའང་ང་རང་ཡིན། དགའ་བ་བཞི་སྐྱེད་པའི་གཙོ་མོ་རྡོ་རྗེ་ཕག་མོ་ཡང་ང་ཡིན་གསུངས། དེ་ནས་ལོ་ཙ་བས་མདོ་ལུགས་ཀྱི་གདམས་པ་མ་ལུས་པ་ཞུས་ནས་ཉམས་སུ་བླངས་པས། དུག་ལྔའི་དགྲ་བོ་བདེ་བླག་ཏུ་ཐུལ་ཏེ་རྒྱུད་ལ་རྟོགས་པ་ཁྱད་པར་ཅན་སྐྱེས། ཆོས་ལ་ཡིད་ཆེས། ཆོས་ལུགས་གཞན་ལས་ཁྱད་པར་དུ་འཕགས་པར་མཐོང་ནས་ཞུས་པ། མ་གཅིག་ལགས། རང་རེའི་ཆོས་ལུགས་འདི་ལ་ཚེ་འདིར་འགལ་རྐྱེན་བྱད་ཁ་རྦོད་གཏོང་ནད་དང་དགྲ་བོ་སོགས་གནོད་བྱེད་ཐམས་ཅད་ལ། ཚེ་སྒྲུབ་སྲུང་ཟློག་སྨན་སྦྱོར་བསད་མནན་སོགས་མི་དགོས་ཤིང༌། མི་འདོད་པ་གྲོགས་སུ་ཁྱེར་བ་དང༌། ཕྱི་མ་ཐར་པ་ཐོབ་ངེས་པ་འདི་གཞན་གྱི་ཆོས་ལུགས་ལས་མཆོག་ཏུ་འཕགས་པ་ལགས་ཞུས་པས། མ་གཅིག་གི་ཞལ་ནས། བྱད་ཟློག་ཚེ་སྒྲུབ་སྨན་རྣམས་ནི། །མི་དགོས་ཁྱད་པར་འཕགས་པ་ཡིན། །འདྲེ་རྣམས་བྲན་དུ་བཀོལ་བ་ཡིན། །དགྲ་རྣམས་གཉེན་དུ་མཆོད་པ་ཡིན། ཁམས་གསུམ་འཁོར་བ་ཟིལ་གནོན་ཡིན། །ཐར་པར་བགྲོད་པའི་ཐེམ་སྐས་ཡིན། །བཙན་ཐབས་གྲོལ་བའི་གདམས་པ་ཡིན། །ཕལ་དང་ཕལ་གྱི་སྤྱོད་ཡུལ་མིན། །ཧྲིལ་གྱིས་དྲིལ་ཞིང་བསྡུས་པ་ན། །ལྟ་སྒོམ་རྣམ་རྟོག་རྦད་ཀྱིས་ཆོད། །ཧྲིག་གེའི་སྐམ་ཐག་ཆུ་ལ་ཆོད། །མེས་ཚིག་མེ་ཉིད་ར་ཟླར་སྦྲན། །ཚ་ནད་དྲོད་དང་མེ་ལ་གདུང༌། །གྲང་བའི་ནད་ལ་ཆུ་གྲང་རྩི། །སེམས་ཉིད་ཕུ་ཐག་མ་ཆོད་པར། །ཡིན་སྙམ་བསྒོམས་པའི་སྒོམ་པ་དེ། །རི་བོང་མགོ་ཡི་རྭ་དང་འདྲ། །རྡོ་དང་རུས་པ་མ་ཕྲད་པར། །རུས་པ་ཆག་པ་ག་ལ་འགྱུར། །ལྟོགས་པས་ཟས་སྐོམ་མ་ཟོས་ན། །གཡོ་ལུགས་མཁས་པས་ག་ལ་ཕན། །རང་སེམས་རང་གིས་མ་བསྒོམས་ན། །སྒོམ་པ་སུ་དང་སུ་ཡིས་གཏད། །རང་དོན་རང་ལས་མ་བརྙེད་ན། །གཞན་དུ་འཚོལ་བ་བླུན་པོ་ཡིན། །སྙིང་རུས་གྱིས་ལ་སེམས་ལ་ལྟོས། །གསོལ་བ་ཐོབ་ལ་གཉན་སར་འགྲིམས། །ཚོགས་བསོགས་ཤ་ཁྱེར་ཁྲག་ཁྱེར་གྱིས། །ངས་ཟེར་དེ་ཚོ་ཉན་བྱེད་ན། །བུ་སློབ་གང་ཡིན་དེ་དག་ཀུན། །འཁོར་བར་མི་འཁྱམས་འགན་ཁུར་བྱེད། །ཅེས་གསུངས་པས། གཉན་ཆུང་ལོ་ཙ་བས་རྟོགས་པའི་ཡོན་ཏན་ཆེན་པོ་ཐོབ་སྟེ། ཕྱིས་གླང་ལུང་དུ་རྒྱལ་བ་དོན་གྲུབ་ཀྱི་རྒྱུད་པ་འཛིན་པའི་གྲྭ་པ་ཧར་སྟོན་ཅེས་བྱ་བ་གྲགས་སོ།
མཚོན་དཔེ་དྲུག་གིས་གཅོད་ཀྱི་ཆེ་བ་བརྗོད་པ་ལ་དང་པོ་རིན་པོ་ཆེའི་དཔེ་ནི། གཅོད་འདི་རྡོ་རྗེ་དང་གཡུ་དང་གསེར་གྱི་དུམ་བུ་དང་འདྲ་སྟེ། ཁ་ཚང་ཆ་ལག་ཚང་བ་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག མན་ངག་སྣ་རེས་ཀྱང་དོན་གཉིས་བསྒྲུབ་པར་ནུས། གཉིས་པ་གངས་རིའི་དཔེ་ནི། གཅོད་འདི་གངས་རི་དང་འདྲ་སྟེ། ཁ་བ་བབས་ཀྱང་དཀར་ལ་མ་བབས་ཀྱང་དཀར་བས། དེ་བཞིན་དུ་ཆོས་གཞན་གྱིས་རྟེན་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག གསུམ་པ་སེངྒེའི་དཔེ་ནི། གཅོད་འདི་སེངྒེ་དང་འདྲ་སྟེ། ཁྱུ་མང་ཡང་ཆོག་གཅིག་པོས་ཀྱང་ཆོག་སྟེ། ཆིག་རྐྱ་ཕེར་པས་གཅོད་མཁན་ལ་ཆོས་གཞན་ཡོད་ཀྱང་ལེགས། མེད་ཀྱང་འགྲོ་དོན་བྱར་བཏུབ་བོ། །བཞི་པ་ལྷའི་རྔ་བོ་ཆེའི་དཔེ་ནི། གཅོད་འདི་ལྷའི་རྔ་བོ་ཆེའི་སྒྲ་དང་འདྲ་སྟེ། རོལ་མོ་གཞན་ཐམས་ཅད་ཟིལ་གྱིས་ནོན་ནས་འགྲོ་བས་མེད་ཀྱང་ཆོག་ལ། ཡོད་ཀྱང་རམ་འདེགས་ཙམ་ལས་སོ་སོའི་སྐད་ཀྱི་ངོ་བོ་མི་འཐོན། དེ་བཞིན་ཆོས་ཇི་སྙེད་ཅིག་ཤེས་ཀྱང་ཆོག་མ་ཤེས་ཀྱང་ཆོག ལྔ་པ་ཆུ་མིག་གི་དཔེ་ནི། གཅོད་འདི་དངོས་གྲུབ་ཀྱི་ཆུ་མིག་དང་འདྲ་སྟེ། མི་ཚོགས་མང་ཡང་འཚོ་ལ་ཉུང་ཡང་འཚོ། དེ་བཞིན་གྲྭ་བུ་སློབ་མང་ཡང་འཚངས་རྒྱ། ཉུང་ཡང་འཚངས་རྒྱ་ནུས་པ་ཡིན། དྲུག་པ་ཅང་ཤེས་རྟའི་དཔེ་ནི། གཅོད་འདི་རྟ་ཤ་རྒྱས་ཀྱི་སྤུ་དང་འདྲ་སྟེ། ཁ་དོག་དཀར་བ་དང་སྔོ་བ་སོགས་གང་ཡིན་ཡང་མཛེས། དེ་བཞིན་གཅོད་མཁན་ཆོས་ནི་གང་དང་བསྟུན་ཀྱང་བཏུབ་བོ། །དེ་ལྟར་ཆོས་གཞན་གྱི་དོ་ཟླ་མེད་པ་དྲུག་གིས་ཁྱད་པར་དུ་འཕགས་པའོ། །འོན་ཀྱང་ཕྱི་ཕ་རོལ་ཕྱིན་པ་དང་མཐུན་པས་ཡུམ་རྒྱས་འབྲིང་བསྡུས་གསུམ་ཤེས་ན་རབ། ཡང་ཐ་འཕགས་པ་སྡུད་པ་ཙམ་ཤེས་དགོས་ཤིང༌། ནང་གསང་སྔགས་དང་མཐུན་པས་རྒྱུད་སྡེ་བཞི་ཤེས་ན་རབ། བསྡུས་དོན་ཡང་ཕག་ཁྲོས་གང་རུང་གི་བསྐྱེད་རྫོགས་ལ་ཐེ་ཚོམ་མེད་པ་རེ་ཤེས་དགོས་པར་གསུངས། སྤྱིར་གཅོད་འདི་མདོ་སྔགས་ཀྱི་གཞུང་ཐམས་ཅད་དང༌། ཁྱད་པར་མ་རྒྱུད་དང་ཤིན་ཏུ་མཐུན་པ་ཡིན་པས་དེ་ལྟར་ཤེས་པར་བྱའོ། འདི་གསུངས་མཁན་གཅོད་སྨྱོན་དྷརྡྰ་སེངྒེ་ཞུ་བ་རེད་འདུག ཁོང་གི་ལོ་རྒྱུ་ངས་གསལ་པོ་ནི་མི་ཤེས།
མ་ཅིག་དང་དམ་པ་མཇལ་འཕྲད་བྱུང་ཡོད་པའི་སྐོར་གོང་དེ་ན་གསལ་པོ་འདུག
ང་ཆུང་ཆུང་སྐབས་ལ་གཉེན་ཞང་ལ། ཕ་མ་དང་མཉམ་དུ་ཡོད་དུས། ཡུལ་བཀའ་བརྒྱུད་པ་དེ་ཚོས། མི་གྲོང་སོང་ན། མི་རོ་ཡིན་ཚད་གཙོག་ུར་བཞག་ནས། ཕུང་པོར་ཅོད་པན་གཡོག་རིགས་ལྔའི་དར་ལྔའི་བརྒྱན་དུར་ཁྲོད་དུ་འཁྱེར་བགྱིན་འདུག དེ་དུས་ང་གཞོན་གཞོན་ཚོས། ཕུང་སྒོ་ས་འདོན་དུས། རྐང་གླིང་སྒྲ་ལོག་འགྲེལ་བྱས་ནས། རཀྔ་གླིང་གི་སྒྲ་པེང་པེང་ཟེར། བུད་པ་ལ། དེ་༼ཕུང་པོ་༽ག་བ་འཁྱེར་དགོས་རེད། ག་བ་འཁྱེར་དགོས་རེད། ཟེར་ནས།
ཡང་དེ་ནས་ཌ་མ་རུ་ཆེན་པོ་དེ་དཀྲོག་དུས། ད་རུའི་སྒྲ་དེ་ཡང་ལོག་འགྲེལ་བྱས། གཙང་འགྲམ་འཁྱེར་རྒྱུགས། གཙང་འགྲམ་འཁྱེར་རྒྱུགས། ཞེས་ཟེར་སྲོལ་ངན་པ་དེ་ཡང་དྲན་དུ་བཅུག་སོང་།
ཡང་།
ཕཊ་ཀྱི་ཕཊ་ངོ་མ་འཕྲོད་ན། རང་སྲོག་རང་གིས་གཅོད་པ་ཡིན། གསུང་སྲོལ་ཞིག་ཀྱང་འདུག
ཡང་། ང་སློབ་གྲྭར་འགྲིམ་དུས། གོ་ཡ་གཅིག་ལ། རྒྱ་གར་བས་བོད་པའི་ཆོས་ལ་ཡ་མཚན་ནམ། ཧང་སང་སང་བྱ་ས་གཅིག་ཡོད་པ་དེ་ནི། གཅོད་དེ་གཅིག་པུ་རེད་ཅེས་གཅིག་གིས་གསུངས་མྱོང་།