བོད་ཀྱི་དུས་བབ་ལས་དྲངས།
ལོ་སྔ་ཕྱིར་བོད་ཨ་མདོ་རྔ་པ་ས་ཁུལ་དུ་ཛ་དྲག་གི་གནས་ཚུལ་རིམ་བསྟུད་དུ་བྱུང་བ་དང་བསྟུན་ཏེ། བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་ཆེད་དུ་ཨ་རིར་ཕེབས་ཏེ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཞུ་འབོད་གནང་ཡོད་པ་དང་བསྟུན་ཏེ་ཁོང་ལ་བཅར་འདྲི་ཞུས་ཡོད།
དྲི་བ། ལོ་སྔ་ཕྱིར་ཨ་མདོ་རྔ་པ་དགོན་གྲོང་གཉིས་སུ་རྒྱ་ནག་གིས་དྲག་གནོན་དང་བོད་མི་ཚོས་རང་ལུས་མེར་བསྲེགས་ཀྱི་ཛ་དྲག་གི་གནས་ཚུལ་འོག རིན་པོ་ཆེ་ཉེ་ལམ་ཨ་རི་སོགས་སུ་ཞུ་སྙན་ཕུལ་བར་ཕེབས་སྐབས་གང་འདྲ་བྱུང་ཡོད་དམ།
ལན། ད་ལྟའི་བོད་ནང་གི་བོད་མི་ཚོའི་ཞུ་འབོད་དེ་འུ་ཐུག་ཐབས་ཟད་ཅིག་གི་སྒོ་ནས་ཞུ་འབོད་གནང་བ་རེད། ཞུ་འབོད་དེ་འཛམ་གླིང་རྒྱལ་སྤྱི་དང་ལྷག་པར་དུ་བོད་དོན་རྒྱབ་སྐྱོར་གནང་མཁན་ཨ་རིའི་གཞུང་མང་གཉིས་ཀྱི་སྙན་ལ་གསན་པའི་ཆེད་དུ་བོད་གཞུང་གི་བཀའ་འབྲེལ་ལྟར་ང་རང་ཨ་རི་ལ་བསྐྱོད་པ་ཡིན། དེའི་སྐབས་ལ་ཨ་རིའི་གཞུང་དང་གཞུང་འཛིན་པ། དེ་བཞིན་མི་མང་དང་བཅས་པས་བོད་དོན་ཐོག་ལ་དོ་སྣང་དང་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེན་པོ་ཡོད་པ་དང་། སྤྱིར་བཏང་གི་རྒྱུས་ཡོད་ཡིན་པ། བོད་ཀྱི་གནས་སྟངས་དེ་གསལ་པོ་ཞིག་མཁྱེན་གྱི་ཡོད་པ་དེ་དག་གསལ་པོར་རྟོགས་སོང་། དེར་མ་ཟད། ང་འགྲོ་བའི་སྐབས་ལ་བོད་ནང་གི་གནས་ཚུལ་དེ་དག་བྱུང་སྟེ། དུས་ཚོད་གང་འཚམ་ཞིག་ཕྱིན་ཚར་བ་རེད་དེ། ཡིན་ནའང་། གསར་ལམ་ཁག་ཡོངས་རྫོགས་ཀྱིས་ཞེ་དྲག་དོ་སྣང་ཆེན་པོ་གནང་སྟེ། གསར་འགྱུར་གཞི་རྒྱ་ཆེན་པོ་དང་ཁྱབ་བསྒྲགས་ཤུགས་ཆེན་བྱས་ཏེ་འཛམ་གླིང་མི་མང་གིས་དོ་སྣང་བྱེད་དགོས་པ་ཞིག་ཆགས་སོང་། དེ་བཞིན། གཞུང་དང་མི་མང་གཉིས་ཀྱི་ཐོག་ནས་ང་ཚོ་བོད་མིའི་སྡུག་བསྔལ་དེ་དངོས་ཡོད་གནས་ཚུལ་ཡིན་པར་ཁོ་ཚོས་མཐའ་གཅིག་ཏུ་ངོས་འཛིན་གནང་གི་འདུག་ལ། ང་ཚོར་དམིགས་སུ་བཀར་ཏེ་བདེན་པའི་རྒྱབ་སྐྱོར་ཡོད་པ་དེ་གསལ་པོ་ཤེས་ཐུབ་ཀྱི་འདུག
དྲི་བ། རྔ་པ་ས་ཁུལ་གྱི་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་རབས་དང་རིམ་པ་སྤེལ་མཐར། ད་ཆར་རང་ལུས་མེར་བསྲེགས་གཏོང་གི་ཡོད་པ་དེའི་རྒྱུ་རྐྱེན་གཙོ་བོ་གང་ལ་གཟིགས་ཀྱི་ཡོད་པ་དང་། བོད་ནང་གི་བོད་མི་འདས་གསོན་གཉིས་ཀྱི་རེ་འདོད་གཙོ་བོ་གང་ལ་ངོས་འཛིན་གནང་གི་ཡོད་དམ།
ལན། དང་པོ། རྒྱུ་རྐྱེན་གཙོ་བོ་དེ་བཤད་བདེ་པོ་ཞེ་དྲག་རེད། མའོ་ཙེ་ཏུང་གིས་བཤད་པའི་སྐད་ཆ་ཞིག་ཡོད་རེད། གང་ན་དྲག་གནོན་ཡོད་ན། དེ་ལ་ངོ་རྒོལ་ཡོད་ཅེས་པ་དེ་རེད། ཁོས་བཤད་པའི་སྐད་ཆ་དེ་དངོས་ཡོད་གནས་ཚུལ་རེད། དེ་ཡིན་དུས་གནའ་སྔ་མོ་རྒྱ་ནག་གུང་ཁྲན་ཏང་ཡར་ལངས་པའི་སྐབས་ལ། གོ་མིན་ཏང་ངམ་སྲིད་གཞུང་གཞན་དག་དེའི་དྲག་གནོན་ཡོད་པའི་དབང་གིས་ངོ་རྒོལ་བྱུང་སྟེ་གུང་ཁྲན་ཏང་ལ་ཐོབ་པ་རེད། ད་ལྟའི་ཆ་ལ་བོད་ནང་དྲག་གནོན་ཤུགས་ཆེན་པོ་ཡོད་པ་དེའི་དབང་གིས་ངོ་རྒོལ་འདི་བྱུང་བ་རེད། དྲག་གནོན་གང་ན་ཤུགས་ཆེན་པོ་ཡོད་ན་དེ་ལ་ངོ་རྒོལ་ཡོང་གི་ཡོད་རེད། གང་དུ་དྲག་གནོན་དེ་ལས་ཛ་དྲག་ཏུ་བཏང་ན་དེ་ལ་ངོ་རྒོལ་དེ་བས་ཤུགས་ཆེ་རུ་ཡོང་གི་ཡོད་པ་ཞེ་དྲག་གསལ་པོ་རེད། དེར་བརྟེན། མར་ལྷིང་འཇགས་བྱ་དགོས་པ་ཡིན་ན་རྒྱ་གཞུང་གིས་དྲག་གནོན་དེ་མཚམས་འཇོག་བྱ་དགོས་པ་རེད་ཅེས། སྔ་ཕྱིར་༸རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་པའི་བོད་ཕྱི་ནང་གི་བོད་མི་ཡོངས་རྫོགས་དང་། འཛམ་གླིང་རྒྱལ་སྤྱིའི་ནང་གི་མཁྱེན་ལྡན་དང་ཤེས་ཡོན་ཅན། གསར་འགོད་པ། རྩོམ་སྒྲིག་པ་སོགས་ཚང་མས་རྗོད་བཞིན་ཡོད་པ་རེད་དེ། རྒྱ་གཞུང་གིས་དེ་ལ་ཉན་འཇོག་མ་བྱས་པར་དྲག་གནོན་མུ་མཐུད་དུ་བྱས་པའི་དབང་གིས། ད་ལྟའི་ཆར་ཡིན་ནའང་མེ་ལྕེ་དེ་རིམ་བཞིན་ཁྱབ་ཡོང་གི་ཡོད་པ་གསལ་པོ་ཞེ་དྲག་རེད། གཉིས་པ། བོད་ནང་བོད་མི་ཚོའི་རེ་འདོད་གཙོ་བོ་དེ་ཡོངས་གྲགས་ཚིག་གསུམ་བཞི་ཞིག་གི་ནང་འདུས་ཡོད་པ་རེད། རེ་བ་གཙོ་བོ་དེ་༸རྒྱལ་བ་ཡིད་བཞིན་ནོར་བུ་བོད་ནང་ལ་གདན་འདྲེན་ཞུ་དགོས། བོད་མི་ལ་རང་དབང་དགོས། ཆོས་དད་རང་དབང་དགོས། འགྲོ་བ་མིའི་ཐོབ་ཐང་དགོས་ཞེས་པ་དེ་རེད། དེ་དག་ཡོད་པ་ཡིན་ན་ངོ་རྒོལ་ཡོང་དགོས་པའི་རྒྱུ་མཚན་ཡོད་པ་མ་རེད། དེ་དག་མེད་པར་བརྟེན་ངོ་རྒོལ་ཡོང་གི་ཡོད་རེད།
དྲི་བ། རྒྱ་གཞུང་གིས་བོད་ནང་གི་ངོ་རྒོལ་ལས་འགུལ་དེ་དག་བོད་ཕྱི་ལོགས་ཀྱི་བརྒྱུད་སྐུལ་ཡིན་ཚུལ་སྒྲོག་གི་ཡོད་པ་དེའི་ཐད། གསལ་བཤད་དང་ལན་འདེབས་གང་འདྲ་གནང་རྒྱུ་ཡོད་དམ།
ལན། རྒྱ་ནག་དམར་པོའི་གཞུང་གི་སྲིད་ཇུས་ཀྱི་ལྟ་བའི་འཁྱེར་སྟངས་ཤིག་ལ། གནས་ཚུལ་ག་རེ་བྱུང་ན་དེ་ཕྱི་ལོགས་ལ་ཁ་གཡར་དགོས་པ་ནི་ཁོང་ཚོའི་ལུགས་སྲོལ་ལྟ་བུ་ཆགས་ཡོད་རེད། མའོ་ཙེ་ཏུང་གི་བསླབ་བྱའི་ནང་ནའང་ནང་ཁུལ་ལ་རྙོག་དྲ་ཡོང་ན། ཕྱི་ལོགས་ལ་རྙོག་དྲ་བཟོ་དགོས་པ་རེད་ཅེས་བཤད་ཡོད་རེད། དེ་ནང་བཞིན་ཁོང་ཚོའི་ནང་ཁུལ་ལ་རྙོག་དྲ་ཞིག་བྱུང་བ་ན། ལམ་སེང་དེ་ཕྱི་ལོགས་ཀྱི་མིས་བྱས་པ་རེད་ཅེས་ནང་ཁུལ་གྱི་མི་ལ་མགོ་སྐོར་བཏང་ནས་ལྷིང་འཇགས་ཡོང་བའི་ཐབས་ཤེས་བྱེད་ཀྱི་ཡོད་རེད། དེའི་རིགས་གནའ་སྔ་མོ་ ༡༩༥༩ གོང་གི་དུས་རབས་ཉི་ཤུའི་མགོ་སྟོད་ཀྱི་དུས་སྐབས་ལ་བྱེད་ཐབས་དེ་འདྲའི་ཐོག་ནས་མར་བདེ་འཇགས་བྱ་ཐུབ་སྲིད་ཀྱི་རེད། དེ་རིང་སང་ཉིན་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་བྱེད་ཐབས་དེ་འདྲ་ཞིག་གི་སྟེང་ནས་མི་མང་བདེ་འཇགས་བྱེད་ཐབས་རྩ་བ་ཉིད་ནས་ཡོད་པ་མ་རེད། མི་མང་བདེ་འཇགས་བྱ་དགོས་ན་མི་མང་གི་དངོས་ཡོད་གནས་ཚུལ་ག་རེ་ཡིན་པ་དེ་ཤེས་རྟོགས་དང་བསམ་ཤེས་ཀྱི་ཐོག་ནས་གྲོས་བསྡུར་གནང་སྟེ་ཐག་གཅོད་བྱ་དགོས་པ་རེད། དུས་རབས་ཉི་ཤུ་རྩ་གཅིག་པ་དང་དུས་རབས་ཉི་ཤུའི་མགོ་སྟོད་ཀྱི་ལུགས་སྲོལ་གཉིས་རྩ་བ་ནས་མཐུན་ཐབས་ཡོད་པ་མ་རེད། དེ་ཕྱི་ལོགས་ཀྱི་མིས་བརྒྱུད་སྐུལ་བྱས་ཏེ་བྱུང་བ་ཞིག་མ་རེད། རྒྱུ་མཚན་དང་པོ། ཆུང་ས་ཞིག་ལ་དཔེ་བཞག་པ་ཡིན་ན། ནང་ལོགས་ལ་ས་ཡོམ་བརྒྱབ་པ་དང་མེ་ཤོར་བའི་གནས་ཚུལ། ནང་ཁུལ་ཐོབ་ཐང་ཡག་པོ་མ་སྤྲད་པའི་གནས་ཚུལ། ནང་ཁུལ་མིའི་འདོད་པ་དང་མཐུན་པའི་ལས་ཀ་མ་བྱས་པའི་གནས་ཚུལ་སོགས་ག་རེ་བྱུང་བ་ཡིན་ན་དེར་ངོ་རྒོལ་ཡོང་གི་རེད། དེ་ཡོངས་རྫོགས་ཕྱི་རྒྱལ་གྱི་མིས་བྱས་པ་རེད་ཅེས་ལབ་ཐུབ་ཐབས་ཡོད་པ་མ་རེད་དེ། ཁོ་ཚོས་དེ་ལྟར་ལབ་ཀྱི་ཡོད་རེད། ནང་ཁུལ་གྱི་གནས་ཚུལ་དེའི་རིགས་ཕྱི་ལོགས་ལ་བཤད་པ་ཡིན་ན་རྒྱལ་ཁབ་མགོ་རྟིང་སློག་པའི་གནས་ཚུལ་ཚབས་ཆེན་ཡིན་སྐོར་བཤད་ཀྱི་ཡོད་པ་རེད། དེ་ཕྱི་ལོགས་ཀྱི་མིས་བརྒྱུད་སྐུལ་བྱས་པ་ཞིག་རྩ་བ་ནས་མ་རེད། རྒྱུ་མཚན་གཉིས་པ། ཁོ་ཚོ་བོད་ནང་སྐྱིད་པོ་ཡོད་ན་ང་ཚོས་བརྒྱུད་སྐུལ་བྱས་ཏེ་ཁྱེད་ཚོ་ཡར་ལངས་རོགས་ཞེས་བཤད་པ་ཡིན་ནའང་སུ་གང་ཡང་ཡར་ལངས་ཀྱི་མ་རེད། ང་ཚོས་ཕྱི་ལོགས་ནས་བརྒྱུད་སྐུལ་བྱེད་དགོས་པའི་རྒྱུ་མཚན་ཡོད་པ་མ་རེད། བརྒྱུད་སྐུལ་དང་ཕུང་དཀྲུགས་བྱ་རྒྱུ་དེ་ང་ཚོའི་ལས་འགན་མ་རེད། ༸རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་པའི་ང་ཚོ་བོད་གཞུང་མང་གཉིས་ནས་དབུ་མའི་ལམ་ལ་བརྟེན་ནས་བོད་རྒྱ་གཉིས་ཕན་གྱི་ཞི་མོལ་བྱ་རྒྱུ་ཡིན་ཞེས་བརྗོད་ཀྱིན་པ་མ་གཏོགས། ནང་ཁུལ་ཕུང་དཀྲུགས་ཀྱིས་ཡར་ལངས་བྱ་རྒྱུ་དེ་ང་ཚོའི་ལས་འགུལ་མ་རེད། ང་ཚོས་དེ་ལྟར་བྱེད་ཀྱི་མེད་ལ་བྱེད་དགོས་པའི་རྒྱུ་མཚན་ཡང་ཡོད་པ་མ་རེད།
དྲི་བ། བོད་ནང་ནས་ཛ་དྲག་གནས་ཚུལ་རིམ་བསྟུད་དུ་གསན་ཡོང་སྐབས་ཐུགས་ཚོར་གང་འདྲ་འདུག་པ་དང་། མེར་བསྲེགས་ལས་འགུལ་འདིས་བོད་པའི་རྩ་དོན་ཐོག་ཕན་གནོད་གང་འདྲ་འབྱུང་བར་གཟིགས་ཀྱི་ཡོད་དམ།
ལན། བོད་མི་སྙིང་སྟོབས་ཅན་དང་ན་གཞོན་དེ་དག་གིས་མི་ཚེ་བློས་བཏང་གནང་བའི་སྐབས་བློ་འཚབ་ཆེན་པོ་ཡོང་གི་འདུག ང་ཚོའི་ལུང་པ་དེ་རྒྱ་གཞུང་གིས་གྲངས་ཉུང་མི་རིགས་བཟོས་པའི་སྲིད་ཇུས་ཤིག་གི་ཐོག་ལ་འགྲོ་བཞིན་ཡོད་སྟབས། ང་ཚོ་ལ་བོད་མི་གཅིག་ཡིན་ནའང་ཉུང་བསྡད་ཡོད་པ་རེད། ཡིན་ནའང་། ཁོང་ཚོས་འུ་ཐུག་ཐབས་ཟད་ཀྱི་སྒོ་ནས་བྱས་པ་ཞིག་ཡིན་དུས། ང་ཚོ་ལ་བྱེད་ཐབས་གང་ཡང་ཡོད་པ་མ་རེད། འཆར་གཞི་ལྡན་པའི་སྒོ་ནས་ལས་འགུལ་སྤེལ་བ་དེ་འདྲ་གང་ཡང་མ་རེད། འཆར་གཞི་རྩ་བ་ནས་ཡོད་མ་རེད། ཁོ་རང་ཚོ་མི་རེ་རེའི་ངོས་ནས་བསམ་བློ་རེ་བཏང་སྟེ་བློས་གཏོང་ཆེན་པོའི་ལས་འགུལ་རེ་སྤེལ་ཡོང་དུས། ང་ཚོ་ལ་བྱེད་ཐབས་གང་ཡང་མེད་བསྡད་པ་ཞིག་ཆགས་ཡོད་པ་རེད་མ་གཏོགས། མི་གཅིག་གྲོངས་ནའང་ང་ཚོ་ལ་གྱོང་གུད་རེད། བོད་ཀྱི་རྩ་དོན་ཐད་ལམ་སེང་གྲུབ་འབྲས་འདི་འདྲ་ཞིག་ཐོན་གྱི་རེད་ཅེས་བཤད་རྒྱུ་ཁག་པོ་རེད། ང་ཚོའི་ལས་དོན་དེ་རྒྱ་ཆེན་པོ་དང་གཏིང་ཟབ་པོ་རེད་ལ། ང་ཚོའི་ཁ་གཏད་དེའང་རྒྱ་ནག་དམར་པོའི་སྲིད་གཞུང་རེད། དམར་པོའི་སྲིད་གཞུང་དེ་ལས་སླ་པོའི་སྒོ་ནས་ཉན་མཁན་དང་སྒྲུབ་མཁན་ཞིག་མ་རེད། ཡིན་ནའང། བོད་ནང་གི་བདེ་བ་སྡུག་བསྔལ་ག་རེ་ཡོད་པ་དེ་འཛམ་གླིང་མི་མང་གིས་ཤེས་ཐུབ་པ་དང་། འཛམ་གླིང་མི་མང་གིས་རྒྱ་ནག་གི་དྲིལ་བསྒྲགས་དེ་དག་རྫུན་མ་ཡིན་པ་ཧ་གོ་ཐུབ་ཀྱི་ཡོད་པ་རེད། དེར་བརྟེན། ལས་འགུལ་འདིས་བོད་ཀྱི་རྩ་དོན་ཐོག་ཏན་ཏན་ཕན་ཐོགས་ཡོད་པ་རེད། གཉིས་ནས་བོད་མིའི་རྩ་དོན་དེ་རྒྱ་ཆེན་པོ་ཞེ་དྲག་ཡིན་དུས། ང་ཚོས་རྩིག་པ་བརྒྱབ་པ་ནང་བཞིན་མང་པོ་ཞིག་མཉམ་དུ་བརྩིགས་ཏེ་འགྲོ་དགོས་པ་རེད་མ་གཏོགས། རྡོག་རྡོག་གཅིག་གི་སྟེང་ནས་བྱེད་ཐུབ་པ་ཞིག་ཡོད་པ་མ་རེད། ཁོ་ཚོའི་ད་ལྟའི་བློས་གཏོང་གི་ལས་འགུལ་དེའང་ང་ཚོའི་རྩིག་པའི་ནང་གི་རྩིག་རྡོ་གལ་ཆེན་ཞིག་ཆགས་ཡོད་པ་རེད། འདི་ལྟར་རེ་རེ་བཞིན་ཡར་བརྩིགས་ནས་རིམ་པས་ང་ཚོས་དོན་ཆེན་པོ་དེ་འགྲུབ་དགོས་པ་ཞིག་རེད།
དྲི་བ། ལོ་སྔ་ཕྱིར་མདོ་སྨད་རྔ་པ་ཕྱོགས་གཙོས་པའི་བོད་བསྟན་སྲིད་མི་རིགས་ཆེད་འདས་གྲོངས་སུ་ཕྱིན་པ་དག་གི་ཤུལ་ལུས་ནང་མི་ཚོར་སེམས་གསོ་དང་འཚམས་འདྲི་འདྲ་གནང་རྒྱུ་ཡོད་དམ།
ལན། ད་ལྟ་འདས་པོ་ཚོ་དང་བཙོན་ཁང་ནང་མནར་གཅོད་མྱོང་བཞིན་པ་ཚོ་ཡིན་ནའང་འདྲ། ཁོང་ཚོ་ཡོངས་རྫོགས་ཀྱིས་ལྷག་བསམ་རྣམ་དག་ངང་ལས་ཀ་བྱས་པ་རེད། བཙོན་ལ་ཚུད་པ་དང་སྲོག་ཤོར་བ་རྣམས་ཀྱི་ཐད་ང་ཚོའི་ངོས་ནས་དངོས་གནས་བློ་ཕམ་ཆེན་པོ་འདུག ཡིན་ནའང་། མི་གཅིག་གི་སྲོག་ཤོར་འགྲོ་དུས། དོན་དག་ཡོད་པའི་ཐོག་ཤི་བ་དང་དོན་དག་མེད་པའི་ཐོག་ཤི་བ་གཉིས་ལས་དོན་དག་ཡོད་པའི་ཐོག་ནས་ཤི་བ་དེ་གཟི་བརྗིད་ཆེན་པོ་རེད། ལྷག་པར་དུ་བོད་རྒྱ་ཆེ་མི་མང་དང་༸རྒྱལ་བ་རིན་པོ་ཆེ་དབུར་བཞུགས་པའི་ཐོག་ནས། རྒྱ་གར་ནང་བཞུགས་པའི་བླ་ཆེན་སྐྱེས་བུ་དམ་པ་དག་དང་། གདན་ས་སེ་འབྲས་དགེ་གསུམ་གྱིས་མཚོན་པའི་དགེ་འདུན་པའི་སྡེ་ཐམས་ཅད་ཀྱིས་ཚེ་འདས་དེ་དག་གི་ཆེད་དུ་བསྔོ་བ་སྨོན་ལམ་ཡང་ནས་ཡང་དུ་གསུངས་དང་གསུང་བཞིན་པ་ཡིན་པས། ཤུལ་ལུས་ཚོས་སེམས་ཁྲལ་བྱེད་རྒྱུ་ཡོད་པ་མ་རེད། སེམས་ཁྲལ་བྱས་ཀྱང་ཕན་ཐོགས་ཅི་ཡང་ཡོད་མ་རེད། ཁོ་ཚོའི་ངོས་ནས་སེམས་ཐག་བཅད་པའི་རླབས་ཆེན་གྱི་བྱ་བ་ཞིག་ཡིན་སྟབས། བྱས་པ་རྗེས་མེད་དུ་འགྲོ་གི་མ་རེད། དེ་བས་ཁྱེད་རང་ཚོས་སེམས་པ་བདེ་བོ་བྱ་དགོས་པ་དེ་གལ་ཆེན་པོ་རེད།
དྲི་བ། རྒྱ་གཞུང་གིས་བོད་ནང་གི་ཞི་རྒོལ་ཐོག་མུ་མཐུད་དྲག་གནོན་བྱས་པ་ཡིན་ན་མཇུག་འབྲས་གང་འདྲ་འབྱུང་སྲིད་པ་དང་། ལྷག་པར་དུ་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདིར་ཡ་ལན་མ་སྤྲད་ཚེ་ལས་འགུལ་གྱི་ངོ་བོར་འགྱུར་བ་འགྲོ་སྲིད་དམ།
ལན། གནས་སྟངས་དེ་གཙུབ་ཤིང་བརྡར་བ་ནང་བཞིན་རེད། ཤིང་དང་ཤིང་ཕན་ཚུན་གཙུབས་ཏེ་བརྡར་བའི་དུས་སུ་རིམ་པས་ཚ་དྲོད་ཆེ་རུ་ཕྱིན་ཏེ་མཐའ་མ་མེ་འབར་གྱི་ཡོད་པ་རེད། གལ་སྲིད་གཅིག་ལྷོད་པ་ཡིན་ན་གཅིག་གི་ཚ་དྲོད་ཉུང་དུ་འགྲོ་གི་རེད། ད་ལྟའི་ཡོང་རྐྱེན་གཙོ་བོ་དེ་ཕྱོགས་གཅིག་གིས་བཙན་གནོན་བྱས་པའི་གཙུབ་བརྡར་ལ་བརྟེན་ནས་བྱུང་བ་ཞིག་རེད། དེར་བརྟེན། བཙན་གནོན་དེ་མར་ཤུགས་ཆུང་དུ་དང་འཇམ་དུ་བཏང་བ་ཡིན་ན། ཏན་ཏན་མར་འཇགས་འགྲོ་བ་རེད། འོན་ཀྱང་རྒྱ་གཞུང་གིས་ད་དུང་དྲག་གནོན་ཤུགས་ཆེ་རུ་ཆེ་རུ་གཏོང་བཞིན་ཡོད་པ་རེད། ངས་ས་གནས་ཁག་མང་པོའི་ནང་ཞུས་མྱོང་། ད་ལྟའི་ལས་འགུལ་དེ་འཚེ་མེད་ཞི་བའི་ལས་འགུལ་མཐར་ཐུག་པ་དེ་རེད། འདིའི་རྒྱ་ལས་བརྒལ་བ་ཡིན་ན། དྲག་པོའི་ལམ་ལ་འགྲོ་རྒྱུ་མ་གཏོགས་ལམ་ཁ་གཞན་མེད་པ་ཆགས་བསྡད་ཡོད་པ་རེད། དེ་ཡིན་དུས། རྒྱ་གཞུང་གིས་བསམ་བློ་བཏང་སྟེ་མེ་འབར་བྱེད་ཀྱི་རྩུབ་སྤྱོད་ཀྱི་ལས་ཀ་དེ་མར་ཞི་འཇམ་དུ་གཏོང་དགོས་པ་གལ་ཆེན་པོ་རེད། རྩུབ་སྤྱོད་ཀྱི་འོག་ནས་མི་ལ་ནུས་པ་ཡོད་པ་མ་རེད། ཁོ་ཚོ་མི་རིགས་གྲངས་ཉུང་རེད། ཁོ་ཚོའི་ལག་ལ་མཚོན་ཆ་ཡོད་པ་མ་རེད་བསམ་ཏེ་དྲག་གནོན་བྱེད་རྐྱང་གནང་རྒྱུ་ཡོད་པ་མ་རེད། འུ་ཐུག་པའི་སྐབས་ལ་ག་རེ་ཡིན་ནའང་བྱ་སྲིད་ཀྱི་རེད། ང་ཚོ་བོད་པའི་གཏམ་དཔེར། སྡར་མའི་མདུང་གཏིང་བྲག་ལ་ཐུག་ན། ཚུར་རྒོལ་བྱེད་ཀྱི་རེད་ཅེས་པ་ནང་བཞིན་རེད། མིའི་སེམས་ཀྱི་ནུས་སྟོབས་དེ་ཤུགས་ཆེ་ཤོས་རེད་མ་གཏོགས་ཕྱིའི་དངོས་པོ་དེ་ཤུགས་ཆེ་ཤོས་མ་རེད། གནོན་ཤུགས་ཆེ་རུ་བཏང་བ་དང་བསྟུན་ནས་མཇུག་འབྲས་རྩུབ་ཏུ་འགྲོ་རྒྱུ་མ་གཏོགས། མཇུག་འབྲས་འཇམ་དུ་འགྲོ་རྒྱུ་རྩ་བ་ཉིད་ནས་ཡོད་པ་མ་རེད།
དྲི་བ། བོད་ནང་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གཏོང་གི་ཡོད་པ་དེ་འཚེ་བའི་ལས་ཡིན་མིན་གྱི་གླེང་སློང་ཞིག་ཡོང་གི་ཡོད་སྟབས། རིན་པོ་ཆེ་མཆོག་གིས་ལས་འགུལ་དེ་འཚེ་བ་ཡིན་མིན་ཐད་ངོས་འཛིན་གང་འདྲ་གནང་གི་ཡོད་དམ།
ལན། སྤྱིར་བཏང་དྲག་སྤྱོད་ཀྱི་བྱ་བ་དང་དྲག་སྤྱོད་ཀྱི་ལས་འགུལ་ཟེར་བ་དེ་ཆབ་སྲིད་ཀྱི་ཚིག་ཅིག་རེད། སྤྱིར་བཏང་དྲག་པོ་ཡོངས་རྫོགས་ལ་དྲག་སྤྱོད་ཀྱི་བྱ་བ་ཟེར་གྱི་ཡོད་པ་མ་རེད། ཆབ་སྲིད་ཀྱི་ཚིག་གི་དྲག་སྤྱོད་ཟེར་བ་དེ་ལག་ལ་མདའ་མདུང་མཚོན་ཆ་ལ་སོགས་བཟུང་སྟེ། མི་གཞན་ལ་གནོད་འཚེ་དང་ལྡན་པའི་ལས་འགུལ་ཞིག་ལ་དྲག་སྤྱོད་ཀྱི་ལས་འགུལ་ཟེར་བཞིན་ཡོད་པ་རེད། རང་ལུས་མེར་བསྲེགས་བཏང་བ་དེ་དྲག་སྤྱོད་རྩ་བ་ཉིད་ནས་མ་རེད། ཡིན་ནའང་། ལས་འགུལ་ཞི་འཇམ་ཞིག་མ་རེད་ལས་འགུལ་རྩུབ་པོ་ཞིག་རེད། གཞན་ལ་གནོད་པ་དང་འཚེ་བ་བྱས་པ་ཡིན་ན། དེ་ནི་དྲག་སྤྱོད་དང་འཚེ་བ་གཉིས་ཆར་འགྲོ་གི་རེད། གཞན་ལ་འཚེ་བ་མ་ཡིན་པར་རང་ཉིད་བློས་བཏང་བ་དེ་ནི་འཚེ་བའི་ལས་འགུལ་ལ་འགྲོ་གི་མ་རེད། དེ་སོ་སོ་རང་ཉིད་ཀྱི་ལུས་སྲོག་ལ་འཚེ་བ་ཞིག་རེད། ཡིན་ནའང་། འཚེ་བའི་ལས་ཟེར་བའི་འཚེ་བ་དེ་ལ་འགྲོ་གི་མ་རེད།
དྲི་བ། རིན་པོ་ཆེ་མཆོག་གི་གཟིགས་ཚུལ་ལ། བོད་ནང་གི་བོད་མི་ཚོས་ཡིད་གཟབ་གནང་དགོས་ས་དང་། བསྒྱུར་བཅོས་གཏོང་དགོས་ས། དེ་བཞིན་དུ་ལས་འགན་བསྒྲུབ་དགོས་པ་གང་དག་གཟིགས་ཀྱི་ཡོད་དམ།
ལན། ༸རྒྱལ་བ་རིན་པོ་ཆེས་རྒྱུན་དུ་བཀའ་སློབ་གནང་བཞིན་པའི་ནང་དོན་གཙོ་བོ་དེ། ང་ཚོ་བོད་མི་ཡོངས་རྫོགས་ཀྱིས་ཤེས་ཀྱི་ཡོད་པ་ལྟར་འཚེ་མེད་ཞི་བའི་ལས་འགུལ་རེད། དེ་ཡིན་དུས། དང་པོ། ང་ཚོས་ལས་འགུལ་ག་འདྲ་ཞིག་སྤེལ་བ་ཡིན་ནའང་། འཚེ་མེད་ཞི་བའི་ལས་འགུལ་གྱི་རྒྱ་ལས་མ་འདས་པ་ཞིག་བྱ་དགོས་པ་དེ་གལ་ཆེ་ཤོས་རེད། ད་ལྟ་རྒྱ་གཞུང་གི་ངོས་ཐད་ནས་ག་ཚོད་ཀྱིས་རྩུབ་པོ་བྱས་པ་ཡིན་ནའང་། སོ་སོའི་ངོས་ནས་བཟོད་བསྲན་སྔར་ལས་ཆེ་རུ་བཏང་སྟེ་འཚེ་མེད་ཞི་བའི་རྒྱ་ལས་འདའ་མ་དགོས་པ་ཞིག་བྱེད་དགོས་པ་རེད། རྒྱ་གཞུང་གི་སྲིད་ཇུས་ནི་ང་ཚོ་འཚེ་མེད་ཞི་བའི་རྒྱ་ལས་འདའ་བའི་ཆེད་དུ། རྩུབ་སྤྱོད་མུ་མཐུད་བྱེད་བཞིན་ཡོད་པ་མིན་འགྲོ་བསམ་པའི་དོགས་པ་འདུག དེར་བརྟེན། མི་མང་གིས་དེ་ལ་དོ་སྣང་ཆེན་པོ་བྱས་ཏེ་ག་ཚད་འུ་ཐུག་པ་ཡིན་ནའང་། འཚེ་མེད་ཞི་བའི་རྒྱ་ལས་མ་འདས་པ་ཞིག་བྱ་དགོས་རྒྱུ་དེ་གལ་ཆེ་ཤོས་རེད། གཉིས་པ། ང་ཚོའི་ད་ལྟའི་ལས་འགུལ་དེ་རྒྱ་གཞུང་གིས་རྒྱ་བོད་མི་རིགས་གཉིས་ཀྱི་འཐབ་རྩོད་ཀྱི་ངོ་བོའི་ཐོག་སྒྱུར་གྱི་ཡོད་པ་རེད། ཡིན་ནའང་། མི་རིགས་གཉིས་བར་གྱི་འཐབ་རྩོད་ཀྱི་ངོ་བོ་མ་རེད། དེ་ནི་དམར་པོའི་སྲིད་གཞུང་གི་ལས་བྱེད་པ་ཚོས་ལས་ཀ་བྱེད་སྟངས་དང་ང་ཚོའི་བར་གྱི་འཐབ་རྩོད་ཅིག་རེད། དེར་བརྟེན། རྒྱ་ནག་མི་མང་ལ་ང་ཚོས་གྲོགས་པོ་སྒྲིག་དགོས་པ་དང་། རྒྱ་ནག་མི་མང་ང་ཚོའི་ཕྱོགས་ལ་ཡོད་དགོས་པ་རེད། མི་མང་གི་དཔུང་ཤུགས་དེ་ང་ཚོར་དགོས་ཀྱི་ཡོད་པ་རེད་མ་གཏོགས། མི་མང་གི་དཔུང་ཤུགས་མེད་ན་ང་ཚོར་ཕན་ཐོགས་གཅིག་ཀྱང་ཡོད་པ་མ་རེད། དེ་ཡིན་དུས། རྒྱ་མི་རིགས་དང་བོད་མི་རིགས་བར་གྱི་འཐབ་རྩོད་ཀྱི་ངོ་བོར་མ་འགྲོ་བ་ཞིག་ཆེ་ས་ཆུང་ས་ག་པར་ཡིན་ནའང། དེ་ལ་གཟབ་གཟབ་བྱེད་དགོས་པ་གལ་ཆེན་པོ་རེད། དེ་བཞིན། ང་ཚོས་ལས་འགུལ་ག་འདྲ་ཞིག་སྤེལ་བ་ཡིན་ནའང་། བསམ་བློ་ཞིབ་ཚགས་པོ་བྱས་ནས་གཏོང་དགོས་པ་རེད། གནས་སྟངས་ལ་བལྟས་ཏེ་དུས་དང་འཚམ་པ་ཞིག་སྤེལ་དགོས་པ་རེད་མ་གཏོགས། འུ་ཐུག་ཐབས་ཟད་ཀྱི་ཐོག་ནས་ལམ་སེང་ལས་འགུལ་ཧ་རེ་ཧོ་རེ་དང་ཐ་རེ་ཐོ་རེ་སྤེལ་བ་ཡིན་ན། རྗེས་མ་གྱོང་དེ་ང་ཚོར་རག་ཡོང་གི་རེད། ལྷག་པར་དུ་རྒྱ་ནག་གི་དམག་མི་དང་གདོང་ཐུག་རྒྱག་མ་དགོས་པ་ཞིག་གནང་དགོས་རྒྱུ་དེ་གལ་ཆེ་ཤོས་རེད། གདོང་ཐུག་འདྲ་བརྒྱབ་པ་ཡིན་ན་ཕན་ཚུན་གཉིས་ཀར་དཀའ་ངལ་ཡོང་གི་རེད། རྒྱ་ཤི་ན་རྒྱ་ལ་གྱོང་རེད། བོད་ཤི་ན་བོད་ལ་གྱོང་རེད། རྒྱ་བོད་གཉིས་ཀ་ལ་མཇུག་འབྲས་ཡག་པོ་ཡོང་ཐབས་ཡོད་པ་མ་རེད། ད་ལྟའི་བར་དུ་ང་ཚོས་ཞི་བའི་ཐོག་ནས་ཞུ་འབོད་བྱེད་ཀྱི་ཡོད་པ་རེད་མ་གཏོགས་ངོ་རྒོལ་བྱེད་ཀྱི་ཡོད་པ་མ་རེད། ཡིན་ནའང་། ནམ་རྒྱུན་གསར་ལམ་ཁག་ཏུ་ངོ་རྒོལ་ཞེས་པའི་ཚིག་དེ་བེད་སྤྱོད་བཏང་ཡོང་གི་འདུག ངོ་རྒོལ་བྱས་པ་ཡིན་ན་ལག་ལ་རྡོ་དང་དབྱུག་པ་བཟུང་སྟེ་ཚིག་ངན་པ་བཤད་དེ་གཞུང་ལ་ཁ་གཏད་ལངས་དགོས་པ་རེད། ཁོ་ཚོས་ཁ་གཏད་གཅིག་ཀྱང་ལང་གི་ཡོད་པ་མ་རེད། ༸རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། ང་ཚོ་བོད་མི་ལ་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་དགོས་ཟེར་བཞིན་པ་མ་གཏོགས། རྒྱ་ནག་གུང་ཁྲན་ཏང་རྩ་མེད་བཟོ་དགོས། གཞུང་མགོ་རྟིང་སློག་དགོས་ཞེས་ཚིག་གཅིག་བཤད་ཡོད་པ་མ་རེད་ལ། རྡོ་གཅིག་ཀྱང་འཕེན་མཁན་ཡོད་པ་མ་རེད། སོ་སོས་རང་ཉིད་མེར་སྤར་ཏེ་སྲོག་བློས་བཏང་བ་དང་། དགོས་འདུན་སྐད་འབོད་དེ་དག་བྱས་ཟིན་པ་དང་ཚར་བ་རེད། ཡིན་ནའང་། ངོ་རྒོལ་མ་ཡིན་པའི་ཞུ་འབོད་དེ་དག་བྱེད་སྐབས་ལའང་། གདོང་ཐུག་མ་བརྒྱབ་པ་ཞིག་བྱ་དགོས་པ་དེ་གལ་ཆེན་པོ་རེད།
དྲི་བ། བོད་ནང་དུ་བོད་རིགས་རྒྱ་མིའི་ལས་བྱེད་པ་ནང་རུལ་བླ་བཙོང་བྱེད་མཁན་རིགས་ཡོང་གི་ཡོད་འདུག བྱ་སྤྱོད་དེའི་རིགས་ལ་དགོངས་ཚུལ་ག་རེ་ཡོད།
ལན། རྒྱ་གཞུང་གི་ལས་བྱེད་ཡིན་པའི་ང་ཚོ་བོད་རིགས་དེ་ལ། ཕྱོགས་ཡོངས་སུ་བསྡུས་པ་ཡིན་ན་རིགས་གཉིས་ཡོད་པ་རེད། རིགས་གཅིག་ལས་ཀའི་ངོ་བོའི་ཐོག་ནས་ལས་ཀ་བྱེད་བཞིན་པའི་རིགས་གཅིག་དང་། གོང་རིམ་ལ་སྤྲེལ་ལད་འཁྲབ་སྟེ་སོ་སོའི་རང་དོན་ཞིག་ཡོང་བའི་ཆེད་ལས་ཀ་བྱེད་མཁན་རིགས་གཅིག་ཡོད་པ་རེད། དེ་ཉུང་ཤོས་དེ་རེད། སོ་སོས་གཞུང་གི་ལས་ཀ་བྱས་ཏེ། ཁྲིམས་དང་མཐུན་པའི་ཐོག་ནས་ལས་ཀ་བྱེད་བསྡད་མཁན་ཁག་ཅིག་ཡོད་པ་རེད། དེ་དག་གིས་ཁྲིམས་དང་མཐུན་པའི་ཐོག་ནས་ལས་ཀ་བྱེད་ཀྱི་ཡོད་པ་རེད་མ་ཏོགས། གོང་རིམ་ལ་སྤྲེལ་ལད་འཁྲབ་རྒྱུའི་ཆེད་དུ། ང་ཚོ་བོད་མི་ལ་སྡུག་པོ་གཏོང་གི་ཡོད་པ་མ་རེད་བསམ། ད་བར་དུ་རྒྱ་གཞུང་རང་གི་བྱེད་སྟངས་དེའི་ཐོག་ནས། བོད་མི་ཡོངས་རྫོགས་གཉིད་སད་ཡོད་པ་རེད། ལས་བྱེད་པ་རྣམས་ཀྱང་གཉིད་སད་ཡོད་པ་རེད། ཉེ་བའི་ཆ་ལ་དཔེ་བཞག་པ་ཡིན་ན། བོད་རིགས་ཡིན་པའི་ལས་བྱེད་པ་ཁག་ཅིག་རྒྱ་ནག་གཞུང་གིས་དམིགས་བསལ་གྱིས་ལས་གནས་ནས་ཕྱིར་ཕུད་བཏང་ཡོད་པ་རེད། ད་དུང་ས་གནས་ཁག་མང་པོའི་དཔོན་རིགས་བརྗེ་བོ་བརྒྱབ་ཡོད་པ་རེད། དེ་དག་བརྗེ་བོ་བརྒྱབ་པའི་རྗེས་ལ་རྒྱ་རིགས་རྐྱང་པ་བཏང་ཡོད་པ་རེད་མ་གཏོགས། བོད་རིགས་འཇོག་ཐུབ་ཡོད་པ་མ་རེད། ཕྱི་ལོ་ ༡༩༥༩ ནས་ད་ལྟ་བར་གྱི་ལོ་དྲུག་ཅུ་ཙམ་གྱི་རིང་ལ། རྒྱ་ནག་གཞུང་གིས་ཡིད་ཆེས་བྱེད་ཐུབ་སའི་བོད་རིགས་ལས་བྱེད་གཅིག་ཀྱང་གསོ་སྐྱོང་བྱེད་ཐུབ་མེད་སྟབས། འུ་ཐུག་ཡོང་དུས་རྒྱ་རིགས་ཤིག་འཇོག་དགོས་ཆགས་ཀྱི་ཡོད་པ་རེད། ང་རང་རྒྱ་གཞུང་གི་ལས་བྱེད་ཡིན་པའི་བོད་རིགས་མང་པོར་ཐུག་མྱོང་། ཁོ་ཚོས་བོད་དོན་གྱི་ཆེད་རང་ངོས་ནས་ལས་ཀ་བྱ་རྒྱུ་ག་རེ་འདུག་ཅེས་ཚུར་སྐད་ཆ་འདྲི་མཁན་ཡོང་གི་འདུག སྐབས་དེར་ངས་ཁྱེད་རང་ཚོ་རྒྱ་གཞུང་གི་ལས་བྱེད་ཡིན་སྟབས་ཁྲིམས་དང་འགལ་ཉན་གྱི་མ་རེད། ཁྱོད་རང་ཚོ་ཁྲིམས་དང་མ་འགལ་བའི་ཐོག་ནས་བོད་མིར་ཕན་ཐོགས་ག་རེ་སྒྲུབ་ཐུབ་པ་དེ་སྒྲུབ་དགོས་པ་རེད་ཅེས་ལབ་ཀྱི་ཡོད། ཁྲིམས་དང་མ་འགལ་བའི་ཐོག་ནས་བོད་མིར་ཕན་ཐོགས་སྒྲུབ་རྒྱུ་དེ་ཁོ་རང་ཚོའི་འགན་རེད་ལ། ངེས་པར་དུ་སྒྲུབ་དགོས་པ་ཞིག་ཀྱང་རེད། དེ་ལས་གཞན་པ་རྒྱ་གཞུང་གི་གོང་རིམ་ལ་སྤྲེལ་ལད་འཁྲབ་སྟེ་བོད་མིར་སྡུག་པོ་གཏོང་མཁན་ཉུང་ཤས་ཤིག་ཡོད་པ་རེད། དེའི་རིགས་ཀྱིས་བསམ་བློ་ཡག་པོ་གཏོང་དགོས་པ་རེད། ཁྱོད་རང་ཚོས་གོང་རིམ་ལ་སྤྲེལ་ལད་འཁྲབ་ཆེད་བོད་མི་ནང་ཁུལ་དུ་སྡུག་པོ་གཏོང་བ་དེས། ཁྱོད་རང་ཚོའི་མི་ཚེ་འཁྱོལ་ཐུབ་ཀྱི་མ་རེད། སོ་སོས་ཁྲིམས་དང་མཐུན་པ་བྱས་མེད་སྟབས། རྒྱ་ནག་གཞུང་གིས་སྐབས་སོ་སོའི་བེད་སྤྱོད་ལ་ལྟ་གི་རེད་མ་གཏོགས། ཁྱེད་རང་གིས་རྒྱ་གཞུང་ལ་ལྷག་བསམ་བྱས་ཡོད་མེད་ལ་ལྟ་གི་མ་རེད། རྗེས་མ་ཉིན་ཞིག་ལ་རྒྱ་ནག་གུང་ཁྲན་གྱིས་དེ་དུས་ཁྱོད་ཚོས་ལས་ཀ་བྱེད་སྟངས་ལ་ནོར་འཁྲུལ་ཤོར་འདུག་ཅེས། ཕྱིར་སོ་སོའི་མགོ་ལ་ལོག་ཡོང་རྒྱུའི་ཉེན་ཁ་ཆེན་པོ་ཡོད། དེས་ཕན་ཐོགས་ཀྱི་མ་རེད། དེ་ལས་ཁྲིམས་དང་མཐུན་པ་ཞིག་གི་ཐོག་ནས་ལས་ཀ་བྱེད་པ་དང་། གལ་སྲིད་བོད་མིར་ཉེས་རྡེག་གཏོང་དགོས་པ་དང་དྲག་གནོན་བྱེད་དགོས་པ་ཡིན་ནའང་། ཁྲིམས་དང་མཐུན་པ་ཞིག་གི་ཐོག་ནས་བྱེད་དགོས། བོད་མི་གསོད་ཨེ་ཐུབ་ལྟ་བ་དང་། བོད་མིའི་ཀླད་པ་སྐྱོན་ཅན་དང་གཟུགས་པོ་གཅོང་ཅན་བཟོ་ཨེ་ཐུབ་ལྟ་བའི་ལས་ཀ་དེ་འདྲ་མི་བྱེད་པར། ཁྲིམས་ཀྱི་ནང་ལ་ག་རེ་ཡོད་པ་དེ་སྒྲུབ་པ་ཡིན་ན་སོ་སོར་ཡང་ཉེན་ཁ་ཡོང་གི་མ་རེད། དེའི་རིགས་དེ་བོད་མི་ཉུང་ཤས་ཤིག་རེད། དེ་ཚོའི་གྲས་ཀྱིས་བསམ་བློ་ཡག་པོ་གཏོང་དགོས་པ་རེད་བསམ་གྱི་འདུག
དྲི་བ། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ཐད་བོད་ཕྱི་ལོགས་ནས། བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག མི་མང་བྱིངས་བཅས་ཀྱིས་སོ་སོར་འཁྲི་བའི་ལས་དོན་གང་འདྲ་བརྩམ་དགོས་པར་གཟིགས་ཀྱི་ཡོད་དམ།
ལན། ང་ཚོ་བོད་ཀྱི་ཕྱི་ལོགས་ལ་ཡོད་མཁན། ༸རྒྱལ་བ་རིན་པོ་ཆེས་དབུ་ཁྲིད་པའི་བོད་གཞུང་མང་གཉིས་ཀས་གནང་དང་གནང་བཞིན་པ་རེད། ཡིན་ནའང་། ང་ཚོའི་སེམས་ནང་ཛ་དྲག་ཅིག་ཡོད་པ་རེད་མ་གཏོགས། ང་ཚོའི་ལུས་པོའི་སྟེང་ལ་དམིགས་བསལ་གྱི་ཛ་དྲག་ཡོད་པ་མ་རེད། དེར་བརྟེན། ང་ཚོས་ལས་འགུལ་ག་རེ་སྤེལ་བ་དེ་རྒྱུན་འཁྱོངས་བྱ་རྒྱུ་གལ་ཆེན་པོ་རེད་ལ། ལས་འགུལ་སྤེལ་མཁན་དག་གིས་ཀྱང་སོ་སོའི་བསམ་པ་ནང་བཞིན་གྱི་ལས་འགུལ་སྤེལ་ནས་མི་འདུག་པར། ཚང་མ་མཉམ་རུབ་ཀྱི་ཐོག་ནས་སྤེལ་དགོས་པ་དང་། འཆར་གཞི་དང་ལྡན་པའི་ཐོག་ནས་སྤེལ་དགོས་པ་དེ་གཙོ་བོ་རེད། དེ་བཞིན། བོད་ནང་གི་བོད་མིའི་གནས་སྟངས་དང་བདེན་དོན་དེ་ཇི་མ་ཇི་བཞིན་རྒྱལ་སྤྱིའི་ཐོག་བཤད་དགོས་པ་རེད་མ་གཏོགས། ང་ཚོས་དེའི་ཐོག་སྣོན་པ་དང་བཟོ་བཅོས་འདྲ་བརྒྱབ་སྟེ་རྒྱལ་སྤྱིའི་གསར་ལམ་ཁག་ལ་སྤྲད་ན་ཕན་ཐོག་ཡོད་པ་མ་རེད། གལ་སྲིད་དེ་འདྲའི་གནས་ཚུལ་ཞིག་བདེན་པ་མིན་པ་ཆགས་པ་ཡིན་ན། ང་ཚོའི་ཚིག་ལ་རིན་ཐང་མེད་པ་ཆགས་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་རེད། དེར་བརྟེན། ལུང་ཚན་དང་ཤོག་ཁག་གི་ཞེན་ཁོག་དེ་འདྲ་མ་ཡིན་པར་གནས་ཚུལ་ག་རེ་བྱུང་བ་དེ་དྲང་པོ་དྲང་བཞག་གི་ཐོག་ནས། རྒྱལ་སྤྱིའི་ཞི་བདེ་ལ་དགའ་བའི་དབུ་ཁྲིད་རྣམ་པ་ཚོའི་སྙན་ལ་གསན་ཐུབ་པ་ཞིག་བྱ་དགོས་པ་དེ་ང་ཚོའི་ལས་འགན་གཙོ་བོ་རེད། དེ་མིན། གཙོ་བོ་༸རྒྱལ་བ་རིན་པོ་ཆེས་རྒྱུན་དུ་གསུངས་བསྡད་པ་དང་། ང་ཚོར་ལམ་སྟོན་གནང་བཞག་པའི་དབུ་མའི་ལམ་གྱི་ཐོག་ནས་ལས་འགུལ་སྤེལ་དགོས་པ་དེ་གལ་ཆེན་པོ་རེད། རྩ་བའི་ལས་འགུལ་དབུ་མའི་ལམ་རྐྱང་པའི་ཐོག་ནས་སྤེལ་དགོས་པ་རེད་ཅེས་བཙན་དབང་བྱེད་ཐབས་ཡོད་པ་མ་རེད། བོད་མི་མང་གི་འདོད་པ་གང་ལ་ཡོད་ན། དེ་ལ་༸རྒྱལ་བ་རིན་པོ་ཆེ་ཡིན་ནའང་ཐུགས་མོས་ཡོད་པ་རེད། ཡིན་ནའང་། ད་ལྟ་བར་དུ་དབུ་མའི་ལམ་གྱིས་བྱུང་མ་སོང་ཟེར་ན། དེ་བཤད་ཐུབ་རྒྱུ་དཀའ་ལས་ཁག་པོ་རེད། ང་ཚོས་དབུ་མའི་ལམ་གྱི་ལམ་ཁ་དེ་ལས་མ་འདས་པ་ཞིག་གི་ཐོག་ནས་བྱེད་དགོས་པ་གལ་ཆེན་པོ་མིན་འགྲོ་བསམ་པ་ཞིག་དྲན་སོང་།
དྲི་བ། སྤྱི་ཚོགས་ནང་རྒྱ་གཞུང་གིས་བོད་རྒྱ་འབྲེལ་མོལ་ལ་ཁ་གཡར་ཏེ་བོད་ནང་གནས་སྟངས་མར་འཇགས་ཐབས་ཀྱི་བསླུ་བྲིད་གཏོང་གི་ཡོད་པའི་དགོངས་ཚུལ་འདུག བོད་པའི་ངོས་ནས་བོད་རྒྱ་འབྲེལ་མོལ་དེ་འདྲ་བྱས་ན་ཕན་གནོད་གང་འབྱུང་སྲིད་དམ།
ལན། རྩ་བའི་རྒྱ་ནག་གི་སྲིད་ཇུས་དེ་ད་ལྟའང་གནའ་སྔ་མོའི་དམར་པོའི་སྲིད་ཇུས་རང་གི་ཐོག་འགྲོ་བསྡད་ཡོད་པ་རེད། དེ་ལ་འགྱུར་བ་འགྲོ་གི་ཡོད་པ་མ་རེད། རྒྱལ་ཁབ་གཞན་དག་གིས་དུས་རབས་ལ་དཔག་པའི་འགྱུར་བ་བཏང་ནས་འགྲོ་བཞིན་ཡོད་པ་རེད། རྒྱ་གཞུང་གིས་འགྱུར་བ་མ་བཏང་བར་སྔར་གྱི་དམར་པོའི་སྲིད་ཇུས་ལག་ལེན་བསྟར་བཞིན་ཡོད་པ་རེད། དཔེ་ཙམ་བཞག་ན། མེ་མདའི་ཁ་ནས་སྲིད་དབང་བཟུང་ཟེར་བ་དེ་གནའ་སྔ་མོའི་འགྲོ་སྟངས་ཤིག་རེད། ད་ལྟའང་སྲིད་ཇུས་འཛིན་སྟངས་དེ་རང་གི་ཐོག་འགྲོ་བསྡད་ཀྱི་ཡོད་སྟབས། རྒྱ་དམར་གཞུང་གི་སྲིད་ཇུས་ཁྲོད་མི་ལ་མགོ་སྐོར་གཏོང་རྒྱུ་དེ་སྲིད་ཇུས་ཀྱི་ཡན་ལག་ཅིག་ཆགས་བསྡད་ཡོད་པ་རེད། དཔོན་རིགས་ཆེ་ཆུང་གང་ཡིན་ཡང་གོ་སྐབས་ལ་བསྟུན་ནས་གཞན་ལ་མགོ་སྐོར་གཏོང་གི་རེད། གྲལ་རིམ་འཐབ་རྩོད་ཀྱང་གཞན་ལ་མགོ་སྐོར་བཏང་བའི་ཐོག་ནས་འཐབ་རྩོད་བྱས་པ་རེད། ད་ལྟའི་བར་ཆབ་སྲིད་ཀྱི་གནས་སྟངས་གང་ཡིན་ཡང་མགོ་སྐོར་ཞིག་གི་འོག་ནས་ལས་འགུལ་སྤེལ་གྱི་ཡོད་པ་རེད། ང་ཚོའི་ཐོག་ལའང་མགོ་སྐོར་དེ་བྱུང་མྱོང་ཡོད་པ་རེད། དེང་ཕྱིན་ཆད་ཀྱང་ང་ཚོར་མགོ་སྐོར་གཏོང་སྲིད་ཀྱི་རེད། ཁོ་ཚོས་གནས་སྐབས་ཤིག་གི་ཁེ་ཕན་ལ་མ་གཏོགས་བསམ་བློ་གཏོང་གི་མ་རེད། དེར་བརྟེན། ང་ཚོ་གཞུང་མང་སུ་ཡིན་ཡང་རྒྱ་གཞུང་གི་མགོ་སྐོར་འོག་མ་ཚུད་པ་བྱེད་དགོས་རྒྱུ་གལ་ཆེན་པོ་རེད། སྔོན་མ་ཡིན་ནའང་། སྲིད་ཇུས་འཇགས་ཐབས་བྱེད་པ་སོགས་ཀྱི་མགོ་སྐོར་འོག་ཕྲན་བུ་ཚུད་ཡོད་པའི་རྣམ་པ་ཞིག་ཡོད་པ་རེད། འོན་ཀྱང་མགོ་སྐོར་འོག་ལ་ཚུད་པ་རེད་ཟེར་ནས་བཤད་ཐུབ་ཐབས་ཡོད་པ་མ་རེད། གོ་སྐབས་མ་ཤོར་བ་ཞིག་བྱེད་དགོས་པ་དེ་རང་གཞན་གཉིས་ལ་གལ་ཆེན་པོ་ཆགས་བསྡད་ཡོད་པ་རེད། དེང་ཕྱིན་ཆད་ཀྱང་གཟབ་གཟབ་བྱེད་དགོས་པ་གལ་ཆེན་པོ་རེད་བསམ་གྱི་འདུག
དྲི་བ། ཉེ་ཆར་བོད་ནང་དུ་རྒྱ་གཞུང་གིས་འབྲོག་པ་གནས་སྤོར་དང་མཉམ་ལས་ཁང་འཛུགས་བཞིན་པའི་སྲིད་ཇུས་དེའི་ཐད་ཆེ་རིན་པོ་མཆོག་ལ་དགོངས་ཚུལ་ག་རེ་ཡོད།
ལན། སོ་སོའི་ལྟ་ཚུལ་འདྲ་བོ་ཞུས་པ་ཡིན་ན། རྒྱ་གཞུང་གི་སྲིད་ཇུས་ཞེས་ཚོགས་འདུ་ཚོགས་ཏེ་ཡིག་ཐོག་གཏན་འབེབས་བྱས་ཡོད་པ་ཞིག་ཡིན་མིན་མི་ཤེས་ཏེ། ཁོ་ཚོ་ཚང་མའི་བསམ་ཚུལ་གཅིག་པ་ཡིན་པའི་སྲིད་ཇུས་ཤིག་དང་། བོད་ཀྱི་ས་དགོས་པ་དང་བོད་ཀྱི་མི་མི་དགོས་པའི་སྲིད་ཇུས་དེ་འདྲ་ཞིག་གི་ཐོག་ལ་འགྲོ་བསྡད་མེད་འགྲོ་བསམ་པའི་དོགས་པ་འདུག ས་རྒྱ་གཞུང་ལ་དབང་ཐུབ་པ་བྱ་དགོས་སྟབས་ས་ཆ་སྟོང་པ་བཟོ་དགོས་ཀྱི་ཡོད་པ་རེད། བོད་མི་དགོས་ཀྱི་མེད་སྟབས་སྐྱེ་སྒོ་ཡིན་ཡང་འགོག་དགོས་ཀྱི་ཡོད་པ་རེད། བོད་མིའི་ཆོས་དང་རིག་གཞུང་དེའང་སྦྱང་དགོས་ཀྱི་ཡོད་པ་མ་རེད། གྲོང་སྡེ་ཅན་ལ་བསྒྱུར་ནས་དེའི་ནང་རྒྱ་རིགས་མང་པོ་དང་མཉམ་བསྲེས་བྱས་ཏེ། བོད་མི་རིགས་ཟེར་བ་ལོགས་སུ་བཀར་མི་ཐུབ་པ་ཞིག་བྱེད་ཀྱི་ཡོད་པ་རེད། བོད་མི་རིགས་ནང་ཁུལ་དུའང་མི་རིགས་མང་པོ་ཞིག་ཕར་བཀར་ཏེ། བོད་མི་རིགས་ག་ཚོད་ཀྱིས་ཉུང་དུ་གཏོང་ཐབས་བྱས་ཡོད་ལ། ད་ལྟ་འབྲོག་པ་གྲོང་སྡེ་ཅན་ལ་སྒྱུར་བཞིན་པ་དེའང་། བོད་མི་རིགས་མེད་པ་བཟོ་བའི་སྲིད་ཇུས་དེ་འདྲ་ཞིག་གི་ཐོག་ནས་སྒྱུར་གྱི་ཡོད་པ་ལས། འབྲོག་པ་མང་ཚོགས་ལ་ཕན་སེམས་ཀྱི་བསམ་བློ་བཏང་ནས་སྒྱུར་བཞིན་པ་ཞིག་རྩ་བ་ཉིད་ནས་མ་རེད། འབྲོག་པ་མང་ཚོགས་ལ་ཕན་ཐོགས་ཡོད་པའི་རོགས་རམ་བྱེད་ཀྱི་ཡོད་ན། དཔེར་ན། ཨ་རིའི་ནང་གི་འབྲོག་པ་དང་ཨོ་སི་ཊོ་ལི་ཡའི་ནང་གི་འབྲོག་པ་ནང་བཞིན་འབྲོག་སྡེ་ཡར་རྒྱས་གཏོང་དགོས་པ་རེད། འབྲོག་པ་སོ་སོའི་ས་གནས་ནས་བཞག་སྟེ་ཡར་རྒྱས་འགྲོ་བའི་ཆ་རྐྱེན་ཆ་ཚང་བསྐྲུན་ཏེ། དེང་དུས་དང་མཐུན་པའི་འབྲོག་སྡེ་ཡར་རྒྱས་གཏོང་དགོས་པ་རེད་མ་གཏོགས། འབྲོག་སྡེ་ཚང་མ་སྟོང་པ་བཟོས་ཏེ་མར་གྲོང་སྡེ་རུ་ཁྲིད་དེ་ཟླ་བ་ཁ་ཤས་རིང་མགོ་སྐོར་ཐབས་ཀྱི་ཕོགས་ཙམ་སྤྲད་དེ་འཇོག་དགོས་པ་མ་རེད། ད་ལྟའི་འབྲོག་སྡེ་གྲོང་སྡེ་ཅན་དུ་བསྒྱུར་རྒྱུ་དེ་ཕན་སེམས་ཅན་གྱི་འཆར་ཞིག་ཏུ་མཐོང་གི་མི་འདུག དེ་བཞིན། བོད་མི་མང་པོར་ཁང་པ་གསར་པ་རྒྱག་གི་ཡིན། གཞུང་གི་རོགས་རམ་སྤྲོད་ཀྱི་ཡོད་ཅེས་བསྒྲགས་ཏེ། རྒྱ་གཞུང་གིས་མ་དངུལ་སྒོར་མོ་ཁྲི་གཅིག་འཇོག་གི་ཡིན་བོད་མི་སྒེར་ངོས་ནས་ཀྱང་རྒྱ་སྒོར་ཁྲི་གཅིག་སྤྲོད་དགོས་ཟེར་ནས། བོད་མི་ཚོའི་ལག་ནས་སྒོར་མོ་བསྡུས་ཏེ་ཁང་པ་མང་པོ་བཟོ་བཞིན་ཡོད་པ་རེད། ཁང་པ་དེ་དག་བཟོ་བའི་སྐབས་རྒྱུ་ཆ་ས་རྡོ། ཤིང་། རྡོ་ཞུན་ཡོངས་རྫོགས་ང་ཚོ་བོད་ནས་བཟོས་པ་རེད། རྒྱ་ནག་ནས་ཡར་ཡོང་བསྡད་པ་ནི་ཤེལ་སྒོ་དང་ལྕགས་རིགས་ཙམ་དང་། ལས་ཀ་བྱེད་མཁན་རྒྱ་རིགས་དེ་ཚོ་རེད། དོན་དངོས་ཐོག་བོད་མི་ཚོའི་ལག་ནས་སྒོར་མོ་ཁྲི་རེ་རྒྱ་མི་ཚོས་འཁྱེར་འགྲོ་གི་ཡོད་པ་རེད་མ་གཏོགས། རྒྱ་ནག་གཞུང་གི་ཐོག་ནས་བོད་ལ་སྒོར་མོ་རྩ་བ་ཉིད་ནས་ཡོང་གི་ཡོད་པ་མ་རེད། ཆབ་སྲིད་མགོ་སྐོར་ཞིག་གི་འོག་ནས་སྲིད་ཇུས་དེ་དག་སྤེལ་བསྡད་ཀྱི་ཡོད་པ་རེད།
དྲི་བ། རྒྱ་གཞུང་གིས་བོད་ནང་རིག་གནས་སློབ་གསོ་དང་དཔལ་འབྱོར་གྱི་ཐད་རྒྱ་སྒོར་དུང་ཕྱུར་མང་པོ་བཏང་སྟེ་རོགས་སྐྱོར་བྱེད་ཀྱིན་ཡོད་སྐོར་འཛམ་གླིང་ལ་དྲིལ་བསྒྲགས་ཤུགས་ཆེན་པོ་བྱེད་བཞིན་ཡོད་པ་རེད། དོན་དངོས་ཐོག་བོད་པའི་སྤྱི་ཚོགས་ལ་རོགས་ཕན་ག་ཙམ་ཞིག་བྱས་ཡོད་པ་རེད་དམ།
ལན། བོད་མི་གྲངས་ཉུང་མི་རིགས་མཐོ་སློབ་ནང་བསྡུ་སྐབས་བརྒྱ་ཆའི་ཐོག་དམིགས་བསལ་ཡོད་ཟེར་གྱི་ཡོད་པ་རེད། དེ་ཡང་། སྲིད་ཇུས་མགོ་སྐོར་ཞིག་གི་འོག་འགྲོ་བསྡད་ཡོད་པ་རེད། མཐོ་སློབ་ནང་རྒྱ་མི་རིགས་ལ་བརྒྱ་ཆ་མང་བ་དགོས་པ་དང་། བོད་མི་རིགས་ལ་བརྒྱ་ཆ་ཉུང་བ་མ་གཏོགས་མི་དགོས་པ་བྱས་དུས། རྗེས་མ་རྒྱུགས་སྤྲོད་བྱེད་སྐབས་རྒྱ་མི་རིགས་བརྒྱ་ཆ་མང་བ་དང་བོད་མི་རིགས་བརྒྱ་ཆ་ཉུང་བ་ཡོང་གི་ཡོད་པ་རེད། རྒྱུགས་འཕྲོད་པའི་སྐབས་ལའང་རྒྱ་མི་རིགས་བརྒྱ་ཆ་མང་བ་དང་བོད་མི་རིགས་བརྒྱ་ཆ་ཉུང་བ་ཡོང་གི་ཡོད་པ་རེད། ལས་ཀའི་ཐོག་ཞུགས་སྐབས་ཡིན་ནའང་། རྒྱ་མི་རིགས་བརྒྱ་ཆ་མང་བ་དང་བོད་མི་རིགས་བརྒྱ་ཆ་ཉུང་བ་ཡོང་གི་ཡོད་པ་རེད། དེ་ལྟར་བྱས་དུས་བརྒྱ་ཆ་མང་བ་དེ་ལ་ལས་ཀ་ཡག་པ་དང་ཉུང་བ་དེ་ལ་ལས་ཀ་དང་གོ་སྐབས་དེ་ལས་ཞན་པ་མ་གཏོགས་རག་གི་ཡོད་པ་མ་རེད། དེ་ཡང་བསམ་པ་ནག་པོའི་སྲིད་ཇུས་ཤིག་གི་ཐོག་ནས་སྤེལ་བཞིན་ཡོད་པ་རེད། དེ་བཞིན། རྒྱ་གཞུང་གིས་བོད་ནང་ལ་སྒོར་མོ་དུང་ཕྱུར་ས་ཡ་མང་པོའི་རོགས་རམ་བྱེད་ཀྱི་ཡོད་ཅེས་གྲངས་ཀ་རྒྱག་གི་ཡོད་པ་རེད། དང་པོ་གྲངས་ཀ་དེའི་ནང་ནས་ཕྱིར་རྒྱ་མིའི་ལག་ལ་བརྒྱ་ཆ་ག་ཚོད་ལོག་སླེབས་ཀྱིན་པ་དེ་རྩིས་རྒྱག་དགོས་པ་རེད། དཔེར་ན། བོད་ནང་བོད་མི་ཁྱིམ་ཚང་མང་པོ་ཞིག་ལ་གཟུགས་མཐོང་རླུང་འཕྲིན་རེ་སྤྲད་ཡོད་པ་རེད། གཟུགས་མཐོང་རླུང་འཕྲིན་དེ་དག་ནི་སྤུས་ཀ་ལེགས་པོ་མེད་པ་དང་། དེང་སྐབས་ཀྱི་ཁྲོམ་རའི་ནང་བཙོང་ས་མི་རག་པའི་རིགས་བོད་མི་ཚོར་སྤྲོད་བཞིན་ཡོད་པ་རེད། དེ་དག་གི་རིན་འབབ་རྒྱ་གཞུང་གིས་སྒྲོག་བཞིན་པའི་བོད་སྐྱོར་རོགས་དངུལ་ལས་འཐེན་ཏེ་རྒྱ་ནག་གི་བཟོ་གྲྭ་དེ་དག་ལ་སྤྲད་དེ། བོད་ལ་ཁ་གཡར་ནས་རྒྱ་ནག་གི་བཟོ་གྲྭ་དེ་ཡར་རྒྱས་བཏང་ཡོད། དེར་མཚུངས་ཀྱི་ལས་འགུལ་མང་པོ་སྤེལ་བཞིན་ཡོད་པ་རེད། དོན་གྱིས་ང་ཚོ་བོད་ལ་སྒོར་མོ་གཅིག་གི་རོགས་སྐྱོར་བྱས་ཡོད་པ་མ་རེད་ཅེས་ལབ་ཐུབ་ཀྱི་རེད། དེའི་སྒང་ལ་བོད་ནང་ནས་གསེར། དངུལ། ཞ་ཉེ། སོལ་བ་དཀར་པོ། རྡོ་སོལ། རྡོ་ཀ་མ་རུ། རྡོ་ཞུན་སོགས་གཏེར་རྫས་མང་པོ་རྒྱ་ནག་ལ་མར་འདྲེན་བཞིན་ཡོད་པ་རེད། དེ་བཞིན། རྒྱ་ནག་གི་པགས་རིགས་གྱོན་པ་དེ་དག་བོད་དང་སོག་པོ་གཉིས་ཀྱི་བཀའ་དྲིན་རེད། རྒྱ་ནག་ལ་ར་ཤ་དང་ལུག་ཤ། སྐམ་ཤ་ཟ་རྒྱུ་ཡོད་པ་དེའང་། བོད་དང་སོག་པོ་གཉིས་ནས་ཡོང་གི་ཡོད་པ་རེད་མ་གཏོགས། རྒྱ་ནག་ལ་ཕག་ཤ་ལས་ཡོད་པ་མ་རེད། དེ་དག་ཡོངས་རྫོགས་བོད་དང་སོག་པོ་ནས་མར་འཁྱེར་འགྲོ་གི་ཡོད་པ་རེད། ད་དུང་རྒྱ་མི་མང་དུ་འཕེལ་ཡོང་དུས་གཞིས་ཆགས་ས་བོད་པའི་ས་ཆ་དགོས་ཀྱི་ཡོད་པ་རེད། རྒྱ་ནག་ལ་ང་ཚོའི་ས་ཆ་དེ་མེད་ཐབས་མེད་པ་ཞིག་ཆགས་ཡོད་སྟབས། བོད་ཀྱི་ས་དགོས་པ་དང་མི་མི་དགོས་པའི་སྲིད་ཇུས་དེ་འདྲ་ཞིག་གཏན་འབེབས་བྱས་ཟིན་མེད་ནའང་། ཁོ་ཚོའི་བསམ་བློའི་ནང་ལ་བག་ཆགས་ངན་པ་དེ་འདྲ་ཞིག་བཟུང་ནས་ལས་འགུལ་སྤེལ་བཞིན་པ་ཕལ་ཆེར་གསལ་པོ་རེད་བསམ་གྱི་འདུག
དྲི་བ། དུས་བབ་གསར་ལམ་འདི་བརྒྱུད་དེ་གཞིས་བཞུགས་བོད་མི་ཚོར་རེ་སྐུལ་དང་གསལ་འདེབས། ཡང་ན་བཀའ་སློབ་ལམ་སྟོན་ག་རེ་གནང་རྒྱུ་ཡོད་དམ།
ལན། ང་ཚོས་བོད་ནང་ལ་རེ་སྐུལ་ཞུ་རྒྱུ་ཞིག་ལ། གཙོ་བོ་ནི་༸རྒྱལ་བ་རིན་པོ་ཆེས་བཀའ་སློབ་ལམ་སྟོན་གནང་བསྡད་པ་དེ་དག་ཚང་མས་གོ་བསྡད་ཡོད་པ་རེད། དེ་ལས་ལྷག་ཅིག་རེ་འདུན་ཞུ་རྒྱུ་གང་ཡང་ཡོད་པ་མ་རེད། ཡིན་ནའང་། ཚིག་གསལ་པོའི་ཐོག་ནས་སྐད་ཆ་འགའ་བཤད་པ་ཡིན་ན། གཅིག ང་ཚོ་བོད་མི་གཞོན་སྐྱེས་དེ་དག་སློབ་སྦྱོང་གི་ཐོག་ལ་གཏོང་དགོས་པ་དེ་གལ་ཆེན་པོ་རེད། ང་ཚོ་བོད་ལུང་པ་དང་པོ་རྒྱ་འོག་ལ་ཤོར་བ་དེ་སློབ་སྦྱོང་མེད་པར་ཤོར་བ་རེད། རྒྱ་ཡིག་མ་གཏོགས་བོད་ཡིག་བསླབ་སའི་སློབ་གྲྭ་མེད་ནའང་། བོད་རིགས་གཞོན་སྐྱེས་ཚང་མ་སློབ་གྲྭར་བསྐྱོད་དགོས་པ་རེད། སློབ་སྦྱོང་ཡོད་ན་ལས་འགུལ་ག་རེ་བྱས་ཀྱང་ནུས་པ་ལྡན་པ་ཞིག་ཡོང་གི་རེད། གཉིས། རྒྱ་གཞུང་གིས་ང་ཚོའི་མི་ཐོག་རྗེས་མ་དེ་ཡ་རབས་སྤྱོད་བཟང་མི་ཡོང་བའི་སྲིད་ཇུས་སྤེལ་གྱི་ཡོད་པ་རེད། ཆང་རག་ཚད་མེད་འཐུང་བ་དང་། ཤོ་དང་མ་ཅཱང་རྒྱག་པ། སྨད་འཚོང་མའི་ལས་ཀ་གཉེར་བ། བོད་པ་ནང་ཁུལ་འཁྲུག་འཛིངས་བྱེད་པ་སོགས་བཀག་འགོག་བྱེད་ཀྱི་ཡོད་པ་མ་རེད། ཉལ་ཐ་ནག་པོ་འཐེན་པ་དང་ཚོང་རྒྱག་མཁན་རྣམས་ཀྱང་དངུལ་སྤྲད་རྗེས་གློད་ཡོང་གི་ཡོད་པ་རེད། དེ་དག་ཡོངས་རྫོགས་ཀྱི་བསམ་བློའི་ཕུགས་རྩ་དེར། མ་འོངས་པའི་བོད་མིའི་མི་རབས་དེ་ཕན་ཐོགས་མེད་མཁན་ཞིག་བཟོ་རྒྱུའི་འཆར་གཞི་འདིང་གི་ཡོད་པ་རེད། དེར་བརྟེན། ང་ཚོས་མ་འོངས་པའི་མི་རབས་དེ་ཐེབས་ཆག་ཅིག་མི་ཡོང་བའི་ཆེད། ང་ཚོ་རང་ངོས་ནས་རང་གི་མི་རིགས་ལ་ཤ་ཚའི་ཐོག་ནས་བསླབ་བྱ་ཡག་པོ་རྒྱག་དགོས་པ་རེད། རང་དོན་མི་འཁྱོངས་མཁན་དང་ཤེས་ཡོན་མེད་མཁན་ཞིག་ཆགས་ན་འགྲིག་གི་ཡོད་པ་མ་རེད། ཡ་རབས་སྤྱོད་བཟང་ལྡན་པའི་མི་རབས་ཤིག་གསོ་སྐྱོང་བྱེད་དགོས་པ་དེ་ང་ཚོའི་འགན་འཁྲི་རེད། དེ་ནས་དཔལ་འབྱོར་གལ་ཆེན་ཆགས་ཡོད་པ་རེད། དཔལ་འབྱོར་མེད་ན་ལས་འགུལ་གཅིག་ཀྱང་སྒྲུབ་ཐུབ་ཐབས་ཡོད་པ་མ་རེད། ཡིན་ནའང་། དཔལ་འབྱོར་བཟོ་སྟངས་མ་ཤེས་པའི་སྐྱོན་ཆེན་པོ་འདུག ཁག་ཅིག་གིས་རྒྱ་མི་དང་མཉམ་འབྲེལ་བྱས་ཏེ་སོ་སོའི་ལུང་པའི་ནང་གི་གཏེར་ཁ་སྔོག་བཞིན་འདུག དེ་ནོར་འཁྲུལ་ཆེན་པོ་ཞིག་རེད། ཡང་ཁག་ཅིག་གིས་དཔལ་འབྱོར་ཡར་རྒྱས་གཏོང་དགོས་ན་ཕྱི་རྒྱལ་ལ་འགྲོ་དགོས་པ་རེད་བསམ་ཡོད་པ་རེད། དེ་ཡང་ནོར་འཁྲུལ་རེད་བསམ་གྱི་འདུག འཛམ་གླིང་རྒྱལ་ཁབ་སྟོབས་ཆེན་མང་པོས་རྒྱ་ནག་མི་མང་གི་ཁྲོམ་ར་ལ་རེ་བ་རྒྱག་གི་ཡོད་པ་རེད། ང་ཚོ་བོད་པས་རྒྱ་ནག་མི་མང་གི་ཁྲོམ་ར་ལ་རེ་བ་མ་བརྒྱབ་པར། ཁ་ཕྱིར་འཁོར་ཏེ་ཕྱི་རྒྱལ་ལ་རེ་བ་རྒྱག་གི་ཡོད་པ་དེ་ནོར་འཁྲུལ་རེད། རྒྱ་ནག་གི་རྒྱལ་ས་ཆེ་ཁག་དང་ས་གནས་ཆེ་ཁག་ནང་སོང་། དཔལ་འབྱོར་འཚོལ་སྒྲུབ་བྱས་ཏེ་སྟོབས་འབྱོར་ལྡན་པ་ཞིག་བྱེད་དགོས་རྒྱུ་གལ་ཆེན་པོ་རེད། སྟོབས་འབྱོར་ལྡན་པ་ཞིག་བྱུང་བ་ཡིན་ན། སློབ་སྦྱོང་དང་རྒན་རྒོན་ཉམ་ཐག བོད་མི་སྐྱོ་བོ་ཚང་མར་རོགས་ཕན་བྱེད་ཐུབ། ཁག་ཅིག་གིས་ཤོ་དང་མཱ་ཅང་རྒྱག་པ་དང་དོན་དག་མེད་པའི་རྒྱས་སྤྲོས་བྱས་ཏེ་དཔལ་འབྱོར་འཕྲོ་བརླག་ལ་གཏོང་གི་ཡོད་པ་རེད། ད་ལྟ་ང་ཚོས་རྒྱས་སྤྲོས་དང་དགའ་བོ་སྐྱིད་པོ་བྱེད་པའི་དུས་སྐབས་མ་རེད། བོད་མི་ཡོངས་རྫོགས་སྡུག་བསྔལ་ནང་ལ་ཚུད་བསྡད་ཡོད་ལ། བོད་ཀྱི་མི་རབས་རྫོགས་བཞིན་པའི་འགག་རྩའི་དུས་ཚོད་ཅིག་ལ་སླེབས་ཡོད་པ་རེད། ༸རྒྱལ་བ་རིན་པོ་ཆེས་བཀའ་སྔ་ཕྱིར་གནང་བ་ལྟར་རིན་པོ་ཆེའི་རྒྱན་ཆ་ཚོད་མེད་འདོགས་པ་སོགས་ནི་ཕན་ཐོགས་གང་ཡང་ཡོད་པ་མ་རེད། དངུལ་ཡོད་པ་དེ་བསགས་ནས་སོ་སོས་བེད་སྤྱོད་གཏོང་དགོས་ངེས་དེ་ལ་བཏང་། དངུལ་ལྷག་མ་ཡོད་ན་བོད་མི་རིགས་ལ་ཕན་པ་དང་། སོ་སོའི་ནང་མི་ཉེ་འབྲེལ་ལ་ཕན་པའི་ལས་ཀའི་ཐོག་བཏང་ན་ཕན་ཐོགས་ཆེན་པོ་ཡོད་པ་རེད་མ་གཏོགས། གཅིག་གིས་གཅིག་ལ་དཔལ་འབྱོར་གྱི་འགྲན་བསྡུར་དང་རྒྱུ་ངོམ་བྱ་རྒྱུ་དེ་ཡག་པོ་མ་རེད། མཐར་མར་ཞུ་རྒྱུ་ཞིག་ལ། ང་ཚོ་བོད་མི་ནང་ཁུལ་མཐུན་ལམ་བྱེད་དགོས་པ་དེ་གལ་ཆེན་པོ་རེད། དགྲ་བོས་ང་ཚོ་ནང་ཁུལ་གཏོར་བ་དང་མ་འཆམ་པ་བཟོ་བཞིན་ཡོད་པ་རེད། ནང་ཁུལ་མཐུན་ལམ་གྱི་ཐོག་ལ་ཤུགས་རྒྱག་དགོས་པ་རེད། ལྷག་པར་དུ་མདོ་སྨད་དང་ཁམས་ཁུལ་དུ་རྩྭ་ཆུ་རྩོད་རེས་བྱས་ཏེ་སྤུན་ཟླ་ནང་ཁུལ་ལ་གསོད་རེས་བྱེད་པའི་གནས་ཚུལ་ཡོང་གི་འདུག ང་ཚོ་བོད་མིས་ནང་ཁུལ་གསོད་རེས་བྱ་དགོས་ཀྱི་མ་རེད། རྒྱ་མིས་གསད་ཡོང་གི་ཡོད་པ་རེད། དེ་གཅིག་བཤད་འདོད་བྱུང་སོང་། གཙོ་བོ་རྒྱ་དམག་དང་གདོང་ཐུག་མ་བརྒྱབ་པ་ཞིག་བྱ་དགོས་པ་དེ་གལ་ཆེ་ཤོས་རེད།
བོད་ཀྱི་དུས་བབ་ལ་དགོངས་སྐོར་མ་ཞུས་པར། ༧སྐྱབས་རྗེ་ཀིརྟི་རིན་པོ་ཆེར་བཅར་འདྲིའི་ཡི་གེ་དེ་བཞིན་འདིར་བཀོད་པར་དགོངས་འགལ་མེད་པར་ཞུ། རིན་པོ་ཆེ་མཆོག་གིས་དྲིས་ལན་འདིར། རྒྱ་གཞུང་གིས་བོད་ནང་ལག་བསྟར་བྱེད་པཞིན་པའི་ཆབ་སྲིད་ཀྱི་དམིགས་ཡུལ་སྐྱུག་བྲོ་དག་རེ་རེ་བྱས་ནས་ཐེར་འདོན་གནང་འདུག དགོངས་པ་གཏིང་ཟབ་ཅིང་རྒྱ་ཆེན་པོ་རེད། འདི་འདྲའི་གནད་ཐོག་ཏུ་འཁེལ་བའི་ལན་རྒྱག་མཁན་ཧ་ཅང་ཉུང་ཉུང་རེད། དྲི་བ་དང་དྲིས་ལན་གནང་མཁན་གཉིས་ཆར་ཐུགས་རྗེ་ཆེ་ཞུ་བ་ལགས།
ཀིརྟི་བླ་མ་ཡག་པོ་རེད་ཆོས་པ་དོན་ལྡན་ཞིག་ཡིད་ཆབ་སྲིད་ཀྱི་མགོ་རྒྱུ་རྩ་བ་ནས་མི་འདུག་ཁག་ཡོད་ནི་མ་རེད་ཉེ་སར་གྱི་ཞབས་ཞུ་ཚོའི་ལན་པ་རེད་རླུང་མ་ལང་ལགས་་་་་
རྔ་བ་རྒྱལ་ཁམས་པ་ལགས། ཐུགས་རྗེ་ཆེ། ༧སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་བཀའ་ལན་ཟབ་ཅིང་རྒྱ་ཆེ་བ་འདི་འདྲ་མཇལ་རྒྱུའི་བསྐལ་བཟང་གི་གོ་སྐབས་བྱུང་བས་བློ་ཡིད་ཚིམས། བཀའ་སློབ་འདི་འདྲ་བ་ནི་བོད་དང་རྒྱ་གཉིས་ཀ་ལ་ཕན་ཐོག་ཡོད་པའི་གསུང་ཚད་མར་ངེས། དེར་བརྟེན་རིམ་པས་འདི་བོད་ནང་ལ་མར་གཏོང་ཐུབ་པ་བྱས་ན་ཕན་རླབས་ཆེ་བར་སེམས། བཀའ་སློབ་འདི་ཀློག་གི་ཀློག་གི་༧སྐྱབས་རྗེ་རིན་པོ་ཆེའི་ཞལ་མིག་ལ་ཤར་ཡོང་གི་འདུག དངོས་གནས་ཡིན། དེ་བཞིན་དུས་བབ་ཀྱི་གསར་འགོད་པ་ལའང་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
འདིར་ངོ་མར་དོན་ཟབ་སྙིང་བཅུད་དང་ལྡན་པའི་ཞལ་གསུང་དྲོན་མོ་རེ་མཆིས་སྟབས་བོད་ལ་མཁོ་བ་མི་ཉུང་ཞིག་འདུག བཀའ་དྲིན་ཆེ།
༧སྐྱབས་རྗེ་ཀིརྟི་རིན་པོ་ཆེས་བཀའ་སློབ་གཏིང་ཟབ་མོ་དང་རྒྱ་ཆེན་པོ་གནང་པར་དད་གུས་ཚད་མེད་དང་བཅས་།དུས་བབ་གསར་འགོད་པས་དྲི་བ་ཧ་ཅང་གནད་འགག་ཅན་དྲིས་པར་བཀའ་དྲིན་ཆེ་ཞུའོ།
གསེར་རྟ་ཚུལ་ཁྲིམས་ཕུན་ཚོགས་ཟེར་བ་དེས་གོ་རྒྱུ་ཅན་གྱི་ཆབ་སྲིད་གསུང་བར་ཉན་ནས་བསྡད་ཡོད།རིན་པོ་ཆེ་དང་སྐུ་འཁོར་ཞབས་ཞུ་དང་བཅས་པར་ཁྱེད་ལ་ཅོལ་ཆུང་གི་ངག་འཆལ་བརྡོལ་བའི་འོས་བབས་གཏན་ནས་མེད།
རིན་པོ་ཆེ་ནས་དོན་སྙིང་ལྡན་པའི་བཀའ་སློབ་གནང་འདུག། ཐུགས་རྗེ་ཆེ་ཞུ། རྒྱ་བོད་བར་གྱི་དཀའ་སྙོག་དང་བོད་མིའི་དགོས་འདོད་སོགས་ཟབ་རླིངས་ཀྱིས་གསལ་སྟོན་དང་འབད་སྐུལ་གནང་འདུག།
ངས་ལོ་ངོ་ཁ་ཤས་སྔོན་དུ། རྒྱ་ནག་གི་སྲིད་འཛིན། ཧུ་ཇིན་ཏ་ཨོ་མཆོག་ལ་ཞུ་ཤོག་ཅིག་ཕུལ། དེའི་ནང་དུ་བརྗོད་དོན། རྒྱ་ནག་ལ་ལན་མང་ཕྱིན་པས། རྒྱ་ནག་གི་མི་མང་པོ་ཐུག་སོང་། མི་མང་པོ་ཡ་རབས་གཞན་ཕན་ཐོགས་བྱེད་མཁན་མང་པོ་འདུག ང་སྐྱེས་ས་ལ་དྭགས་པ་ཡིན། ལ་དྭགས་རྒྱ་གར་ན་ཡོད་པ་དང་། བོད་རྒྱ་ནག་ན་ཡོད་པ་ལོ་རྒྱུས་ཕལ་ཆེར་གང་ནས་བལྟས་ཀྱང་གཅིག་པ་འདྲ་འདུག རྒྱ་གར་གཞུང་གིས་ལ་དྭགས་ལ་བྱེད་པ་བཞིན་དུ། རྒྱ་ནག་གཞུང་གིས་ཀྱང་བོད་ལ་བྱེད་ན། ལ་དྭགས་པས་བདག་ཅག་རྒྱ་གར་པ་ཡིན་འཛེར་བ་ལ་དགའ་སྣང་ཡོད་པ་བཞིན་དུ། བོད་པས་ཀྱང་བདག་ཅག་རྒྱ་ནག་པ་ཡིན་འཛེར་བ་ལ་དགའ་བ་འབྱུང་ངེས་ཞེས་བྲིས་ནས་བཏང་།
དེའི་་འདྲ་བཤུས་དྲ་རྒྱའི་ཐོག་ཏུ་རྒྱ་ནག་ཡི་གེ་ཤེས་མཁན་མང་པོས་མཐོང་ཏེ། དྲི་བ་དང་། རྩོད་པའི་ཡི་གེ་མང་པོ་འབྱོར་ཀྱང་། རྒྱ་ཡིག་མ་ཤེས་པས་ལན་ཡིན་བསམ་པ་ཞིག་རྒྱབ་མ་ཐུབ་ཀྱང་། རྒྱ་ནག་སློབ་གྲྭ་ཆེན་པོའི་སློབ་དཔོན་བོད་རིགས་འགས་གཟིགས་ཏེ། རྒྱའི་སློབ་དཔོན་རེ་དག་ལ་ཡང་བསྟན་ཡོད་འདུག འདི་ཀར་སློབ་གྲྭ་ཆེན་མོ་ཞིག་གི་སློབ་དགེ་ཡིན་པའི་མིང་ཡོད་པས། དོ་སྣང་འབྱུང་བར་ཕན་ནོ་སྙམ།
ཀིརྟི་རིན་པོ་ཆེ་མཆོག་གིས་རྒྱ་གར་དང་། རྒྱ་ནག་སོགས་རྒྱལ་ཁབ་རྣམས་ཀྱི་བྱེད་སྟངས་བྱེད་ལུགས་ལེགས་པར་གཟིགས་ཤིང་དགོངས་ཡོད་པས། སུ་ལ་ཡང་ཕྱོགས་ལྷུང་མེད་པར་མཁས་པའི་གསུང་དུ་སྣང་བས། དགོངས་བཞེད་བཞིན་འགྲུབ་པའི་སྨོན་འདུན་ཞུའོ། །
༣༩༽ ཀརྡོ་གཉེར་ཕྱག་པ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢ གི་ཆུ་ཚོད་ ༢༣ སྐར་མ་ ༡༣
༣༦༽ རྡོ་རིགས་པའི་མདའ་མོ་ལགས་ཀྱིས།
་་་་་་་་་་་། ང་ལ་མཁོ་བ་དེ་རང་ས་སྤར་མོ་གང་བོ་དེ་ཡིན། ་་་་
གསུངས་འདུག་པས། ང་ཚོའི་རང་ས་སྤར་ར་གང་པོ་དེ་རྒྱ་བོད་མཉམ་དུ་བསྡད་ནས་ཀྱང་ལོན་ཐབས་ཅིག་མེད་དམ། དཔེར་ན། ལ་དྭགས་དང་རྒྱ་གར་བཞིན་ཞེས་ན། འདི་ལ་ལན་ཅི་ཞིག་ཡོད་ལགས།
རེད་ཡ་བྱམས་པོ་དང་རང་དབང་སྤྲད་ན་གུས་བཀུར་ལེགས་བྱེད། འོན་ཀྱང་ང་ཚོར་ཐོབ་པ་ནི་སྡུག་བསྔག་དང་བཙན་སྣོན་ཡིན་པ་ཤེས་གསལ་རེད།
xxxxxxxxxxxxxxxxx
ཚང་མ་ཡག་པོ་རེད་ད་ཡིན་ན་ཡང་བསྟོད་དབྱངས་འཐེན་ན་ཡག་པོ་རེད་དམ་་་་་་
རེད་ཡའ། ལ་དྭགས་དང་མོན་རྟ་དབང་། པི་ཏི་བཅས་རྒྱ་གར་གྱིས་དབང་སྒྱུར་ཡང་། རྒྱ་གར་གཞུང་གི་དོན་དངོས་ཀྱི་དམིགས་བསལ་སྲིད་ཇུས་ལག་བསྟར་བྱས་ཏེ། རང་གི་མི་ལ་གོ་སྐབས་ལེགས་པ་ཚང་མ་སྤྲད་དེ་གསོ་སྐྱོང་བྱས་པ་དང་། རང་མིས་རང་ཡུལ་སྐྱོང་དུ་བཅུག རང་དབང་མང་གཙོ་དང་ཞི་བདེ་ལྷིང་འཇགས་ངང་གནས་བཅུག་པ་ལས། དེ་དག་གི་མི་རྣམས་ལ་དོགས་པ་རྣམ་རྟོག་རྩ་བ་ནས་མེད་པར། ས་མཚམས་ཚུན་མི་རིགས་དེ་དག་སྐྱོང་དུ་བཅུག་ཏེ་རང་གི་མི་མང་ལ་རྒྱ་གར་གྱིས་ཡིད་ཆེས་བློས་འགེལ་དང་། ས་གནས་དེ་དག་གི་མི་མང་རྣམས་ཀྱིས་ཀྱང་། སེམས་གཏིང་ནས་རྒྱ་གར་གཞུང་ལ་བཀའ་དྲིན་བསམས་ཤིང་འདུག བོད་དང་བསྡུར་ན་ཕྱི་དངོས་པོའི་ཐོག་ནས་བོད་ཡར་རྒྱས་ཆེ་ཡང་། ནང་སེམས་ཀྱི་ཐོག་ནས་རྒྱ་གར་གཞུང་གི་བཀའ་དྲིན་གྱིས་
xxxxxxxxxxxxxxxxxx
xxxxxxxxxxxxxxxxxx
སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་བཀའ་སློབ་དགོངས་གཞི་འདི་ཨ་མདོའི་ཡུལ་དུ་འཁྱོལ་ཐུབ་པ་ཞིག་གནང་རོགས། དེ་ལྟར་བྱས་ན་གྲ་སྒྲིག་མེད་པའི་ལས་འགུལ་སྤེལ་གྱི་མ་རེད་ལ། རང་ལུས་བསྲེགས་རྒྱུ་ལས་ལམ་ཁ་གཞན་ཞིག་འདེམས་ཐག་ཆོད་རེད། ཀིརྟི་རིན་པོ་ཆེ་ཐུགས་རྗེ་ཆེ།
འུ་ཐུག་ཐབས་ཟད་ཀྱི་ལས་འགུལ་རེད་གསུང་འདུག་ག་་་་་་་ ད་དེ་ངའི་བློ་ལ་རྩ་བ་ཉིད་ནས་བབས་མ་སོང་། དཔའ་བོ་དཔའ་མོ་ཚོས རེ་བ་ཞིག་བསྐྱང་ནས་ཐབས་ལམ་དེ་གདམ་པ་རེད་སྙམ། ནོར་ཡ ོད་ན་དགོངས་དག
རིན་པོ་ཆེས་གསུང་ལན་རྒྱབ་པ་ཕྱི་གསལ་ནང་གསལ་རེད་འདུག དེ་ལ་འགྲེལ་ནོར་རྒྱག་དགོས་པ་ཅི་ཡང་མི་གདའ།
ཆུང་བྱིས་པའི་དུས་སུ་ངའི་མ་ལོས་རྒྱུན་པར་ཀིརྟི་ནམ་མཁའི་ཐོག་མེད་ཅེས་གསོལ་འདེབས་བྱེད་པ་ཡིད་ལ་དྲན་ཡོང་གི་འདུག སྐྱབས་སུ་མཆི། ང་ཚོ་ལ་ལ་རྒྱ་ཅན་གྱི་བླ་མ་འདི་འདྲ་མང་ཙམ་དགོས་ལ། རྒྱ་བླ་དང་། རྒྱུ་བླའི་རིགས་ཀྱི་བླ་རྫུན་སོགས་རྦད་དེ་མེད་ན་བཟང་སྙམ།
ཡང་རྙོག་དྲ་ཞིག་ཡོང་གྲབ་འདུག། གྲོགས་པོ་ཚོ་ཆབ་སྲིད་ནི། མིག་འཕྲུལ་ནང་བཞིན་ཡིན་པས་ལག་པ་འཆིང་ས་དང་བློ་གཏད་གནང་ས་མེད་པ་གསལ་པོ་རེད། སོང་ཙང་བྱེས་སྡོད་པ་འགའ་ཤས་༸གོང་ས་མཆོག་གི་གཟིམ་ཆུང་ལས་བསྡབས་འགྱུར་ལྷ་ཡི་གཞལ་མེ་ཁང་ལྟ་བུའི་ནང་ཚངས་པ་ཆེན་པོའི་ང་རྒྱལ་བསྐྱེད་ནས་འཇིག་རྟེན་བྱེད་པོར་བརློམ་པ་ནི་ཆེས་ཐབས་སྐྱོ་བ་ལ། བསྟན་དོན་དུ་བྱོན་པ་ཞིག་ཕྱིན་བསྟན་རྩ་དགེ་འདུན་གྱི་སྡེ་ལ་རག་ལུས་པས་དེ་སྐྱོང་སྤེལ་གནང་རྒྱུ་རྩ་དོན་དུ་འཛིན་དགོས་པ་ལས་ཆབ་སྲིད་ཀྱི་ཉ་དང་རྙོགས་མ་བསྲེས་ན་དམ་པ་གོང་མ་རྣམས་ཐུགས་ཕམ་བཞེས་རྒྱུ་དང་། ལྷག་པར་བཅོམ་ལྡན་འདས་ཀྱི་ཞལ་རིས་ལ་བལྟ་ཕོད་དམ། དེང་སྐབས་དགོན་པ་བཙོན་ཁང་དང་དགེ་འདུན་གྱི་སྡེ་བཙོན་པ་ལྟ་བུ་ཆགས་འདུག་ཟེར། འདི་ཡོང་རྒྱུ་ཤེས་བཞིན་དུ་ལམ་དེ་ལས་ཡོལ་ཐབས་མ་གནང་བས་སངས་རྒྱས་ཀྱི་བསྟན་པ་ལ་ག་ཚོད་ཕན་སོང་། དེ་ཡང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཞིག་ལས་འགན་ཡིན་ནམ། དེ་བས་བསམ་བློ་རྒྱ་བསྐྱེད་ན། ཐར་པ་དང་ཐམས་ཅད་མཁྱེན་པར་བགྲོད་པའི་ས་ལམ་གྱི་རིམ་པ་དེ་ཡིན་ནམ། དེ་འདྲའི་ལས་འགུལ་འགོ་བཙུན་ནས་བཟུང་དགོན་པའི་འཆད་ཉན་ཡར་རྒྱས་སུ་ག་ཚོད་ཕྱིན་སོང། ཨ་ཁ་ཁ་དངོས་སངས་རྒྱས་ཀྱི་བསྟན་པ་དང་བོད་ཀྱི་རིག་གཞུང་ལ་གྱོང་ཆེན་པོ་རགས་སོང་ངོ་། དཔེར་ན་གཞོན་ནུའི་གོ་སྒྲིགས་བྱས་པའི་མི་མང་འགུལ་བསྐྱོད་དང་པོ་དང་གཉིས་པའི་གྲུབ་དོན་དུ་ཆེན་པོ་གཉིས་དང་མེད་པ་གཅིག་ཅེས་པ་ལྟ་བུ་ཆགས་ན་ཡིད་སྐྱོ་དགོས་པ་འདུག། ༡ ཆེན་དང་པོ་ནི། གདན་ས་གསུམ་གྱི་ནང་དུ་སློབ་གཉེར་ལ་གནོད་སྐྱོན་ཆེན་པོ་བྱུང་བ། ༢ གཞོན་ནུ་ལྷན་ཚོགས་ལ་ཞལ་འདེབས་ཆེན་པོ་བྱུང་བ། ༣ བོད་དོན་ལ་གྲུབ་འབྲས་ཅི་ཡང་མེད་པ། ཞེས་བསྡོམས་ཆེན་གསུམ་བརྒྱབ་པ་ལྟ་བུ་རེད།
རྩོམ་འདིར་མཆན་སྒོ་བརྒྱབ་ཡོད་།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com