བློ་བཟང་གྲགས་པ།
ཆུང་དུས་ནས།
ངས་མཛེས་སྡུག་གི་རྨི་ལམ་ཞིག་རུམ་ནས།
ཁ་བས་བརྒྱན་པའི་རྒྱལ་ཁམས་དེར
རང་ནུས་ལྕོགས་ཚོད་ཀྱི་ནུས་པ་བཏོན་ཏེ།
མི་རྟག་པའི་མི་ཚེའི་འགྲུལ་བཞུད་ན།
གཟི་འོད་ཀྱི་ལོ་རྒྱུས་ཕྲ་མོ་ཙམ་གཏོད་ན་བསམ་མོད།
འོན་ཀྱང་། གངས་འདབས་ཀྱི་རྐང་ལམ་ཕྲ་མོར།
ཁྱི་སྤྱང་དང་ཝ་མོས་ཁེངས་ནས།
ཁྲག་རྣག་གི་ཆུ་བོ་བཞུར་ལ།
ཤི་ཕུང་གི་རི་རབ་བརྩེགས།
མདུན་བསྐྱོད་ཀྱི་གོམས་སྟབས་ཁྲི་ཁྲག
ཁྱི་སྤྱང་ཚོའི་སོ་ཁ་ནས་མ་ཐར་ལ།
ཝ་མོ་ཚོའི་ཇུས་ངན་ནས་མ་གྲོལ།
དུས་དེ་ནས། ངའི་མཛེས་སྡུག་གི་རྨི་ལམ་དེའང་།
འཇའ་བཞིན་ཡལ་ལ།
ཝུ་བ་བཞིན་ཐོར།
དུས་ཀྱི་གོམ་ཁ་ཆུ་མོའི་འགྲོས་ལ་བཞུར།།
ལང་ཚོའི་མེ་ཏོག་དགུན་འཁྱག་སོ་ལ་ལྷུང་།།
འཕྲེང་སེམས་མང་བའི་ཚོར་འདུ་ལྕི་མོ་འགས།།
ས་མཐའི་འཚོ་བ་འདི་ལ་ཉམ་ང་དྲངས།།
ནམ་མཁའི་མཐོངས་སུ་ཁ་བའི་འདབ་ལོ་འཕུར།།
ས་གཞིའི་ངོས་སུ་གྲང་ལྷགས་རྒོད་པོ་ལྡང་།།
ལེ་ལོའི་རུམ་ནས་བས་མཐའི་འཚོ་བ་བསྐྱལ།།
ཡིད་ཆད་སྐྱོ་བོ་ཞིག་གིས་ཤུགས་རིང་བྱིན།།
ཡལ་ག་ལྡེམ་པའི་ལྗང་གཞོན་ཙག་གིས་བཅུན།།
འཇག་མའི་སྐྱོ་གཞས་ངེས་མེད་རླུང་གིས་སྤུར།།
དྭངས་གཙང་ཆུ་མོ་དར་གྱི་སྦུབས་སུ་རྒྱུ།།
ཡིད་འགྱུ་བན་བུན་ཞིག་གིས་སེམས་ཁ་གཏར།།
འཁྱར་འཁྱོར་གོམ་འགྲོས་ལྕི་བའི་ལམ་བུ་དེ།།
ཁེར་རྐྱང་དངན་པ་མང་བའི་ལོ་ཟླ་རེད།།
སུན་སྣང་ཁོང་ནས་ལྡང་བའི་ལོ་ཟླ་རེད།།
མི་མཐོང་རྒྱང་གི་ཕ་ཡུལ་ལྷག་ཏུ་དྲན།།
དུས་ཀྱི་གོམ་ཁ་ཆུ་མོའི་འགྲོས་ལ་བཞུར།།
ལང་ཚོའི་མེ་ཏོག་དགུན་འཁྱག་སོ་ལ་ལྷུང་།།
འཕྲེང་སེམས་མང་བའི་ཚོར་འདུ་ལྕི་མོ་འགས།།
ས་མཐའི་འཚོ་བ་འདི་ལ་ཉམ་ང་དྲངས།།
ནམ་མཁའི་མཐོངས་སུ་ཁ་བའི་འདབ་ལོ་འཕུར།།
ས་གཞིའི་ངོས་སུ་གྲང་ལྷགས་རྒོད་པོ་ལྡང་།།
ལེ་ལོའི་རུམ་ནས་བས་མཐའི་འཚོ་བ་བསྐྱལ།།
ཡིད་ཆད་སྐྱོ་བོ་ཞིག་གིས་ཤུགས་རིང་བྱིན།།
ཡལ་ག་ལྡེམ་པའི་ལྗང་གཞོན་ཙག་གིས་བཅུན།།
འཇག་མའི་སྐྱོ་གཞས་ངེས་མེད་རླུང་གིས་སྤུར།།
དྭངས་གཙང་ཆུ་མོ་དར་གྱི་སྦུབས་སུ་རྒྱུ།།
ཡིད་འགྱུ་བན་བུན་ཞིག་གིས་སེམས་ཁ་གཏར།།
ཕོ་གཞོན་ལང་ཚོ་དར་བའི་གནས་སྐབས་སུ།།
བཅོས་མིན་ལ་ཞེན་བཅངས་པའི་ཧོལ་རྒྱུགས་ཀྱིས།།
བྱ་བྲལ་མིན་ཡང་ལོངས་སྤྱོད་རྩྭ་ལྟར་དོར།།
ཆོས་པ་མིན་ཡང་ཕ་ཡུལ་རྒྱང་དུ་སྐྱུར།།
དུས་ཀྱི་བགྲང་བྱ་མི་སྡོད་ངང་གིས་འདས།།
ཕ་ཡུལ་ཕ་མ་དྲན་པའི་སེམས་ཚོར་དེ།།
ཤུགས་དྲག་ཆེ་བའི་རྒྱ་མཚོའི་རྦ་རླབས་ལྟར།།
དུས་ནས་དུས་སུ་འཕྱོ་ཞིང་དྲག་ཏུ་གཡོ།།
དམིགས་གཏད་ན་བུན་འཐིབས་པའི་རི་རྩེ་རུ།།
འདབ་བྱ་ཁྲུང་ཁྲུང་ཅི་འགར་རོལ་བ་ལས།།
བྱ་བྱིའུ་གནས་འདིར་འཚོ་བ་དཀའ་ཕྱིར་ཡང་།།
ལྡོག་མེད་ཤུགས་ཀྱིས་འཚང་བའི་གཤིས་འདིར་ལྟོས།།
ཧི་མ་ཡ་ལའི་རི་བརྒྱུད་ཇེ་མཐོར་སོང་།།
ཡར་ཀླུང་གཙང་པོའི་ཤུགས་སྒྲ་ཇེ་ཆུང་སོང་།།
ད་ནི་མཐའ་དང་མཚམས་ནི་མངོན་མིན་པས།།
མི་ཡུལ་འགྲིམས་པ་དོན་ལྡན་ཡིན་པར་སྨོན།།
དོན་ལྡན་ཡིན་མིན་རང་གི་འཇོན་ཐང་ཐུག།
འབྱོན་ཀྱི་རྩ་བ་དཀའ་ལས་རྒྱག་མིན་ཐུག།
དཀའ་ལས་མེད་པ་བདེ་སྐྱིད་སྒུག་བསྡད་ན།།
ལག་ཏུ་ཡོང་བ་སུ་ཡིས་ཀྱང་བཤད་ཚོད་དཀའ།།
སྒེར་གྱི་བདེ་སྡུག་སྤྱི་པའི་ལས་དང་འབྲེལ།།
སྤྱི་པའི་བདེ་སྡུག་སྒེར་གྱི་ལས་དང་འབྲེལ།།
སྤྱི་སྒེར་འདྲེས་པའི་སྡུག་ཡུད་ཤར་མ་ཞིག
ས་མཐའི་ཡུལ་ནས་ནམ་མཁའི་དབྱིངས་སུ་འབོད།།