སྐར་ཆེན། ནོར་ལྦེ།
ཁྱེད་ཀྱི་འཕྲིན་ཡིག་སླེབས་ནས་ཡུན་རིང་འགོར་ཡང༌། འཕྲིན་ལན་ཞིག་དེ་རིང་བར་དུ་འབྲི་ཐུབ་མ་སོང༌། རྒྱུ་མཚན། ང་ཡང་དེ་རིང་སང་ཉིན་ཅུང་ཙམ་བྲེལ་འཚབ་ཡིན།
ཕྱོགས་གཅིག་ནས་གཞུང་གི་ལས་དོན་དུས་ཐོག་ལ་བསྒྲུབ་དགོས་བ་དང་ཕྱོགས་གཞན་ཞིག་ནས་དེབ་རིགས་འདྲ་མིན་ཀློག་དགོས་ལ་བརྟེན། ཆུ་ཚོད་སྟོང་པ་རེག་རྒྱུ་ཁག་པོ་རེད། འོན་ཀྱང༌། དེ་རིང་གཟའ་ཉི་མ་ཡིན་ཙང༌། ངས་ཆེད་དུ་འཕྲིན་ཡིག་འདི་ཁྱེད་ལ་བྲིས་བ་ཡིན། གང་ལྟར། འཕྲིན་ཡིག་འདིའི་ཟུར་དང་ངོས་ན་ཁྱེད་ལ་ཕན་པའི་ཚིག་རེ་གཉིས་ཡོད་ན་ལེན་རྐྱང་བྱོས།
ཁྱེད་ཀྱི་འཕྲིན་ཡིག་སྔ་མའི་ནང་དུ་ཕ་མ་དྲན་ཚུལ་བྲིས་འདུག ཁྱེད་ལ་དངོས་གནས་ཐུགས་ཁག་ཅི་ཡོད། ས་མཐའ་ནས་དྲིན་ཆེན་ཕ་མ་ལོས་དྲན། རང་གི་སྤུན་མཆེད་ལོས་྄དྲན། རང་གི་ཕ་ཡུལ་ལོས་དྲན། ས་མཐའ་མི་སྐྱིད། མཛོ་འཕོང་མི་བདེ་ཟེབ་ཅི་མ་བདེན། ལྷག་པར་དུ་ཕ་ཡུལ་ཕ་མ་བྲལ་བའི་སློབ་ཕྲུག་ཞིག་ལ་མཚོན་ན༌། རང་ཉིད་ཁེར་རྐྱང་ལ་ལྷག་དུས། རང་གི་སེམས་པ་སྐྱོ་དུས། ཕ་མ་དྲན་པ་ཆོས་ཉིད་རེད། འོན་ཀྱང༌། ཁྱེད་ལ་ཕ་མ་དྲན་རྒྱུ་ཡོད་པ་ཙམ་གྱིས་ཡག་པོ་རེད། སློབ་ཕྲུག་མང་པོ་ཞིག་ཕ་མ་མེད་པའི་དྭྭ་ཕྲུག་དང་ཕྱེད་དྭ་ཕྲུག་རེད། འོ་ན། ཁོང་ཚོས། སེམས་པ་སྐྱོ་བའི་སྐབས་སུ། དཀའ་ངལ་འཕྲད་པའི་སྐབས་སུ། སུ་དྲན་དགོས་སམ༌།
ད་དུང༌། ཁྱེད་ཀྱིས་འདི་འདྲ་ཞིག་བརྗོད་འདུག ཁྱེད་ཀྱིས་སློབ་སྦྱོང་ཡག་པོ་ཅི་ཙམ་བྱས་ན་ཡང་འཛིན་གྲྭའི་ནང་གི་ྭཨང་རིམ་རྩེ་གྲས་ས་སླེབས་ཐུབ་ཀྱི་མི་འདུག་ཟེར། དེས་རྐྱེན་བྱས་ནས་ཁྱེད་ཀྱི་སེམས་ཤུགས་ཅུང་ཙམ་ཆགས་ཡོད་པ་འདྲ། ངས་བསམ་ན་ཁྱེད་རང་ནོར་འདུག ཁྱེད་རང་ནང་བཞིན་དཀའ་ངལ་འདི་ང་ལ་ཡང་སློབ་ཆུང་སྐབས་སུ་གཅིག་མཚུངས་སུ་འཕྲད་མྱོང༌། ཁྱེད་ཀྱིས་བསམ་བློ་ཞིབ་དུ་ཐོངས་དང༌།
ཁྱེད་ཀྱིས་སློབ་སྦྱོང་བྱེད་དགོས་བའི་དམིགས་ཡུལ་ཅི་རེད། འཛིན་གྲྭའི་ནང་གི་ཨང་རིམ་དང་པོ་དེ་འཐོབ་རྒྱུའི་ཆེད་དུ་རེད་དམ། ཡང་ན་སོ་སོའི་མི་ཚེ་དོན་དང་ལྡན་པ་ཞིག་བཟོ་རྒྱུའི་ཆེད་དུ་རེད། སྔ་མའི་ཆེད་དུ་ཡིན་ན་ནི་ཁྱེད་ཀྱིས་ཅི་ཙམ་སྦྱངས་བ་དེ་ཚོ་བེད་མེད་རེད་ལ་ཕྱི་མའི་ཆེད་དུ་ཡིན་ན་ནི་འཛིན་གྲྭའི་ནང་གི་ཨང་རིམ་དང་པོ་དེ་ཆགས་མ་ཐུབ་རུང་སེམས་ཤུགས་ཆགས་དགོས་དོན་ཅི་ཡང་ཡོད་མ་རེད། འབྲི་ཀློག་གི་སྒང་ནས་ཁྱེད་རང་ཨང་རིམ་དང་པོར་མ་སོན་རུང་ཁྱེད་ལ་སྤྱོད་པ་དང་བསམ་བློ་གཏོང་སྟངས་ཡག་པོ་ཡོད་ན་དེ་གས་འགྲིག དེ་རིང་སང་ཉིན་སྤྱོད་ལམ་དང་བསམ་བློ་གཏོང་སྟངས་ཡག་པོ་ཞིག་མེད་ན་སོ་སོས་གང་སྦྱངས་བ་དེ་ཚོ་མ་འོངས་པ་ན་དོན་ཕན་ལྡན་པ་ཞིག་ཡོང་མིན་བརྗོད་ཁག་པོ་རེད་ལ་གཞན་གྱིས་གདེང་འཇོག་དང་བཀུར་བསྟི་ཡང་དེ་ཙམ་ཐོབ་ཁག་པོ་རེད།
གཞན་ཁྱེད་རང་གིས་བརྩོན་པ་བྱས་བ་ནང་བཞིན་ཁྱེད་རང་ཨང་རིམ་རྩེར་སོན་མ་ཆགས་པ་འདི་ལ་ཡང་རྒྱུ་རྐྱེན་མེད་པ་ཅི་ལ་ཡིན། ངས་ཚོད་དཔག་བྱས་བ་ནོར་མེད་ན། ཁྱེད་ལ་སློབ་སྦྱོང་བྱེད་སྟངས་ཀྱི་ཐབས་ལམ་ཡག་པོ་ཞིག་མེད་པའི་རྐྱེན་གྱིས་རེད། དགེ་རྒན་གྱིས་སློབ་ཁྲིད་གནང་བའི་སྐབས་སུ་བློ་རྩེ་གཅིག་སྒྲིམ་བྱེད་པ༌། ནང་ལས་དུས་ཐོག་ལ་བསྒྲུབ་པ། དུས་ཚོད་ཆ་བགོས་ཀྱི་ལམ་ནས་ཀློག་དེབ་རྣམས་སྦྱངས་བ། རང་གིས་གང་སྦྱངས་བ་དེ་ཚོ་ཡང་ནས་བསྐྱར་དུ་དྲན་གསོ་གཏོང་བ། རང་གིས་གང་ཤེས་བ་དེ་ཚོ་སློབ་གྲོགས་ཅུང་སློབ་སྦྱོང་ཞན་པ་རྣམས་ལ་སློབ་པ། སློབ་ཚན་གང་ཞིག་སྦྱོང་ན་ཡང་སློབ་ཚན་དེའི་གལ་དང་གནད་རྣམས་སློབ་ཚན་གཞན་དང་རིགས་བསྒྲེ་བྱས་ཏེ་གཅིག་ཤེས་ཀུན་གྲོལ་གྱི་ཐབས་ལ་འཇུག་པ། རང་གི་སྦྱངས་བྱའི་ཀློག་དེབ་གཙོར་བཟུར་ཉེ་འཁོར་གྱི་བྱ་དངོས་ཐམས་ཅད་ལ་དོ་སྣང་སྤྲོད་ཐབས་བྱས་ན་ཁྱེད་རང་ཏན་ཏན་འཛིན་གྲྭའི་ནང་གི་རྩེ་སོན་ཆགས་ཐུབ་སྙམ། བདག་གི་རྨོངས་འཆར་འདི་དག་བདེན་པ་ཡིན་མིན་ཁྱེད་ཀྱིས་ལག་ལེན་ལ་ཐོངས་དང་གཞི་ནས་རྟོགས་ཐུབ། ད་དུང་བརྗོད་རྒྱུ་ཞིག་ལ་ནམ་རྒྱུན་ནས་བསམ་བློ་གུ་ཡངས་པོ་བྱེད་ཐུབ་ན་རང་གཞན་གཉིས་ཀ་སྐྱིད་པ་ཡོང་གི་རེད།
ད་དུང༌། ཁྱེད་ཀྱིས་འཛིན་གྲྭའི་ནང་དུ་དྲང་བདེན་གྱི་ལས་ཀ་བྱས་ན་ཡང་དེ་ལ་སློབ་གྲོགས་ཁ་ཤས་ཀྱིས་མི་དགའ་བའི་རྣམ་འགྱུར་སྟོན་གྱི་འདུག་ཟེར། འོནཀྱང༌། ཁྱེད་ཀྱིས་དྲང་བདེན་ཅི་ཞིག་བྱས་མིན་ཁ་གསལ་བྲིས་མི་འདུག་རྐྱེན། ཁྱེད་ཀྱིས་བྱས་བའི་དྲང་བདེན་གྱི་ལས་ཀ་ཅི་ཞིག་ཡིན་མིན་ངས་ཤེས་མ་སོང༌། གང་ལྟར། ཁྱེད་ཀྱིས་དངོས་གནས་དྲང་བདེན་གྱི་ལས་ཀ་བྱས་ཡོད་ན་ཧ་ཅང་ཡག་པོ་རེད་ལ་མུ་མཐུད་དུ་་རྒྱུན་འཁྱོངས་བྱེད་དགོས་རྒྱུ་ནི་དེ་བས་ཀྱང་གལ་ཆེ། སློབ་གྲོགས་ཁ་ཤས་མ་དགའ་རུང་དེ་ལ་སྐྱོན་ཅི་ཡོད། གང་ཡིན་ཞེ་ན༌། སློབ་གྲོགས་ཁ་ཤས་མ་དགའ་བའི་ཉེར་ལེན་ལ་བརྟེན་ནས་ཁྱེད་ཀྱིས་བྱས་བའི་དྲང་བདེན་གྱི་ལས་དེ་ཆུང་དུ་འགྲོ་བ་དང་སློབ་གྲོགས་ཁ་ཤས་དགའ་བའི་རྒྱུ་མཚན་ལ་བརྟེན་ནས་ཁྱེད་ཀྱི་དྲང་བདེན་ཆེ་རུ་འགྲོ་བ་མེད་ཙང༌། དེ་ལ་སྐྱོ་དགོས་བ་དང་ཡིད་ཐང་ཆད་དགོས་བ་ཅི་ཡང་མི་འདུག་སྙམ། དཔེར་ན། ཁྱེད་ཚོའི་འཛིན་གྲྭའི་འགྲམ་གྱི་མེ་ཏོག་སྙིང་རྗེ་བོ་དེ་ཚོར་ཆ་བཞག སློབ་གྲོགས་ཁ་ཤས་ཀྱིས་དེ་ཚོ་སྙིང་རྗེ་བོ་འདུག་ལབ་ནས་དྭངས་བླངས་དགོས་ཆུ་གཏོར། ལུད་སྦྱར། སློབ་གྲོགས་ཁ་ཤས་ཀྱིས་སྣང་མེད་དུ་རྡོག་རྫིས་བཏང༌། ཁྱེད་རང་ཡང་མེ་ཏོག་སྙིང་རྗེ་བོ་དེ་ཚོ་ནང་བཞིན་རེད། གཅེས་སྐྱོང་གནང་མཁན་དང་རྡོག་རྫིས་གཏོང་མཁན་གཉིས་ཀ་ཡོང་གི་རེད། ང་ཚོ་གནས་སའི་འགྲོ་བ་མིའི་རིགས་ཀྱི་ཚོགས་སྡེ་ཆེན་པོ་འདི་སྐྱོན་དང་ཡོན་ཏན་ཆ་འདྲེས་སུ་ཡོད་ས་ཞིག་ཡིན་ཙང༌། སྐྱོན་ཀུན་སེལ་དང་ཡོན་ཏན་ཀུན་ལྡན་ཞིག་ཡོང་ཁག་པོ་རེད།
ཅུང་ཙམ་མིན་ན༌། ངས་ཁྱེད་ལ་ལབ་རྒྱུ་གཅིག་བརྗེད་འདུག ཁྱེད་ཀྱིས་འཕྲིན་ཡིག་སྔ་མའི་མཇུག་ཏུ། ད་ལོར་ཁྱེད་རང་གུང་གསེང་ལ་མ་ཡོང་བར་སློབ་གྲྭ་རང་ལ་བསྡད་དེ་སློབ་སྦྱོང་བྱེད་ཀྱི་ཡིན་བརྗོད་འདུག ཁྱེད་ཀྱི་སྐད་ཆ་དེས་ང་ལ་སྨྲ་མི་ཤེས་བའི་ཚོར་བ་ཞིག་སྤྲད་སོང༌། སྐད་ཆ་དེར་བསམ་བློ་གཏོང་གིན་གཏོང་གིན་ང་ལ་དགའ་ཚོར་དམིགས་བསལ་ཞིག་བྱུང༌། ཁྱེད་ཀྱི་སློབ་སྦྱོང་བྱེད་འདོད་ཀྱི་འདུན་པ་དང་སྙིང་སྟོབས། བརྩོན་འགྲུས་བཅས་ལ་བདག་གི་ངོས་ནས་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཡོད། འོན་ཀྱང༌། ངོས་ནས་ཁྱེད་རང་གུང་གསེང་ལ་ཡོང་མིན་ཐད་བསམ་ཚུལ་ཐུང་ཙམ་ཞུ་འདོད་བྱུང༌། དེ་རིང་སང་ཉིན་གྱི་སྤྱི་ཚོགས་འདི་སྔ་མའི་སྤྱི་ཚོགས་དང་འདྲ་གི་མ་རེད། ཕྱོགས་གང་ས་ནས་འགྱུར་བ་ཆེན་པོ་ཞིག་འགྲོ་གིན་ཡོད་པ་མ་ཟད་ཕན་ཚུན་འགྲན་རྩོད་ཆེ་བའི་སྤྱི་ཚོགས་ཤིག་རེད། དེར་བརྟེན། གནའ་སྔ་མོ་ནང་བཞིན་གནས་གཅིག་ལ་བསྡད་ནས་སློབ་སྦྱོང་བྱས་ན་རྗེས་མ་སོ་སོ་སློབ་མཐར་ཕྱིན་ཡོང་དུས་སྤྱི་ཚོགས་ཀྱི་རྗེས་ཟིན་གྱི་མ་རེད། རྒྱུ་མཚན་དེ་ལ་བརྟེན། དེ་རིང་སང་ཉིན་མཐོང་རྒྱ་ཐོས་རྒྱ་ཟེར་བ་འདི་ཧ་ཅང་གལ་ཆེན་པོ་རེད་ལ་མཐོང་རྒྱ་ཐོས་རྒྱ་ཅུང་ཙམ་མེད་ན་ཁྱེད་རང་གི་སློབ་སྦྱོང་དེས་ས་རྒྱ་ཆོད་ཀྱི་མ་རེད། ས་ཆ་འདྲ་མིན་ལ་འགྲུལ་བཞུད་བྱས་ན་སྤྱི་ཚོགས་འདྲ་མིན་དང་རང་བྱུང་ཁོར་ཡུག་འདྲ་མིན་མིག་དང་རྣ་བའི་ལོངས་སྤྱོད་དུ་མྱོང་གི་རེད་ལ་དེ་དག་གིས་ཁྱེད་ཀྱི་མཐོང་རྒྱ་ཐོས་རྒྱ་ཆེ་རུ་བསྐྱེད་ཀྱི་རེད། ད་དུང་སྐད་ཆ་དེ་མཐའ་གཅིག་ཏུ་བདེན་པ་ཡིན་མིན་མི་ཤེས་ཏེ། སྔོན་མ་རྒྱ་ནག་གི་གཏམ་དཔེ་ཞིག་ལ། དཔེ་དེབ་སྟོང་ཕྲག་གཅིག་ཀློག་པ་ལས་ལེ་དབར་སྟོང་ཕྲག་གཅིག་ལ་འགྲོ་བ་དགའ་ཞེས་གསུངས་ཡོད་པ་རེད། དེ་དག་ལ་ཡང་ཁྱོན་རང་ནས་རྒྱུ་མཚན་མེད་པ་ཅི་ལ་ཡིན། ད་ནི་ང་རང་གིས་གང་བསམ་པ་དེ་ཚོ་ཡིག་ཐོག་ལ་ཕབ་ཡོད་ཙང༌། གཙོ་བོ་ཁྱེད་ཀྱིས་བསམ་བློ་ཞིབ་ཏུ་བཏང་ནས་བརྡར་ཤ་ཆོད། དེ་རིང་འདི་རུ་མཚམས་འཇོག རྗེས་ཕྱོགས་དུས་ཐོག་དུ་ཁྱེད་ལ་འཕྲིན་ལན་བསྐུར་ཆོག
ཨ་རོ་སློབ་ཕྲུག་ཚོར་ཁ་བརྡ་བྱེད་རྒྱུ་དེ་ནམ་རྒྱུན་གྲོགས་པོའམ། མི་གཞན་དང་མཉམ་དུ་བསམ་ཚུལ་བརྗེ་རེས་བྱེད་སྟངས་དང་ཁྱོན་ནས་མི་འདྲ་བས། གཟབ་གཟབ་བྱེད་དགོས་ཀྱི་འདུག་དྲན་གི་
འདི་ལྟར་ལྟོས་ཡོང་ན་ཐེངས་འདིར་ཁྱོད་ཀྱིས་འདིར་བཀོད་པའི་ ཁྱོད་ཀྱིས་བླང་བར་བྱ་བའི་བདག་གི་གཏམ་ ཞེས་པའི་ཁ་བརྡ་འདི་ཐེངས་དང་པོ་མིན་པ་འདྲ་ལ། ཁྱོད་ཀྱིས་འདི་ལྟར་སློབ་ཕྲུག་ཅིག་ལ་ཁ་བརྡ་ཐེངས་མང་པོར་བྱས་ཡོད་པ་དང་ད་དུང་མ་འོངས་པར་ཡང་འདི་ལྟར་བྱ་རྒྱུ་ཡིན་ཚེ། སློབ་ཕྲུག་དེའི་རིག་པའི་མགོ་བོ་བཏུམ་ནས་སྒྱེ་ནང་དུ་འཇུག་ཉེན་མི་འདུག་ཨང༌།
འདིར་ཁྱོད་ཀྱིས་སློབ་སྦྱོང་ཅི་ཙམ་ཡག་པོ་བྱས་ཀྱང་འཛིན་གྲས་ནང་གི་རྩེ་གྲས་སུ་མ་སླེབས་པར་སེམས་ཤུགས་ཆགས་སོང་སྙམ་པ་དེ་ནོར་འདུག་་ ཅེས་སློབ་ཕྲུག་དེའི་འགྲན་སློང་གི་འདུ་ཤེས་ལ་དགག་བཞག་ཚད་མེད་བྱས་འདུག ཁྱོད་ཀྱིས་མི་བུ་ཞིག་གི་འགྲན་སློང་གི་སྐེ་བཅད་པ་ནི་ཉེས་པ་འཚབ་ཆེན་མ་རེད་དམ། འཛིན་གྲྭའི་ནང་གི་སློབ་ཕྲུག་ཅིག་ལ་མཚོན་ན་འཛིན་གྲའི་ནང་གི་ཨང་རིམ་རྩེ་གྲས་ནི་ཁོའི་འཚོལ་སྙེག་གི་རིམ་པ་མཐོ་ཤོས་རེད་ལ། དེ་ལྟ་བུའི་འགྲན་སློང་གི་སྙིང་སྟོབས་དེ་ནི་ཁོའི་མི་ཚེའི་རྒྱལ་ཁའི་གོ་ཆ་རེད་མོད། ཁྱོད་ཀྱི་རྣམ་རྟོག་འདི་འང་ཕལ་ཆེར་ང་ཚོའི་མི་རིགས་འདི་དོགས་སློང་དང་འགྲན་སློང་གི་སྙིང་སྟོབས་ལ་མི་དགའ་བའི་ནད་རོ་ཡིན་རྒྱུ་རེད། ཧ་ཧ་ཧ་
ག་རེ། གཡུ་དྲུག་དཀར་ལགས། བོད་ལ་འགྲན་རྩོད་ཀྱིས་དབུལ་སོང་ངམ། དེ་ཁྱོད་ཀྱིས་ག་རེ་ཤོད་ཀྱིན་ཡོད། བོད་པས་འཐབ་རྩོད་བྱས་ནས་ཕུང་སོང་བ་མིན་ནམ། དཔོན་རིགས་ཚོས་གོ་ས་བརྩད། བླ་མ་ཚོས་ཆོས་རྒྱུད་བརྩད། མང་ཚོགས་ཚོས་རྩྭ་ས་བརྩད་ནས་ནང་ཁུལ་ལ་མི་ཤི་རྟ་འགྱེལ་གྱི་གནད་དོན་བསླངས་བ་ག་ཚོད་མང་པོ་རེད། འདས་པའི་ལོ་རྒྱུས་ཀྱི་ནང་དུ་ཡང་འཐབ་ཅིང་བརྩད་ནས་ང་ཚོ་ད་ལྟའི་གནས་སྟངས་ལ་བསྐྱལ་བ་མ་རེད་དམ། ང་ཚོས་ནང་ཁུལ་འགྲན་རྩོད་མང་དྲགས་ན་ཡང་ཉུང་མེད་པ་ཞིག་བྱས་དང་བྱེད་བཞིན་པ་མ་རེད་དམ།