དབུས་ཕྲུག་ཚེ་རིང༌།
ང་ཚོར་ལོ་ངོ་ཁྲི་སྟོང་མང་ པོའི་ལོ་རྒྱུས་ལྡན་ཡོད་ལ། ང་ཚོའི་མེས་པོ་ཚོས་འཛམ་གླིང་ནང་ཆབ་དཔལ་རིག་གསུམ་གྱི་རྩེ་མོར་བསྙེགས་ཏེ་རྒྱ་ དཀར་ནག་སོགས་རྒྱལ་ཁབ་མང་པོའི་གཉའ་བར་ཡང་ལན་མང་འཛེགས་མྱོང་ཡོད། འོན་ཀྱང་འབྱོར་བའི་མཐའ་མ་རྒུད་དུ་འགྱུར་ཞེས་པའི་རྟེན་འབྲེལ་གྱི་ཆོས་ཉིད་ འདིས། ད་ཆ་ང་ཚོ་རྒུད་པའི་མཐའ་མར་ལྷུང་སྟེ་མི་ལོ་ལྔ་བཅུར་ཁ་ཕྱོགས་ལ་ཉེ་བའི་སྐྱབས་ བཅོལ་བའི་ཁྱུ་ཚོགས་ཤིག་དང༌། མི་ཡུལ་ན་ཞི་བདེ་དང་དྲང་བདེན་གྱི་སློང་མོར་གྱུར་པའི་རླབས་ཆེན་གྱི་མི་རིགས་ ཤིག་ཡིན། ངས་ཀྱང་རང་ཉིད་བསམ་ཤེས་པ་ནས་བཟུང་བོར་མ་མྱོང་བ་ནི་སུ་ལ་ཡང་དབང་བའི་རང་དབང་ གི་ཁྱད་ནོར་ཞིག་དང༌། ལྗང་མདོག་གི་རྨི་ལམ་ལྷིང་པོ་ཞིག་གི་ཁྲོད་དྲོ་སྐྱིད་ཀྱི་ཁྱིམ་གཞི་དྲོན་མོ་ ཞིག་རྨི་བཞིན་ཡོད། འོན་ཀྱང༌། སྲིད་དབང་གཅིག་བསྡུས་རིང་ལུགས་དང༌། རང་དབང་དང་ཚེ་སྲོག་གི་གཤེད་མ་རྒྱ་ནག་དམར་པོའི་གཞུང་གིས་ལྐོག་གཡོ་ངན་ཇུས་ ཀྱི་བསམ་སྦྱོར་རེ་རེས། རང་ཅག་ཁ་བ་རི་པ་རྣམས་ཀྱི་སྙིང་ལ་བརྣགས་ཤིང༌། ལྷས་མེད་དྲི་ཡིས་དག་པའི་བོད་གངས་ལྗོངས་ཀྱི་སྣོད་བཅུད་གཉིས་ཀར་ཤོག་བུ་སྣུམ་ བཟོས་ཀྱི་དཔེ་བཞིན་ལོ་དང་ཟླ་བ། ཉིན་རེ་དང་ཚུ་ཚོད་རེ་རེར། ཆེས་གདུག་རྩུབ་ཆེ་བའི་དམར་པོའི་གྲིབ་གཟུགས་མཐུག་པོས་ཡོངས་སུ་བཏུམས་ཏེ་མོག་ མོག་པོར་གྱུར།
དུས་རབས་ཉི་ཤུ་པའི་དུས་འགོ་ ནས་བཟུང་འཛམ་གླིང་གི་ཡུལ་གྲུ་གང་སར་གྲང་འཁྱགས་དང་མནར་གཅོད་ཀྱི་དགུན་གཞུང་ ལས་བརྒལ་ཏེ་རང་དབང་དང་དཔལ་ཡོན་ལྡན་པའི་དྲོ་སོབ་སོབ་ཀྱི་དཔྱིད་དུས་ཀྱི་ལང་ ཚོ་བཞད་སྐབས། ང་ཚོ་སྟེ། འཛམ་གླིང་གི་ཡང་རྩེ་རི་བོ་ཧི་མ་ལ་ཡའི་འཇོ་སྒེག་གི་དགའ་མ། ཅིས་ཀྱང་བྱས་བསགས་རྒྱུ་ཚོགས་ཀྱི་འབྲས་བུ་བཟློག་ཏུ་མེད་ཅིང༌། སྐྱབས་མེད་མགོན་མེད་དུ་གྱུར་པའི་དུས་ཚོད་གཉན་འཕྲང་ཅན་དེར་མི་ཡུལ་གྱི་ལྷ་ སྲས་གཞོན་ནུ་ཞིག་གི་ཕྲག་སྟེང་སྲ་མོར། ཐེག་པར་དཀའ་བའི་ན་ཟུག་གི་ཁུར་པོ་ཡོད་དགུ་ཕྱོགས་གཅིག་ཏུ་སྤུངས། གང་ཉིད་སྙིང་སྟོབས་དང་ལྷག་བསམ་གྱི་གོ་ཆ་ཇི་ལྟར་བཙན་རུང་ཐུར་བབ་ཀྱི་ཆུ་བོ་ གྱེན་བཟློག་མ་ནུས་གཤིས། སྤྱི་ལོ་༡༩༥༩ ཟླ་བ་༣ པའི་ཚེས་༡༠ ལ་བཙན་འཛུལ་བའི་འདོད་རྔམ་དང་ཐལ་ཆར་གྱུར་པའི་གདུག་རྩུབ་ཀྱི་སྤྱོད་ཚུལ་དེར་ ཆོལ་གསུམ་བོད་མི་ཡོངས་ཀྱིས་ཞི་རྒོལ་གྱི་ཡར་ལངས་ཤུགས་ཆེར་བྱས་ཏེ། ནམ་ཡང་ཟུབ་ཏུ་མེད་པའི་རང་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་ཁྲག་དང་མིག་ཆུ་ཡིས་ ལོ་རྒྱུས་རང་བཞིན་གྱི་རྡོ་རིང་གསོན་པོ་འགྱིང་ངེར་བཞེངས་ཡོད།
ཉིན་དེ་ནས་བཟུང་བོད་གངས་ཅན་ གྱི་མི་བུ་ཁྲི་སྟོང་མང་པོས་སྔར་བརྒྱུད་མ་མྱོང་བའི་ཡུལ་གྱར་བའི་ཟིན་ཐོ་འབྲི་ ཡིན། ཡབ་མེས་བཙན་པོའི་དུས་ཀྱི་བརྗིད་ཉམས་དང་ད་ལྟ་ཉམས་རྒུད་ཀྱི་མཐའ་རུ་ལྷུང་བའི་ ཕ་ས། ཡིད་གདུང་དང་དྲན་འཆར་གྱི་ཁུར་བུ་ལྕི་མོ་རྒྱབ་ཏུ་བཅངས་ནས་མི་ཡུལ་གྱི་ས་རོང་ རྩུབ་མོ། ཆུ་སེར་དང་རྣག་ཁྲག་གིས་སྦགས་པའི་ཞབས་ཟུང་གི་རྡོག་པ་རེ་རེས་སྣོན་དུས། དེ་ནི་བཟོད་པར་དཀའ་བའི་ཇི་འདྲའི་སྐྱོ་གདུང་དང་མནར་གཅོད་ཅིག་རེད་ཨང༌། མུ་གེའི་གང་ལ་ཟླ་ལྷག་གི་དཔེ་བཞིན། འགྲོགས་འདྲིས་ཅི་ཡང་མེད་པའི་གཞན་གྱི་སྐད་ཡིག་དང་ཡུལ་སྲོལ། རབ་ཏུ་ཚ་བའི་ནམ་ཟླ་དང་སྲིན་འབུའི་རིགས། བཀྲེས་ལྟོགས་ཀྱིས་མནར་བའི་འཚོ་གནས། ད་དུང་གཞན་་་་་་༌། འདི་དག་རེ་རེ་ཡི་ངལ་དུབ་ཡོད་ཚད་ལ་ཧུར་བརྩོན་དང་སྙིང་སྟོབས་ཀྱིས་མདུན་བསུ་ རེ་རེ་བྱས་ཏེ་དེ་རིང་གི་ལོ་རྒྱུས་གསར་པ་འདི་ལྟར་བསྐྲུན་འགོ་བརྩམས། རེ་སྒུག་དང་འབད་འབུངས། ལ་ཞེན་དང་འཐབ་རྩོད་ཀྱི་ལོ་ཟླ་འདི་དག་ནང་རང་གི་བུ་རབས་ཚ་བརྒྱུད་རྣམས་ལ་འཆི་ ཁའི་ཁ་ཆེམས་དང་གདམ་ངག་རེ་རེ་འཇོག་གིན། མིག་ཟུང་དལ་གྱིས་ཟུམ་པའི་རྒྱལ་གཅེས་པ་ཇི་འདྲའི་མང་པོ་ཞིག་དཀའ་སྡུག་དང་དྲན་ གདུང༌། སྐྱོ་སེམས་ཀྱིས་མནར་ཏེ་ང་ཚོ་དང་གཏན་དུ་གྱེས་བྲལ་ཞུས་ཡོད་དམ།
དཔལ་ཡོན་གྱི་དུས་རབས་སུ་ རློམ་པའི་བརྒྱ་ཕྲག་ཉེར་གཅིག་གི་འགོ་མ། རྡུལ་ཕྲན་དང་དཔལ་འབྱོར་གྱི་བྲན་ཁོལ་དུ་གྱུར་པའི་མི་བུ། ཉི་མ་ནག་པོ་མགོ་ཐོག་ཏུ་ལྷུང་ནས་མི་ལོ་ལྔ་བཅུར་ཉེ་བའི་དེ་རིང་གི་ཀྱོག་མཚམས་ སུ། སླར་ཡང༌། བརྙས་སྨོད་དང་ཟུག་གཟེར་གྱི་རྨ་ཁ་ཟབ་མོས། ཞེན་ཆགས་དང་ཡིད་དུང་གི་དྲན་སེམས་བོར་ཡུལ་རྒྱང་རིང་གི་ཕ་ས་ནས། ཆོལ་ཁ་དང་ཆོས་ལུགས། སྐྱ་སེར་དང་རྒན་གཞོན་མེད་པར་མ་གྲོས་བསམ་པ་གཅིག་མཐུན་ངང༌། རང་ཉིད་ཀྱིས་གཅེས་པའི་ཚེ་སྲོག་དང་རྒྱུ་ནོར་ཡོད་ཚད་ནས་ཡོད་ཚད་ལ་ཅི་ཡང་ཇི་མི་ སྙམ་པར། ཕ་མེས་ཡང་མེས་ཀྱིས་སྐྱེས་སུ་གནང་བའི་ཡ་རབས་ཀྱི་ལུགས་སྲོལ་དང་བླ་མེད་ཀྱི་ རིག་གཞུང༌། རང་དབང་དང་ཞི་བདེ་ཡི་སླད་དུ་ཡངས་པའི་འཛམ་གླིང་གི་གཙུག་རྒྱན། རི་བོ་ཧི་མ་ལ་ཡའི་དབུ་རྩེ་ནས། བདེན་པའི་ངག་དང་ལྷན་སྐྱེས་ཀྱི་སྦར་མོ་གོ་མཚོན་དུ་བཅངས་ཏེ། ཞི་རྒོལ་གྱི་འབོད་ཚིག་གསང་མཐོར་སྒྲོག་གིན་ཞི་བདེ་ཡི་གླུ་སྒྲ་ལྷང་ལྷང་དུ་ཆས་ བྱུང༌། འཛམ་གླིང་ཡང་ཐོག་གི་དཔའ་རྒོད་ཚོ།
འོན་ཀྱང་སྐབས་དེར། ངས་རང་ཉིད་ཀྱི་རྣ་བར་ཆ་མི་འཇོག་ཅིང༌། རང་ཉིད་ཀྱི་མིག་ཟུང་ལའང་ཡིད་མ་ཆེས་པའི་བསམ་ཡུལ་ལས་འདས་པའི་སྐྱོ་གནས་ནི། རང་གི་རྣ་བས་ཐོས་ཤིང་མིག་འོག་ཏུ་གྱུར་པའི་མེ་མདའི་སྐད་སྒྲ་དང༌། གསར་འགྱུར་བསྒྲགས་གཏམ། ཁྲག་དམར་གྱིས་ཚོས་པའི་རྒྱལ་གཅེས་ཀྱི་དཔའ་བོ་དང་དཔའ་མོ་རྣམས་ཀྱི་བེམ་རོ་རེད། འདི་དག་ནི་རྨི་ལམ་ལས་འདས་ཤིང་ཚད་ལས་བརྒལ་བའི་དོན་རྐྱེན་ཏེ་ངན་པ་རྒྱ་ཡན་དུ་ ཤོར་བ་རྒྱ་ནག་དམར་པོའི་གཞུང་གི་དངོས་ཡོད་ཀྱི་གདོང་རིས་དང༌། དམར་གསོད་དང་བཙོན་འཇུག །དམ་དྲག་གི་ཉིན་མོ་སྟེ། དུས་རབས་གོང་མའི་ཧྲན་ཝུན་རིང་ལུགས་དང༌། ན་ཛིའི་དུས་སྐབས་ལ་ཕྱིར་དྲན་མི་བྱ་ཐབས་མེད་དུ་གྱུར། དེ་དག་ལས་ཀྱང་ཚབས་ཆེར་གྱུར་པའི་སྐྱོ་གནས་འདི་དག་ལ་གཞིག་ན་རྒྱ་ནག་དམར་གཞུང་ གིས་རྒྱུན་དུ་སྒྲོག་བཞིན་པའི་དམངས་གཙོ་དང་རང་དབང༌། ཞི་བདེ་དང་མཐུན་ལམ་ཟེར་བ་ལྟ་ཅི། ཁོ་པ་ཚོས་དུས་རབས་གསར་པ་ཞེས་པའི་ཐ་སྙད་ཙམ་ཡང་གླེང་མི་འོས་པ་ཞིག་ཡིན། གཟི་བརྗིད་ལྡན་པའི་ཡིག་འབྲུ་འདི་དག་ནི་ད་དུང་ཡང་རྒྱ་ནག་དམར་གཞུང་དང་རྒྱང་ ཐག་ཧ་ཅང་གི་རིང་པོར་གྱེས་ཡོད།
ང་ཚོས་ལོ་ངོ་ལྔ་བཅུ་མ་ཟིན་ ཙམ་གཙོ་ཆེར་ཆབ་སྲིད་དང་ཤེས་ཡོན་ཐོག་འཐབ་རྩོད་ཀྱི་མདུང་རྩེ་སྤྲད་དེ་གཡུལ་ འཐབ་བྱས་ཡོད་པ་ལྟར་འགྲུབ་འབྲས་ཀྱང་མི་དམན་པ་བྱུང་བར་སེམས། ལས་འགུལ་དེ་དག་ཁྲོད་ང་ཚོའི་ཐབས་ཇུས་དང་ཆོད་སེམས་ཀྱིས་མི་ལྡང་བས་ཕམ་ཁ་ཡང་ལན་ མང་ཁུར་མྱོངས། ད་དུང་ང་ཚོ་འཚོ་གནས་ཐུབ་པའི་གདེང་སྤོབས་ནི། འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་ནས་བཟུང་བོད་ཕྱི་ནང་གཉིས་ཀྱི་སྤུན་ཟླ་ ཡོངས་ཀྱིས་ལ་ཞེན་དང༌། དམ་བཅའ། བློ་རྩ་གཏན་པོས་རྒྱལ་སྐྱོབ་བཙན་རྒོལ་གྱི་མི་སེམས་འགུལ་བའི་འཐབ་རྩོད་ཀྱི་ སྙིང་སྟོབས་དེས་མཚོན་ཡོད། ང་ཚོས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ལ་ཁྲག་དྲོན་གྱི་སྙན་ཞུ་བྲིས་ཏེ་ངུ་ འབོད་ཀྱིས་རེ་སྐུལ་ཞུས་ཡོད་ལ། ང་ཚོས་འདོད་ཡོན་ལོངས་སྤྱོད་ཀྱི་མཆོད་སྤྲིན་བཏེག་སྟེ་ཚོགས་མཆོད་དང་དགྱེས་ སྐོང་གི་ལྷ་མཆོད་ཀླུ་མཆོད་ཀྱང་གྱ་ནོམ་པ་ཕུལ་ཡོད། འོན་ཀྱང༌། བདག་ནི་བདག་གི་མགོན་ཡིན་གྱི། །གཞན་ནི་སུ་ཞིག་མགོན་དུ་འགྱུར། །ཞེས་པའི་གཏན་ཚིགས་ཟབ་མོ་ཞིག་གི་གྲུབ་དོན་ལས། ད་དུང་ང་ཚོའི་མདུན་ངོས་ཀྱི་སྐྱོ་གནས་དེ་མུར་ལུས་ཡོད་སྟབས། ང་ཚོས་སླར་ཡང་བསམ་གཞིག་བསྐྱར་མ་ཞིག་མི་བྱ་ཐབས་མེད་དུ་གྱུར། ང་ཚོ་གང་མང་ཡུལ་སྐོར་བའི་ཟོལ་གྱིས་བོད་དུ་བསྐྱོད་དགོས་ལ། ང་ཚོ་གང་མང་ཚོང་པའི་ཟོལ་གྱིས་བོད་དུ་འདུག་དགོས། དེ་མིན་ང་ཚོས་དེང་རབས་ཤེས་ཡོན་དང་འབྲེལ་བའི་ལས་གནས་ཞུ་དགོས། དེ་ནི་ང་ཚོའི་རྩ་འཛུགས་དར་སྤེལ་དང་ཁྱོན་ཡོངས་ཀྱི་སློབ་གསོ་གོང་འཕེལ། གཞི་རིམ་མི་དམངས་གཙོ་བོར་གྱུར་པའི་ལས་འགུལ་ཁ་ཕྱོགས་དང་ནུས་ཤུགས་ཡར་རྒྱས་ ཀྱི་ཆེད་དུ་ཡིན། ང་ཚོས་རྒྱ་ནག་གཞུང་དང་འབྲེལ་བ་རྒྱུན་མཐུད་བྱེད་དགོས་ལ། དེ་ལས་ལྷག་པ་ཞིག་བོད་ནང་གི་ཤེས་ཡོན་ཅན་དང་ཚོང་པ། མི་སྣ་གྲགས་ཅན་དང་མཐོ་རིམ་མི་སྣ། གཞི་རིམ་མི་དམངས་སུ་ལའང་འབྲེལ་མཐུད་གོང་འཕེལ་དང་སློབ་གསོ་བརྒྱུད་སྤེལ་བྱེད་ དགོས། ད་དུང་ང་ཚོ་གཞན་ཡུལ་ན་དུས་ཡུན་ཇི་ཙམ་རིང་འཚོ་གནས་དགོས་མིན་དང་རང་ཉིད་ཀྱི་ ལས་དབང་བཅོས་བསྒྱུར་གཏོང་རྒྱུ་དེ་ང་ཚོ་རང་ཉིད་ཀྱི་ལག་སྟེང་དུ་ཡོད་པ་ལས་གཞན་ སུ་ཞིག་ལའང་རག་ལུས་མེད། འདས་སོང་གི་ལོ་རྒྱུས་ལས་བསླབ་བྱ་ལེན་གྱིན་རིག་པ་དྭངས་གསལ་གྱིས་ཐབས་ཇུས་མ་ ནོར་བ་དང༌། ལྟ་བ་དང་ལངས་ཕྱོགས་གཅིག་གྱུར་གྱིས་མདུན་བསྐྱོད་བྱེད་དགོས། ད་ལྟ་ང་ཚོར་ལྟ་བ་འདྲ་མིན་དང་ལངས་ཕྱོགས་མང་པོས་ཕན་མི་ཐོགས་ཏེ་དེ་ནི་ཆིག་ སྒྲིལ་གྱི་ནུས་ཤུགས་དང་དཔལ་འབྱོར་གྱི་འགྲོ་གྲོན་འཐོར་ཞིག་འགྲོ་བའི་འགོག་ རྐྱེན་ཉག་ཅིག་ཡིན། ནམ་ཞིག་གཞིས་བྱེས་མཉམ་འཛོམས་ཀྱི་དུས་ལྟ་གྲུབ་མི་འདྲ་བ་དང་ཚོགས་པ་འདྲ་མིན་ དགོས་ངེས་ཏེ་གལ་ཏེ་དེ་ལྟར་མེད་ཕྱིན། ཆབ་སྲིད་དབང་ཆ་གཅིག་བསྡུས་རིང་ལུགས་དང་རུལ་བསུང་གི་གཞུང་ཞིག་ཏུ་འགྱུར་ཉེན་ ཆེ་བས་ཡིན།
གཞན་སུས་ཀྱང་སྐྱབས་ཐབས་བྲལ་ ཞིང་གངས་ལྗོངས་ཆོས་ལྡན་གྱི་ཞིང་ས་འདི་ཉིད་བཙོན་རར་གྱུར་པ་དང༌། ཇི་སྲིད་རང་གི་རྒྱལ་ཁབ་རང་ཉིད་ལ་མི་དབང་བ་དེ་སྲིད་དུ་ངུ་འབོད་དང་ཁྲག་དམར་ གྱི་བཞུར་རྒྱུན་འཇགས་མི་སྲིད་ལ། མུན་ནག་དང་སྐྱོ་གདུང་གི་ཉི་མ་འདི་དག་སེམས་ཚེ། ད་གཟོད་རང་ཉིད་ནུས་མེད་ཅིག་ཡིན་པ་གཞི་ནས་ཚོར་འོང༌། འོན་ཀྱང་ང་ཚོས་རང་ཉིད་ལ་ཡིད་ཆེས་ངེས་པར་དགོས་ཏེ། དེ་ནི། འབྱུང་འགྱུར་འོད་སྣང་ལྡན་པའི་འུ་ཅག་གི་མདུན་ལམ་དེའི་ཆེད་ཡིན། ང་ཚོར་གོ་སྐབས་ཤིག་རེག་སྲིད་ལ། ང་ཚོའི་ཉི་མ་གཏན་མེད་དུ་ནུབ་མེད། དེ་ནི་ང་ཚོར་སུས་ཀྱང་འགྲན་དུ་མེད་པའི་དབུ་ཁྲིད་ཅིག་ཡོད་པས་ཡིན། སེམས་དཔའ་ཞིག་གི་ཞབས་ཟུང་གི་འགྲུལ་བཞུད་རེ་རེ་ང་ཚོའི་རྒྱལ་ཁ་ཡིན་ལ། སེམས་དཔའ་ཞིག་གིས་ཞི་བདེར་བསྐུལ་བའི་འོད་སྣང་གི་དྲོ་སྐྱིད་རེ་རེ་ང་ཚོའི་ སྤོབས་པ་ཡིན། དེས་ན་ང་ཚོའི་ཕྲག་པར་བབ་པའི་འོས་འགན་ནི་ཆབ་སྲིད་ཀྱི་གོ་རྟོགས་དང་དཔལ་འབྱོར་ གྱི་ནུས་ཤུགས་གོང་འཕེལ། མི་རིགས་ཤིག་གི་ངོ་བོ་མཚོན་བྱེད་སྐད་ཡིག་འདི་ཉིད་དུས་ནམ་ཡང་རླུང་བུར་ བསྐྱུར་མི་ཉན་ལ། དེ་བས་ཀྱང་འཕྱ་སྨོད་བྱེད་མི་རིག །ང་ཚོས་རང་གི་རིག་གཞུང་དང་ཕ་སྐད། བཟང་སྤྱོད་ཀྱི་ཡུལ་གོམས་རྣམས་གོམ་པ་རེ་རེ་བཞིན། རང་རང་སོ་སོའི་ཁྱིམ་ཚང་དང་ང་ཚོའི་ལས་ཁུངས་ཁག་གི་སྒོ་ཐེམ་རེ་རེ་འགྲིམ་གྱིན་ ཡུལ་གྱར་བ་ཡོངས་ཀྱི་ཁྲག་རྩའི་ནང་དྲག་ཏུ་བཞུར་དགོས། དེ་ལྟར་བྱུང་ཕྱིན་ད་གཟོད་རང་ཉིད་བོད་པ་རྣལ་མ་ཞིག་ཡིན་པའི་ངེས་ཤེས་སྐྱེ་འོང་ ལ། རང་ཉིད་མི་རིགས་ཤིག་ཀྱི་འཐབ་རྩོད་པ་ངོ་མ་ཞིག་ཏུ་འགྱུར་ངེས་ཡིན། གལ་ཏེ་ང་ཚོའི་དགའ་ཕྱོགས་དང་ལྕེ་རྩེ་ནས་ལུད་འོང་བ་དེ་དབྱིན་སྐད་དང༌། ཧིན་སྐད། དེ་མིན་གྱི་སྐད་ཡིག་གཞན་ཞིག་ཡིན་སོང་ན། དེ་དུས་འཛམ་གླིང་འདིར་ང་ཚོའི་གཅེས་པར་འོས་པའི་སྐྱེད་མ། བོད་དང་བོད་མི་རིགས་ཞེས་པའི་ཐ་སྙད་འདི་ལོ་རྒྱུས་ཀྱི་དེབ་ཐེར་ལས་གཞན་དུ་ རྙེད་དཀའ་བར་འགྱུར་ངེས། དེས་ན་ང་ཚོས་གཟབ་དགོས་པ་དང་སེམས་དགོས་པ་ནི་རང་ཉིད་ལ་འཁྲི་བའི་འོས་འགན་ཉག་ ཅིག་ཡིན། ཆེ་རུ་རྒྱས་ཤོག །གངས་ལྗོངས་མཐོ་སྒང་གི་མ་ཡུམ།།
ས་ཆ་སྟོང་པ་འཇོག་པ་ལས་ངས་དབུས་ཕྲུག་ལགས་ལ་མཆན་བུ་ཞིག་འདེབས། ཁྱེད་ཀྱི་རྩོམ་ཡིག་འདིར་སྣང་ཚུལ་ལས་“གནས་ཚུལ་”ཅི་ཡང་ཁ་གསལ་མེད་པས། བྲོ་བའང་དེ་ཙམ་མི་འདུག དེ་ལས་ལྷ་སའི་ས་གནས་གང་ཞིག་ཏུ་ཟླ་ཚེས་ནམ་ཞིག་ལ་“གནས་ཚུལ”འདི་འདྲ་དང་གན་འདྲ་ཞིག་བྱུང་སོང་ཟེར་ན། རང་གཞན་ཀུན་ལ་ཕན་གི་རེད། དེ་མིན་ཕ་མ་ཚོས་བུ་ཕྲུག་ལ་གདོན་འདྲེ་སླེབས་སོང༌། གདོན་འདྲ་གཡ་པོ་ཡོད་པ་མ་རེད། མི་མང་པོ་བསད་མྱོད་པ་དང་ད་དུང་གསོད་ཀི་རེད། ཟེར་བ་དང་ཁྱད་ཅི། དེ་བས་ཆབ་སྲིད་རྩོམ་ཡིག་ལ་ངེས་པར་དུ་“གནས་ཚུལ་”ཁ་གསལ་བྱུང་ན་ཧ་ཅང་ལེགས་སྙམ།
དྲ་གྲོགས་འཚེར་མ་ལགས། མདོད་བསྡུས་ན། བོད་མིས་བོད་ཡིག་སྤྱོང་། བོད་སྐད་ཤོད། བོད་ཡིག་བྲིས། བོད་ཀྱི་སྐད་ལ་བསྲེལ་ལྷད་མ་ཞུགས་ཟེར་བ་དེ་རེད། དེ་ནི་དངོས་གལ་ཆེན་ནང་གི་དོན་ཆེན་ཡིན་པ་ཚང་མས་དྲ་ཐོག་འདི་ནས་ཐེངས་མང་བོར་བརྗོད་གཞིར་བཟུང་བ་རེད། ད་ནི་ཚང་མའི་བརྗོད་གཞི་དེ་ཉིད་རང་གི་ཁྱིམ་ཚང་ནས་བཟུང་དེ་མགོ་འཛུགས་ལག་ལེན་བྱེད་པའི་དུས་སུ་སླེབས་ཡོད་པ་ལས། རང་ཉིད་ཀྱིས་བཤད་བཞིན་ཡོད་ཀྱང་རང་གི་ཕྲུ་གུའི་ཨ་ཕ་ཁྱེད་རང་གི་ཕོན་རྣམ་པར་ག་ཚོད་རེད་ཟེར་བ་སོགས་ཚུར་དྲིས་སྐབས་ངས་ཕོལ་རྣམ་པར་བན་རྫེ་རོ་བན་ནན་སྤེས་སྤི་ནན་རེད་སོགས་ཀྱིས་ལན་འདེབས་ཀྱི་མེད་པ་ཡིན་ན་ད་གཟོད་ངེད་ཅག་གིས་ཁ་བཤད་དོན་ལ་གནས་པ་རེད། དེ་མ་གཏོགས་བཙན་བྱོལ་ནང་གི་སྐད་ཆ་བསྲེས་མ་དེ་དང་བོད་ནང་གི་སྐད་བསྲེས་མ་དེ་ཚོ་མི་རབས་རྗེས་མ་དག་གིས་གོ་བརྡ་འཕྲོད་རྒྱུ་ཕར་ཤོག རང་རིགས་རང་ངོ་ཤེས་རྒྱུ་ཡང་དཀའ་ལས་ཁག་པོ་ཆགས་ངེས་རེད། དེའི་སྟབས་ཀྱིས་ཁོ་རང་གི་སེམས་འཁྲལ་བྱས་པ་དེ་བཞིན་དུ་ཚང་མས་ཀྱང་ལག་ལེན་རང་གི་ཁྱིམ་དང་ཉེ་འཁོར་ནས་མགོ་བརྩམས་རོགས་ཞུ།
ཧ་ལོ། ཧའོ་ཨར་ཡོ། ཧ་ཧ་ཧ་། ཀུ་རེ་ཡིན་དཱ། དྲ་གྲོགས་ལྷ་ཀླུ་ལགས། ཤེས་རིག་ལག་རྩལ་སོགས་ལ་རྗེས་ལུས་ཐེབས་སོང་ན། གཞན་སྐད་མི་སྤྱོད་རང་སྤྱོད་རེད། གཙོ་བོ་དེ་ང་ཚོས་རང་སྐད་ལ་ཡོད་པ་དེ་བེད་སྤྱོད་བྱེད་དགོས་པ་རེད། ཀ་པར་དང་ཁ་པར་ཨང་གྲངས་སོགས་བོད་སྐད་ལ་བོད་སྐད་ལ་ཡོད་ཀྱད་མི་སྤྱོད་ཀི་ ངས་སྔོན་ཆད་འདིའི་སྐོར་ལ་ཁ་བརྡ་དྲ་ངོས་སུ་མཆན་བུ་རེ་བཏབས་མྱོང༌། རབ་བྱུང་ན་ང་ཚོ་མཆན་བུ་འེདབཌས་མཁན་དང་རྩོམ་ཡིག་འབྲི་མཁན། རྩོམ་སྒྲིག་པ་དང་གསར་འགྱུར་རྒྱང་སྒྲོག་མཁན་ཚོ་ནས་འགོ་འཛུགས་དགོས་པ་རེད། དེ་ལྟར་བྱས་ན་ག་ལེར་གོམས་ལོབས་སུ་འགྲོ་གི་རེད་སྙམ།
ཚེར་མ་ལགས། སྤྱིར་བཏང་ལོ་རྒྱུས་དང་གསར་འགྱུར་རྩོམ་ཡིག་ཞིག་འབྲི་སྐབས་ཉིད་ཀྱི་གསུངས་པ་ལྟར་ཁོ་ཡང༌། རྩོམ་ཡིག་འདི་དེ་ལྟར་མིན་སྟབས་ཟླ་དུས་ཚེས་གྲངས་ལ་དེ་ཙམ་དགོས་གལ་མེད། འདི་ནི་ལོ་ལྔ་བཅུའི་བརྒྱུད་རིམ་ནང་བོད་ཕྱི་ནང་གི་གནས་ཚུལ་རགས་བསྡུས་བྱས་པའི་རྩོམ་ཡིག་ཞིག་དང༌། འབྱུང་འགྱུར་གྱི་ལམ་སྣེ་འཚོལ་བའི་རྟོགས་གཞིག་ཅིག་ཡིན།
རེད་རེད་འདི་དག་ནི་དོན་དངོས་ཀྱི་གནས་ཚུལ་ལས་བྱུང་བའི་ཚོར་འདུ་ཞིག་དང༌། རང་གི་རེ་བ་དང་སྨོན་སེམས་ཀྱི་སེམས་ཚོར་འགའ་ཡང་ཡོད།
དབུས་ཕྲུག་ཚེ་རིང༌།
ཆབ་དཔལ་རིག་གསུམ—-མིང་གི་བསྡུ་སྟངས་དང་དུས་གསུམ། ད་དུང་དངོས་པོ་བདག་གཞན་གང་གིས་བྱ་བའི་མིང་གྲུབ་མིན་སོགས་ལ་གཟབ་གཟབ་རེ་བྱེད་རྒྱུ་གལ་ཆེ་སྙམ།