བོད། ཤ་ཁྲག་རུས་གསུམ།
རང་ཉིད་བཅོས་མའི་བྲན་དུ་འཚུད་ཉིན་ནས།།
བཅོས་མའི་བྱེད་ལུགས་མ་གཏོགས་མི་བྱེད་པའི།།
བཅོས་མའི་རང་ལ་བལྟས་པའི་སྔ་དགོང་དུ།།
བཅོས་བསྒྱུར་བྱེད་འདོད་ཡོད་ཀྱང་དཀའ་རབས་འདུག།
དྲང་མོ་མ་གསང་ཁོག་པའི་སྙིང་གཏམ་དག།
དཀར་གཙང་ཤོག་ངོས་འབྲི་འདོད་ཆེ་ན་ཡང་།།
མི་ཡུལ་འདི་ན་རྫུ་འབག་ཤུགས་ཆེ་སྟབས།།
རྫུ་འབག་དེ་ལས་འགལ་ན་ཁེར་རྐྱང་ཡིན།།
ཁེར་རྐྱང་གྱུར་ཉིན་གྲོགས་དང་ཉེ་དུ་མེད།།
གྲོགས་དང་ཉེ་དུ་མེད་པའི་རྒྱལ་ཁམས་དུ།།
གསོན་ཡང་དོན་སྙིང་མེད་པའི་འཚོ་བ་དེར།།
རོལ་འདོད་ང་རང་མི་འདུག་ཅི་ལྟར་བྱེད།།
ཁ་ནས་བཤད་པ་ལས་དང་རྒྱུ་འབྲས་ཡིན།།
ལག་ནས་བྱས་པ་ལས་དང་རྒྱུ་འབྲས་འགལ།།
སེམས་ཀྱི་བསམ་པ་ལྷག་བསམ་རྣམ་དག་ཡིན།།
དོན་ལ་གོམ་པ་འདོད་ཆགས་འགྲན་སེམས་རེད།།
ལས་དབང་ཟེར་ནས་གཞན་ལ་འཆད་ཁུལ་བྱས།།
དོན་གྱི་རང་གི་ལས་ཙམ་མི་འཇོན་པའི།།
ལས་དབང་གོ་རིམ་ཇི་ཡིན་གང་ནས་ཤེས།།
འདི་ལྟར་རང་གཞན་ཀུན་ལ་མགོ་བོ་བསྐོར།།
བྱེད་ན་འདོད་པའི་ལས་དག་མི་འཇོན་ཡང་།།
ཁ་ལ་ཚོད་མེད་ཚིག་གི་རི་བོ་སྤུངས།།
དོན་ལ་ངེས་མེད་གྱང་ཁའི་རྩ་ལོ་བཞིན།།
རླུང་གིས་ངེས་མེད་རྒྱུ་བ་རང་གི་གཤིས།།
སེམས་ལ་གདོན་གཟུགས་ཟེར་ན་མི་ཤེས་མོད།།
བུད་མེད་རིག་ཚད་ཆགས་པའི་འབེན་དུ་བཙུགས།།
དོན་ལ་ཐོབ་པ་རང་གི་མཛའ་མོ་ཙམ།།
མི་ཁོམ་སེམས་འདི་རང་གི་བདག་པོ་ཉིད།།
བསམ་བློ་སྣ་དགུ་འཁོར་བའི་ཚོར་བ་ཡིས།།
དགེ་བའི་དོན་རེ་མེད་ཀྱང་ཉིན་མཚན་ཀུན།།
དྲ་ཚུགས་སོ་སོ་ཉུལ་ནས་ཡིག་འབྲུ་རེ།།
ཁྱི་ལྟིག་བཞིན་དུ་ག་ས་གར་ལ་སྟོར།།
སེམས་ཀྱི་དགའ་སའི་ཉེ་དུ་རྒྱང་དུ་བཞག།
ལུས་ཀྱི་བྲན་གཡོག་ཕྱི་རོལ་མི་ལ་བྱས།།
སྒོར་གྱི་བམ་ཁ་ཆེ་ཆུང་གོར་མོའི་གཟུགས།།
ནམ་ཞིག་སུ་ལ་དབང་མིན་སུ་ཡིས་ཤེས།།
དད་སའི་རྩ་གསུམ་བླ་མའི་བཀའ་དང་འགལ།།
དྲིན་ཆེན་ཕ་མའི་སྲུ་ཞུ་མ་འཁྱོངས་པར།།
རྒྱུས་མེད་རྒྱལ་ཁམས་མང་བོ་འགྲིམ་གྱུར་ཡང་།།
རང་གི་རིགས་ལ་དགོས་པའི་ལས་མ་འགྲུབ།།
བོད་ཀྱི་རིགས་སུ་སྐྱེ་བ་བདེན་པ་རེད།།
བོད་ཀྱི་སྐད་ཡིག་རང་མགོ་ཐོན་ཙམ་ཡང་།།
མི་ཤེས་བོད་རིགས་མིང་ཐོབ་ཞབས་འདྲེན་ང་།།
དེ་རིང་བོད་ཀྱི་མི་ལ་ངོ་རེ་ཚ།།
བོད་ཕྱི་ནང་གཉིས་ཀྱི་སྤུན་ཟླ་ཚོ།
ནོར་དང་མ་ནོར་སོ་སོའི་དཔྱད་སྟངས་དེ།།
འདྲ་མིན་སྣ་ཚོགས་མི་རེའི་བློ་ངོ་ན།།
དཀར་དང་ནག་གི་དབྱེ་བ་ཡོད་ན་ཡང་།།
དཔྱོད་པའི་ནུས་པ་སུ་ཡོད་ག་ལེར་ངང་།།
ཉིན་ཟླ་རིམ་གྱིས་བཞུད་པའི་ལམ་བར་དུ།།
འཁོན་འཛིན་ཚིག་ངན་མེད་པའི་རི་གྲོང་ནས།།
བོད་ཀྱི་སྤྱི་སེམས་ཁོག་ལ་གཏན་པོར་གཉོར།།
དེ་ནས་རང་རང་བློ་ཡི་ཆུ་ཤེལ་དེ།།
ནག་ནོག་དྲི་མ་མེད་པའི་བློ་རྩེ་ནི།།
བརྟན་ཞིང་མི་གཡོ་བདེན་པའི་གནས་ལུགས་ཁྲོད།།
ནང་གི་ནོར་འཁྲུལ་ནང་གི་བཅོས་པའི་ཆེད།།
ནང་གཏམ་དྲོན་མོ་ཕན་ཚུན་གླེང་ཐུབ་ན།།
དཀར་ནག་དབྱེ་བ་ཁ་ནས་བཤད་ཤེས་ཀྱང་།།
ལག་ལེན་དངོས་མྱོང་མི་ཚེའི་བདེ་སྡུག་ཀུན།།
མྱོང་རྟོགས་རྒྱུས་གསུམ་མེད་ན་དཀའ་མོའི་གནས།།
བདེན་པའི་ཚིག་གི་རྩ་བ་ཉམ་རྟོགས་ཡིན།།
གནས་ལུགས་ཀུན་གྱི་མཐར་ཐུག་རྒྱུ་འབྲས་ཡིན།།
བདེན་རྫུན་དབྱེ་འབྱེད་བྱེད་པོ་རང་སྐྱོན་ནས།།
འགོ་འཛུགས་བརྟག་པར་བྱས་དེ་རང་ཉེས་ཀུན།།
ངེས་ལེན་གསལ་བོར་ཐོབ་དུས་ཕྱེ་བ་ཡིན།།
འདི་ལྟར་བོད་རིགས་ཚང་གི་དགེ་སྐྱོན་གཉིས།།
ཕན་ཚུན་ཡང་ཡང་བསྡུར་ནས་དཔྱད་པ་བྱོས།།
ད་གཟོད་བོད་ཀྱི་མི་རིགས་འདི་ཉིད་ལ།།
དགེ་ཕན་མང་ངམ་ཉེས་སྐྱོན་མང་།།
རིམ་གྱིས་སྤུན་ཟླའི་ཚོགས་ལ་བགྲོ་གླེང་གནོང་།།
འདི་འདྲའི་བསམ་ཚུལ་ཐོར་བུ་འབྲི་བ་བོ།།
བོད་མིང་ཐོབ་པ་མི་གླེན་ཅོལ་ཆུང་ངས།།
བརྩེ་བའི་སྙིང་གི་སྤུན་ཟླ་བོད་ཕྱི་གཉིས།།
དྲ་རྒྱའི་སྟེང་གི་ཀློག་མཁན་འབྲི་མཁན་ཚོར།།
སེམས་དང་བསམ་པའི་ཡིག་ཚོགས་ཕྲ་མོ་འདི།།
རྒྱང་རིང་ས་མཐའི་མངར་སྐྱུར་རོལ་ཞོར་དུ།།
ཁ་ནས་མ་གསང་ཁོག་ནས་ཤོར་བ་ལ།།
ནོར་འཁྲུལ་ཡོད་ཚེ་སེམས་ནས་འགྱོད་གཤེགས་ཡོད།།
བོད་ཕྱི་ནང་གཉིས་སུ་དེང་སང་དྲ་ཐོག་ན་རང་རང་གི་ཁ་ནང་དུ་ཡོང་ཚད་ཅིག་བཤད་དེ་ཕན་ཚུན་ལ་གནས་ལུགས་རྒྱུ་མཚན་མེད་པར་དམོད་མོ་དང་ཚིག་ངན་འཕེན་རེས་བྱེད་མཁན་མི་ཉུང་བ་ཞིག་ཉིན་རེ་ནས་ཉིན་རེ་བྱུང་བཞིན་པ་འདི་དག་ལ་བསམ་ནས་འབོད་སྐུལ་ཞིག་གི་ཚུལ་དུ་སེམས་བསམ་པའི་གཏིང་ནས་ཚོར་ཐོག་ནས་བྲིས་པ་ཡིན། དྲ་གྲོགས་བོད་རིགས་སྤུན་ཟླ་ཕྱི་ནང་གཉིས་ཀྱིས་སུ་ཞིག་གིས་འདི་མཐོང་ན་དེ་ལྟར་དུ་བསམ་བློ་ཕྲན་བུ་རེ་གཏོང་ཐུབ་པར་སྨོན། གལ་ཏེ། རྩོམ་ཡིག་འདི་ཀློག་མ་ཐག སྙིང་རེ་རྗེ། ཀ་ངོ་ཡིག་ངོ་ཡག་པོ་ཞིག་ཀྱང་ཆོད་ཀྱི་མེད་པར་ད་དུང་མི་ལ་བསླབ་བྱ་ཟེར་ནས་ཁོག་དགོད་བྱེད་མཁན་མི་ཉུང་བ་ཞིག་ཏན་ཏན་ཡོད་སྲིད་ན། རེད་ལགས། ང་རང་བོད་པ་ཞིག་གིས་སེམས་རྩ་དྲོན་མོ་འདི་ཡིས་སྐུལ་ནས་བྲིས་པ་ལས། ང་རང་ལ་མི་གཞན་ལ་སློབ་གསོ་གཏོང་བའི་ཤེས་ཡོན་དེ་འདྲ་ཞིག་ག་ནས་ཡོད། འདི་ནི་སེམས་གཏིང་གི་སྐད་ཆ་ཞིག་རང་གི་ཤ་ཁྲག་གཅིག་པའི་སྤུན་ཟླ་དག་ལ་གླེང་མོལ་ཙམ་ཞིག་བྱས་པ་ལས་གཞན་གང་ཡང་མིན་ནོ།
རིགས་ཞེན་དྲན་སྐུལ།
ཁ་དང་སྣ་ཡི་བར་དུ་ཞེ་འཁོན་ཞིག།
ལག་པའི་ཕྱི་ནང་བར་དུ་རྩོད་གཞི་ཞིག།
འདི་འདྲའི་མི་རིགས་ཤིག་ལ་ཡར་རྒྱས་ཤིག།
ཡོང་རྒྱུའི་ཕྱོགས་སུ་རེ་བ་ཡོད་དམ་ཅི།།
རིགས་ ཞེན་གཙང་མའི་མི་ཐག་མ་ལྷོད་པར།།
སེམས་དང་བསམ་པ་བོད་ཀྱི་བདེན་དོན་ལ།།
དྲི་མེད་ལྷག་བསམ་དངས་པའི་སྐད་ཆའི་རིགས།།
འདི་ནས་གཅིག་གིས་གཅིག་ལ་གསུང་རོགས་ཞུ།།
བོད་ མི་ཟེར་བ་གཅིག་ལས་གཉིས་མེད་ལ།།
བོད་དོན་ཟེར་ན་དེ་བས་གང་ཞིག་ཡོད།།
ཆོས་དང་ཆོལ་ཁའི་ནད་རྙིང་འཕོག་མཁན་ཚོ།།
ད་ནི་དེ་འདྲའི་གཏམ་ངན་འདིར་མི་འཁོ།།
དང་ བོ་རང་སྐྱོན་ཕྲ་མོ་ཤེས་པར་མཛོད།།
བར་དུ་རང་གི་ཅི་འཇོན་བརྟག་པར་གྱིས།།
ཐ་མར་བོད་རིགས་མཐུན་སྒྲིལ་ཕྱོགས་སུ་བརྩོན།།
བྱུང་ན་སྲོག་ཀྱང་བདེན་པའི་དོན་དུ་གཉོར།།
རིགས་ ཞེན་སྙིང་གི་འཕར་ལྡིང་དྲོན་མོ་འདིས།།
རིགས་རུས་གཅིག་པའི་བོད་ཀྱི་སྤུན་ཟླ་ཚོར།།
དུས་དང་ནམ་ཀུན་འབོད་པ་བྱེད་ཀྱི་ཡོད།།
བོད་སེམས་བོད་པས་འཛིན་ལུགས་འདི་ལྟར་འདོད།།
སེམས་བསམ་པའི་བྲིས་ཤིང་། སེམས་བསམ་པའི་འབོད་སྐུལ་འདི་ལ་བསམ་བློ་རེ་གཏོང་ཁོམ་ཡོད་ན་གཏོང་རོགས་ཞུ། བོད་ཀྱི་སྤུན་ཟླ་ཚོ།