གཅིག གང་སྒྲ་དྲུག་གི་གསར་འགྱུར་སྙིང་བསྡུས།
ནམ་དུས། ཟླ་འདིའི་ཚེས་ ༡༢ ནས་ ༢༣ བར།
ཡུལ། གངས་སྐྱིད་ལག་རྩེད་སྤོ་ལོ་རྩེད་ཐང་།
བྱ་འགུལ། ལག་རྩེད་སྤོ་ལོའི་རྩེད་འགྲན།
ཅིའི་ཕྱིར། གློ་ནད་མཚམས་ཞོག་ཅེས་པའི་བརྗོད་གཞིའི་འོག་ བྱ་འགུལ་འདི་སྤེལ།
ཇི་ལྟར། ལག་རྩེད་སྤོ་ལོ་རྩེད་འགྲན་བྱས་པ་བརྒྱུད་མང་ཚོགས་ལ་གློ་ནད་མཚམས་འཇོག་གི་ལས་གཞིར་རྟིང་སྐུལ།
མི་སྣ། གོ་སྒྲིག་པ། བོད་གཞུང་འཕྲོད་བསྟེན་ལས་ཁུངས་དང་བོད་གཞུང་བདེ་ལེགས་སྨན་ཁང་། ཨ་སི་པོ་རོགས་ཚོགས་བཅས་ཡིན། རྩེད་འགྲན་པ། བོད་གཞུང་ལྷན་ཁང་ཁག་བདུན་དང་སྐུ་སྒེར་ཡིག་ཚང་། བོད་ཀྱི་དཔེ་མཛོད་ཁང་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ལས་བྱེད་མི་སྣའི་བར་གྱི་ནང་ཁུལ་འགྲན་བསྡུར་ཞིག
གཉིས། བརྗོད་གཞི་དངོས་ལ་འཇུག་པ།
གསར་འགྱུར་སྙིང་བསྡུས་དང་པར་རིས་ངོས་སུ་གསལ་བ་ལྟར། ཚེས་ ༡༢ ཉིན་གྱི་ཕྱི་དྲོར་གངས་སྐྱིད་ལག་རྩེད་སྤོ་ལོ་རྩེད་ཐང་དུ་གློ་ནད་མཚམས་ཞོག (Stop TB) ཅེས་པའི་བརྗོད་གཞིའི་འོག ལྷན་ཁང་ཁག་བདུན་དང་སྐུ་སྒེར་ཡིག་ཚང་། བོད་གཞུང་དཔེ་མཛོད་ཁང་སོགས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ལས་བྱེད་མི་སྣའི་བར་དུ་ནང་ཁུལ་གྱི་འགྲན་བསྡུར་ཞིག་གི་འགོ་བརྩམས་སོང་། སྤྱིར་ཁ་སང་དེ་རིང་བོད་ནང་དུ་གཞིས་ལུས་བོད་མིར་སྡུག་གི་འཁོར་ལོ་བསྐོར་དུས་ཡིན་སྟབས་འདི་ལྟ་བུའི་རྩེད་འགྲན་བྱས་ན་མི་བཟང་ཡང་། ལས་གཞི་འདི་གློ་ནད་མཚམས་ཞོག་ལྟ་བུའི་ལས་འགུལ་འོག་སྤེལ་གྱིན་པ་ལས་དགའ་སྤྲོའི་རྣམ་པའི་སྟེང་ནས་སྤེལ་གྱི་མེད་སྟབས། དམིགས་བསལ་གྱིས་སྡུག་ཅག་ཅིག་ཏུ་ངོས་འཛིན་བྱེད་ཀྱི་མེད།
ཡིན་ནའང་། ལས་གཞི་འདིའི་ཆེད་དུ་གོང་གསལ་གྱི་འཕྲེད་དར་ཆེན་པོ་དང་རིང་བོ་ཞིག་རྩེད་ཐང་གི་ལྕགས་དྲྭའི་སྟེང་དུ་དཔྱངས་ཡོད་ལ། དེ་མཐོང་ཐེངས་རེར་ཡ་ཆུང་ཁོག་གི་གློ་སྙིང་མཆིན་གསུམ་ཡང་ཁ་རུ་དབྱུང་ལ་ཁད་བྱེད་ཀྱིན་འདུག མིག་གིས་མཐོང་གསལ་ལྟར་འཕྲེད་དར་དེའི་སྟེང་དུ་དབྱིན་ཡིག་གིས་བཀང་འདུག་པ་ལས་ཀ་མད་སུམ་བཅུ་དང་དབྱངས་ཡིག་བཞི་བོ་མཐོང་རྒྱུ་མེད། དེ་ནི་ངས་འཕྲེད་དར་འདིའི་སྟེང་གི་དབྱིན་ཡིག་གི་འབྲུ་དོན་དག་མ་ཤེས་ནས་མིན་པར། རང་མི་རིགས་ཀྱི་སྐད་ཡིག་སྟེང་ནས་ཀློག་སྐལ་ཞིག་བྱུང་ན་བསམ་པས་ཡིན།
གཤམ་གྱི་དྲི་བ་དྲིས་ལན་བརྒྱུད་ངས་དོན་འདི་གླེང་དགོས་པའི་རྒྱུ་མཚན་གཅིག་བཤད།
གོ་སྒྲིག་སུ་རེད། བོད་གཞུང་འཕྲོད་བསྟེན་ལས་ཁུངས་དང་བོད་གཞུང་བདེ་ལེགས་སྨན་ཁང་། ཨ་སི་པོ་བཅས་རེད། བརྒྱ་ཆར་བགོས་ན་བརྒྱ་ཆ་བརྒྱ་ནས་དོན་ལྔ་བོད་རེད།
རྩེད་འགྲན་པ་སུ་རེད། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ལས་བྱེད་མི་སྣ་རེད། བརྒྱ་ཆ་བརྒྱ་ནས་བརྒྱ་བོད་རེད།
ལྟད་མོ་བ་སུ་རེད། གཞུང་ཞབས་མི་སྣ་གཙོས་གངས་སྐྱིད་གཡས་གཡོན་གྱི་བོད་མི་ཁག་ཅིག བརྒྱ་ཆ་བརྒྱ་ནས་བརྒྱ་བོད་རེད།
ཡུལ་གང་རེད། བོད་ཀྱི་རྒྱལ་ས་གཉིས་པ་སྟེ་གངས་ཅན་སྐྱིད་གཤོངས་ཀྱི་ལག་རྩེད་སྤོ་ལོ་རྩེད་ཡུལ། བརྒྱ་ཆ་བརྒྱ་ནས་བརྒྱ་བོད་མི་འདུས་སྡོད་ཀྱི་རྩེད་འགྲན་ར་བ་ཞིག་རེད།
གོང་གསལ་རེའུ་མིག་འདིར་ཐོབ་སྐར་བཞི་བརྒྱ་ཡོད་དབང་དུ་བཏང་ན། གོ་སྒྲིག་པའི་ནང་དུ་ཨ་སི་པོ་རོགས་ཚོགས་ཀྱི་འཐེན་སྐར་ ༢༥ མར་ཕུད་དེ་དེའི་ལྷག་མ་ ༣༧༥ ནི་བོད་འབྲེལ་གྱི་སྡོམ་སྐར་ཡིན།
འདི་ལྟར་ངའི་བོད་ཡིག་གང་ན་ཡོད། ཁྱོད་ཀྱི་བོད་ཡིག་གང་ན་ཡོད། ང་ཚོའི་བོད་ཡིག་གང་ན་ཡོད། རྩ་ལམ་ན་བོད་པ་ཚང་གི་ཁྲག་རྒྱུ་བཞུར་བཞིན་པའི་བོད་མིའི་མགོ་ཁྲིད་མི་སྣ་ཚོ། ཁྱོད་ཚོ་མགོ་བྱས་ནས་ངའི་བོད་ཡིག་ཁྱུར་མུད་མ་གཏོང་རོགས།
མཇུག་གི་སྐད་ཆ། གཞུག་ཕྱོགས་མགོ་ནག་བོད་པ་ཞིག་ཡིན་ཕྱིན་དོན་དག་ཆེ་མ་ཆུང་གསུམ་ཅི་ཞིག་བྱས་རུང་། བོད་པ་རང་གི་སྐད་ཡིག་ལ་ཆེ་མཐོང་ཞིག་དང་དུང་ཞེན་ཞིག གང་ཐུབ་ཐུབ་ཀྱིས་བཀོལ་སྤྱོད་ཅིག་བྱ་རྒྱུ་གལ་ཆེན་པོ་རེད་ཟེར་བ་ཡིན།
མ་མཐར་ཡང་ང་ཚོར་མི་རིགས་ཀྱི་ལྟ་དང་བསམ་བློ། ལར་ཞེན། ཁག་དཔུང། འདུ་ཤེས་སོགས་ཀྱིས་སྟོང་སོང་བས་རེད་ཅེས་གསལ་བོར་བསྒྲགས་པ་ཡིན། གལ་སྲིད་ང་ཚོར་དེ་དག་ཏིལ་འབྲུ་ཙམ་ཞིག་ཚང་ཡོད་ན་སྙུ་གུ་ཞིག་བཟུང་མ་ཐག་ནས་ཕྱི་སྐད་ཅིག་དྲུད་ཡོང་སྟེ། རང་མི་རིགས་ཀྱི་སྐད་ཡིག་དེ་ཕར་འཕུད་ཐབས་བྱེད་སྲིད་ཀྱི་མ་རེད། རྡུགས་ཐུག་རེད་ཡ།
གོང་གི་གནས་ཚུལ་དེ་ལས་ང་ལ་སྐྱོ་བ་དང་ཁྲོ་བ་ཅིག་ཅར་དུ་སྐྱེས་བྱུང་།
དང་པོ། བོད་ནང་གནས་ཚུལ་ཛ་དྲག་ག་འདྲ་ཞིག་བྱུང་རུང་ཕྱི་ཕྱོགས་སུ་སྡོད་མཁན་ཁ་ཅིག་སེམས་འགུལ་གང་ཡང་མེད་པར་གླུ་གཞས་དང་རྩེད་མོ་སྣ་ཚོགས་ལ་མགོ་བོ་འཁོར་ཞིང་། ཁ་ནས་འདྲ་ཆགས་པོའི་སྐད་ཆ་འགའ་བཤད་པ་ནི། ཧ་ཅང་ཡི་མུག་པའི་གནས་ཤིག་ལས་མ་འདས།
གཉིས་པ། གཞིས་ལུས་བོད་མིས་རེ་འབོད་ཀྱི་གཙོ་བོ་གཅིག་སྟེ། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་སྐོར་འདི་ཡིན་མོད། བྱེས་སུ་ཡོད་པའི་གཞུང་འབྲེལ་ཡིན་མིན་གྱི་ཚོགས་པ་འགའ་ཤས་ནས་རྣམ་ཀུན་བོད་ཡིག་ལ་མཐོང་ཆུང་དང་ཁྱད་གསོད་ཁོ་ན་བྱེད་ཀྱིན་འདུག་པ་ནི། ཕྱི་དགྲ་རྒྱ་མི་དམར་པོ་ལས་ཧ་ཅང་ཐུ་བའི་ནང་དགྲ་ཞིག་ཏུ་འཁུམས།
བོད་ནང་དུ་སྐད་ཡིག་གི་རང་དབང་སྐོར་ལ་ལུས་སྲོག་འབེན་ལ་གཏོད་བཞིན་པའི་སྐབས་འདིར་བྱེས་པའི་ལས་ཁུངས་ཁག་གིས་གསལ་བསྒྲགས་འདི་ལྟར་སྤེལ་ན་ངོ་མ་སེམས་སྐྱོ་ནི་ཞིག་རེད།
བོད་ནང་དུ་བོད་མིའི་རང་ལུས་མེར་བསྲེགས་གཏོང་གི་ཡོད་དུས། གངས་སྐྱིད་ན་ཆང་ས་སྟོན་མོ་དང་ལག་རྩེད་སྤོ་ལོ་རྩེད་དེ་བསྡད་ཡོད་པ་རེད། སྔོན་མར་ང་ཚོ་འདི་ལྟར་ཕམ་པ་ལོ་རྒྱུས་ནང་གསལ་བོ་རེད། ད་ལྟའང་གངས་ཅན་སྐྱིད་ཤོངས་ན་འདི་འདྲ་རེད།
ངོ་མ་རེད། དྲྭ་གྲོགས་རྣམས་ཀྱིས་གསུངས་པ་དེ་དེ་བཞིན་ནོ།།
སྔོན་མ་ཆབ་མདོ་ཤོར་སོང་ཞེས་ཁ་པར་བཏང་སྐབས་སྐུ་ངོ་ལགས་ཞལ་པར་ལེན་ལོང་མི་འདུག་སྐུ་རྩེད་གནང་ནས་བཞུགས་འདུག་ཟེར་བའི་ལོ་རྒྱུས་ཡོད་པ་བཞིན། དེང་གི་དུས་འདི་ཡང་བོད་ནང་རང་ལུས་མེར་སྲེག་གཏོང་བཞིན་པའི་དུས་འདི་གངས་སྐྱིད་ན་སྤོ་ལོ་རྩེད་ནས་བཞུགས་པར་དངོས་གནས་འདྲ་མཚུངས་མང་པོ་འདུག། ད་དུང་རང་སྐད་དང་རང་ཡིག་ཡོད་བཞིན་དུ་གཞན་སྐད་དང་གཞན་ཡིག་བེད་སྤྱོད་བྱེད་པ་འདིས་གང་ཞིག་མཚོན་གྱི་འདུག།
ཕ་སྐད་བཤད་དགོས་ཕ་ཤུལ་འཛིན་དགོས།
རྩེད་འགྲན་འདིར་ཕྱོགས་གང་ནས་བལྟས་ཀྱང་ད་ལྟའི་དུས་འདིར་དགེ་ཕན་ཏིལ་འབྲུ་ཙམ་ཡང་མཐོང་མ་སོང་། རྩེད་མོ་འདི་རྩེས་ནས་གློ་ནད་འགོག་ཐབས་ལ་ག་རེ་ཕན་གྱི་རེད། བོད་ཀྱི་རྩ་དོན་ལ་ག་རེ་ཕན་གྱི་རེད། ད་ལྟའི་བོད་ཀྱི་ཛ་དྲག་གནས་སྟངས་ལ་ག་རེ་ཕན་གྱི་རེད། བོད་ཀྱི་ངོ་བོ་སྲུང་སྐྱོབ་དང་སྐད་ཡིག་རྒྱུན་འཛིན་ལ་ག་རེ་ཕན་གྱི་རེད། འཕྲོད་བསྟེན་ལས་ཁུངས་དང་བདེ་ལེགས་སྨན་ཁང་ལ་ག་རེ་ཕན་གྱི་རེད།
ཡང་ན། རྩེད་མོ་འདི་མ་རྩེས་ན་གློ་ནད་འགོག་མི་ཐུབ་པ་རེད་དམ། བོད་ཀྱི་རྩ་དོན་ལ་གྱོང་རེག་གི་ཡོད་པ་རེད་དམ། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད་དམ། བོད་ཀྱི་ངོ་བོ་སྲུང་སྐྱོབ་དང་སྐད་ཡིག་རྒྱུན་འཛིན་བྱེད་ཀྱི་ཡོད་པ་རེད་དམ། འཕྲོད་བསྟེན་དང་བདེ་ལེགས་སྨན་ཁང་གིས་འགྲོ་སོང་གཏོང་ས་མ་རྙེད་པ་རེད་དམ།
བོད་ནང་ནས་བོད་མི་ཚོས་རྩ་དོན་དང་སྐད་ཡིག་སྲུང་སྐྱོབ་ཆེད་དུ་རང་ལུས་མེར་སྲེག་དང་སྐད་འབོད་སོགས་སྲོས་བསྡོས་ཀྱིས་བྱས། གངས་སྐྱིད་ནས་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱིས་གློ་ནད་ལ་ཁ་གཡར་ཏེ་རྩེད་འགྲན་བྱས་ཏེ་སྤྲོ་སྐྱིད་བཏང་། བོད་ནང་དུ་རྒྱ་དམར་གྱིས་འཆར་གཞི་ལྡན་པའི་སྒོ་ནས་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཀྱི་ཁོར་ཡུག་མེད་པ་བཟོས་ཏེ་སྒོ་བྱང་དང་འཕྲེད་དར་ལ་སོགས་པའི་ཐོག་གི་བོད་ཡིག་ནག་བསུབས་བཏང་། གངས་སྐྱིད་ན་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱིས་གཙོ་བྱས་གཞུང་སྒེར་ཚང་མས་འཕྲེད་དར་དང་སྒོ་བྱང་ལས་བོད་ཡིག་རྒྱང་ཕུད་བཏང་། ད་དངོས་གནས་བོད་འདི་ཚར་སྟངས་འདི་འདྲ་ཡིན་པ་འདྲ། ཤུུུུ་་་་་་། དངོས་གནས་ང་ཚོས་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སོགས་ཀྱི་ཐད་ནས་རྒྱ་དམར་ལ་ཁ་རྡུང་དང་སྐད་བརྒྱབ་ན་འགྲིག་གི་འདུག འོན་ཀྱང་། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་རྒྱུན་འཛིན་གྱི་ཐད་ནས་དངོས་སུ་རྩ་མེད་བཟོ་རྒྱུའི་ལས་འཆར་བསྒྲིགས་མ་བསྒྲིགས་ཀྱི་ཁྱད་ཙམ་མེད། དཔེར་ན། བཙན་བྱོལ་ནས་སྐྱེས་པའི་མི་ཐོག་གསུམ་པའི་ཁྲོད་ནས་བརྒྱ་ཆ་བདུན་ཅུའི་ཡན་གྱིས་བོད་ཡིག་གི་ལམ་ནས་འཕྲིན་ཡིག་མགོ་སྔ་ཚང་བ་ཞིག་ཀྱང་འབྲི་མི་ཐུབ་པའི་གནས་སྟངས་ཆགས་འདུག་པ་འདིས་ག་རེ་མཚོན་གྱི་འདུག མ་ཟད་བོད་སྐད་བཤད་སྐབས་བོད་ཚིག་གིས་འདང་གི་མེད་པའི་གནས་སྟངས་ཆགས་འདུག ད་དུང་བོད་ཡིག་དང་བོད་སྐད་ལ་དང་ག་མེད་པ་མ་ཟད་བོད་ཡིག་དང་བོད་སྐད་ལ་མཐོང་ཆུང་བྱེད་ཀྱི་འདུག དཔེར་ན། སྤྱི་ཚོགས་ཁྲོད་ནམ་རྒྱུན་ཤོད་བཞིན་ཡོད་པའི་སྐད་ཆ་སྟེ། བོད་ཡིག་གིས་ལྟོ་རེག་གི་མ་རེད། བོད་ཡིག་གིས་བོད་དོན་བསྒྲུབ་ཐུབ་ཀྱི་མ་རེད། བོད་ཡིག་སྦྱང་ན་མདུན་ལམ་ཡོད་མ་རེད། བོད་ཡིག་མགོ་ཚོས་ཡག་ཁག་པོ་འདུག བོད་ཡིག་སྦྱང་ན་དུས་ཚོད་འཕྲོ་བརླག་རེད། ད་དུང་དབྱིན་སྐད་ཤོད་མཁན་ལ་ཡིད་སྨོན་དང་རང་གི་བོད་སྐད་ཤོད་མཁན་ལ་མཐོང་ཆུང་དང་འཕྱ་ལད་རྒྱག་གི་འདུག
རང་གིས་སྐད་ཡིག་དང་གོམས་གཤིས་ཚང་མ་དོར་ནས་ད་དུང་གཞན་ཞིག་གིས་རྩ་མེད་བཟོ་ཡི་འདུག་ཟེར་བ་དེ་ཅུང་བསམ་བློ་མ་བཏང་བའི་སྐད་ཆ་མ་རེད་དམ། བོད་ནང་ནས་བོད་སྐད་ཡིག་རྒྱ་དམར་གྱིས་བཙན་གྱིས་མེད་པ་བཟོས་ཏེ་རྒྱ་ཡིག་བཀོལ་དུ་བཅུག བོད་ཕྱི་ནས་མ་སྐུལ་དང་བླངས་ཀྱིས་བོད་ཡིག་རྒྱང་ཕུད་བཏང་སྟེ་ཧ་ཅང་འཇོན་མདོག་གིས་དབྱིན་ཡིག་བཀོལ་སྤྱོད་བྱས། ད་གང་ལྟར་བོད་ཡིག་དང་བོད་སྐད་གནས་སའི་ཁོར་ཡུག་ཅིག་ལྷག་ཡོད་མ་རེད།
སྤྱིར་སྐད་ཡིག་གི་རྩ་ཆེའི་རང་བཞིན་གྱི་རིན་ཐང་མི་ཤེས་མཁན་རྣམས་ལ་དགོས་མཁོ་ཡོད་པ་མ་རེད། དཔེར་ན། ཕག་པ་ཞིག་ལ་གསེར་རྡོག་ཅིག་སྐྱག་རྡོག་ཅིག་སྤྲད་ན་ཕག་པ་ལ་སྐྱག་རྡོག་རྩ་ཆེ་ཡི་རེད་མ་གཏོགས་གསེར་དགོས་མཁོ་ཡོད་མ་རེད།
ཁ་པར་ནང་ནས་བྲིས་པ་ཡིན་པས་ཆད་ནོར་ཡོད་སྲིད་པས་དགོངས་དག
ད་གྲོགས་རྣམས་གསུང་བ་ངོས་ནས་བདེན་པ་ཡིན་པ་མ་ཟད། ད་དུང་གངས་ཅན་སྐྱིད་གཤོངས་གི་མཐོ་རིམ་ལས་བྱེད་ཚོའི་ཁ་ནས་འདྲ་ཆགས་པོའི་སྐད་ཆ་འགའ་བཤད་ཡག་མ་གཏོགས་། ཁོ་ཚོས་རྩེད་མོ་རྒྱན་འཇོག་མ་ཅང་དང་རྒྱུན་དུ་སྤྲོ་སྐྱིད་ལ་རོལ་པར་མ་ཟད། ཁོ་ཚོ་ཨ་ཕྲུག་ཚོ་ཡང་རྒྱ་གར་དབྱིན་ཇི་སློབ་གྲ་གཏོང་གི་ཡོད་རེད། ལས་བྱེད་འདི་ཚོ་ཁ་ཟས་ས་ཐོག་ནས་ཟས་སྐྱག་པ་གནམ་ནས་གཏང་ཟེར་བ་འདི་ཚོ་རེད།
དེ་རིང་གི་གངས་སྐིད་གཞུང་ན་འགོ་བློ་བཟང་སེང་གེ་ནས་བཟུང་མཇུག་ཇ་མ་བཟོད་པ་བར་བོད་སྐད་བོད་ཡིག་གི་དྲི་མ་གཙང་མ་ཞིག་བྲོ་རྒྱུ་མེད་དོ།།
སྔོན་མ་ཆབ་མདོ་ཤོར་སོང་ཞེས་ཁ་པར་བཏང་སྐབས་སྐུ་ངོ་ལགས་ཞལ་པར་ལེན་ལོང་མི་འདུག་སྐུ་རྩེད་གནང་ནས་བཞུགས་འདུག་ཟེར་བའི་ལོ་རྒྱུས་ཡོད་པ་བཞིན། དེང་གི་དུས་འདི་ཡང་བོད་ནང་རང་ལུས་མེར་སྲེག་གཏོང་བཞིན་པའི་དུས་འདི་གངས་སྐྱིད་ན་སྤོ་ལོ་རྩེད་ནས་བཞུགས་པར་དངོས་གནས་འདྲ་མཚུངས་མང་པོ་འདུག། ད་དུང་རང་སྐད་དང་རང་ཡིག་ཡོད་བཞིན་དུ་གཞན་སྐད་དང་གཞན་ཡིག་བེད་སྤྱོད་བྱེད་པ་འདིས་གང་ཞིག་མཚོན་གྱི་འདུག།
དེ་རིང་གི་གངས་སྐིད་གཞུང་ན་འགོ་བློ་བཟང་སེང་གེ་ནས་བཟུང་མཇུག་ཇ་མ་བཟོད་པ་བར་བོད་སྐད་བོད་ཡིག་གི་དྲི་མ་གཙང་མ་ཞིག་བྲོ་རྒྱུ་མེད་དོ།།
ང་ཚོས་བཀའ་བློན་ཁྲི་པ་ལ་བོད་ཡིག་གི་ཟབ་སྦྱོང་ཅིག་ངེས་པར་སྤྲད་དགོས་ཀྱི་འདུག
བོད་ཡིག་གི་ངོས་ཐད་ནས་བཤད་ན་ཁོང་ལྟ་བུ་བཀའ་ཁྲིར་འདེམས་པ་ནི་དངོས་གནས་ཞབས་འདྲེན་རེད།
ཁོང་གིས་བོད་ཡིག་སྦྱོང་གི་ཡོད་རེད་པེ།
ང་ཚོ་བོད་མི་དམངས་ནས་འབོད་སྐུལ་རེ་ཞུས་ན་ག་འདྲ་འདུག
གང་ལྟར་ང་ཚོ་ནི་རང་དབང་ལུང་པར་ཡོད་ཅིང་། དམངས་གཙོའི་ལམ་སྲོལ་ལ་འགྲོ་བཞིན་པ་མ་རེད་དམ
བོད་ནང་དུ་མི་ལུས་རིན་པོ་ཆེ་གཞོམ་སྲེག་བྱེད་བཞིན་པའི་སྐབས་སུ་འདི་གར་ད་དུང་རྩེད་མོ་འདྲ་གོ་སྒྲིག་བྱེད་ཀྱིན་འདུག མི་དེ་ཚོ་ངོ་མས་སྐྱག་གཟན་ཤ་སྟག་རེད།
ལས་སྲོལ་འདི་རིགས་རྒྱ་ནག་ལས་ཀྱང་བཙོག་པ་ལ།
ཨ་རིག་ལགས་ནས་འབྲི་ཐབས་ཟུར་ནས་ནང་དོན་ལེགས་པོའི་གསར་འགྱུར་སྤེལ་བར་བསྔགས་སོོ།།
སྤུན་ཟླ་མང་པོས་ཕ་སྐད་ཆེད་དུ་རང་སྲོག་དོར།
རང་དབང་ལུང་པར་ཕ་སྐད་རང་གི་མདོག་པས་རྫིས།
མི་རིགས་གཅིག་གིས་སེམས་ཀྱི་རེ་བ་མདུན་དང་རྒྱབ།
མཐུན་སྒྲིལ་ལག་གདངས་སྦྲེལ་ཟེར་སྟོང་སྐད་ཡིན།
བཙན་བྱོལ་རང་དབང་ལུང་པར་རང་གིས་རང་ཉིད་བརླག་བཞིན་པ་ནི་ཇི་འདྲའི་ཡིད་མུག་པ་ཞིག་རེད། ང་ཚོས་རྒྱ་གཞུང་གི་མདུན་ནས་སྐད་ཡིག་གི་རང་དབང་ཇི་ལྟར་རྩོད་དགོས་སམ།
ངོ་མ་དྲྭ་གྲོགས་རྣམ་པས་གསུང་པ་ཅིས་མ་བདེན།་་་་་དེང་སང་གནས་ཚུལ་ཛ་དྲག་འདི་འདྲ་ཞིག་གི་འོག་ནས་ཀྱང་ད་རུང་ཁ་གཡར་ས་འདྲ་མི་འདྲ་ཞིག་བཙལ་ནས་དོན་ལ་སྤྲོ་གསེང་ལ་རོལ་པའི་བག་ཆགས་ངན་པ་དེ་ད་ལྟ་ད་དུང་ཡང་སད་ཐུབ་མི་འདུག་པས་བོད་མིའི་ལས་འདི་སྐྱོ་བ་ལ།་་་་་གལ་སྲིད་གློ་ནད་ངོ་སྤྲོད་དང་གནས་ཚུལ་བརྒྱུད་བསྒྲགས་བྱེད་དགོས་ན་འུ་ཚང་འཕྲོད་བསྟེན་ལས་ཁུངས་ལ་བྱེད་ཐབས་འདི་མ་ཡིན་པའི་ཐབས་ཚུལ་གཞན་ཞིག་མེད་སོང་ནི་ཨེ་རེད།
ཨ་རིག་གླེན་པ་ཁྱེད་རང་གིས་བྲིས་བཞག་པའི་བོད་ཡིག་ལ་ཡང་ལྟ་སྲོལ་ཞིག་ཞེ་དྲག་མི་འདུག
བདེན་པ་རེད། གཞུང་འབྲེལ་གྱི་ཁྱབ་སྒྲགས་སྟེང་དུ་བོད་ཡིག་མེད་པ་འདི་བློ་ཕམ་གྱི་གཞི་རེད། རང་དབང་ལུང་པ་ནས་རང་ཡིག་མ་སྤྱད་པ་ནི་རིག་པ་མེད་པ་དན་རྟགས་རེད། ད་དངོས་གནས་གཞི་ཆགས་པ་རེ་བ་ཞིག་མི་འདུག་ཨ།
ཨ་ཤི་རེ་གོ ངའི་བོད། ངའི་བོད་ཡིག ངའི་བོད་ནང་་་་་