དམ་ཆོས་བསམ་འཕེལ་གྱིས།
རང་བཙན་རྩོད་ལེན་དང་རང་སྐྱོང་རྩོད་ལེན་གང་ཡིན་ཡང་རྩ་བའི་འབབ་ས་ནི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་བསམ་བློའི་འདུ་ཤེས། ཆོས་དང་རིག་གཞུང། ཡུལ་སྲོལ་དང་གོམས་གཤིས། མི་རིགས་དང་བཅས་པ་རྩ་བརླག་ཏུ་འགྲོ་བཞིན་པར་སྐྱོབ་ཐབས་ཁོ་ནར་དམིགས་པའི་ཆབ་སྲིད་ཀྱི་ལང་ཕྱོགས་ཤིག་ཡིན་པ་ནི་ངས་འདིར་སྨྲར་ཇི་དགོས། དེའི་ཕྱིར། མི་སྒེར་དང་ཚོགས་པ། གཞུང་དང་མི་མང་གང་ཡིན་ཡང་ཆོས་དང་རིག་གཞུང། རྒྱལ་རབས་དང་ལོ་རྒྱུས། ཆབ་སྲིད་དང་བསམ་བློའི་འདུ་ཤེས་དེ་སྤྱི་ཚོགས་ཧྲིལ་བོར་བརྡ་སྤྲོད་ཀྱི་རྩ་བའི་ལག་ཆ་དེ་མི་རིགས་དེའི་རང་གི་ཐུན་མོང་མ་ཡིན་པའི་སྐད་ཡིག་ཡིན། དེའི་རྒྱུ་མཚན་ནི། སྐད་ཡིག་གང་ཞིག་ཡིན་ཡང་མི་རིགས་དེའི་བླ་སྲོག་ཡིན་པ་འཛམ་གླིང་གི་མི་རིགས་དང་སྐད་ཡིག་ཞིབ་འཇུག་ཆེད་ལས་མཁས་པ་མང་པོས་ལོ་རྒྱུས་དབྱེ་ཞིབ་ལས་ངེས་པ་རྙེད་དེ་སྡོམ་ཚིག་གཅིག་རྗེས་གཉིས་མཐུད་དུ་བཀོད་ཡོད་པར་བརྟེན། ང་ཚོ་བོད་ལའང་ཁྱད་ཆོས་ལྡན་པའི་སྐད་ཡིག་ཡོད་ལ། ལོ་རྒྱུས་རིང་ཞིང་རིག་གནས་ཕུན་སུམ་ཚོགས་པའི་མི་རིགས་ཤིག་ཡིན།
རང་བཙན་ཚོགས་པ་ཁག
ཉེ་བའི་ཆར་རང་བཙན་མཐུན་ཚོགས་ཀྱིས་གོ་སྒྲིག་འོག་ཕྱི་ཟླ་ ༣ ཚེས་ ༡༡ དང་ ༡༢ བཅས་ཉིན་གཉིས་ཀྱི་རིང་ལ་ནེའུ་ཡོག་གྲོང་ཁྱེར་དུ་བོད་རང་བཙན་འཐབ་རྩོད་ཀྱི་སྒྲོམ་གཞི་དང་ཐབས་བྱུས། ཡོང་སྲིད་པའི་གནས་བབ་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་འཚོགས་པར་གོ་ཐོས་ཀྱི་རྗེས་སུ། ངས་བོད་ཀྱི་གསར་ལམ་ཁག་ལ་དེའི་སྐོར་རྒྱུས་ལོན་བྱས་པ་ཡིན་ཡང། ཁ་བརྡ་མ་གཏོགས་བོད་ཀྱི་གསར་ལམ་ཁག་ནས་དེའི་གནས་ཚུལ་ཞིབ་ཕྲ་གང་ཡང་རྙེད་མ་བྱུང།
ཁ་བརྡའི་རྩོམ་ཡིག་ནང་དུ་ཚོགས་ཞུགས་པ་རྣམས་ནི་རྒྱུས་མངའ་ཅན་གྱི་བོད་དོན་ལས་འགུལ་བ་དང་མཐོ་སློབ་ཀྱི་སློབ་མ་ཙམ་ཞིག་མ་ཡིན་པར། སྨན་པ་དང་ཁྲིམས་རྩོད་པ། ཇུས་འགོད་པ། རྩོམ་པ་པོ། གསར་འགོད་པ། སློབ་ཆེན་གྱི་དགེ་རྒན། སྙན་ངག་པ། གླུ་གཞས་ཆེད་ལས་པ། གློག་བརྙན་བཟོ་མཁན། རི་མོ་བ། བཟོ་ཚོང་པ། གཞུང་ཞབས་ཟུར་པ། དྭང་ཟུར། ད་དུང་གཞན་ཁག་ཅིག་སྟེ། རང་རང་གི་རྒྱབ་ལྗོངས་གཅིག་མིན་ལ་མ་ལྟོས་པར། བོད་ཀྱི་འཐབ་རྩོད་ཀྱི་འབྱུང་འགྱུར་ལ་ཆེས་ཆེ་བའི་སེམས་ཁུར་ཐུན་མོང་དུ་ཡོད་མཁན་ཁག་ཅིག་ཡིན་པ་རེད་ཅེས་བཀོད་ཡོད་པ་མཐོང་ཚེ། ཁོང་ཚོའི་དཔྱད་གཏམ་དང་བསམ་ཚུལ་ལ་དེ་བས་ཀྱང་ཉན་པར་འདོད་ཡང་སྐལ་བ་དབེན།
ཁ་བརྡའི་རྩོམ་ཡིག་དེའང་མཁས་དབང་འཇམ་དབྱངས་ནོར་བུ་མཆོག་གི་དྲྭ་རྒྱའི་ཐོག་གི་དབྱིན་རྩོམ་ལས་བོད་ཡིག་ཏུ་བསྒྱུར་པ་ཞིག་རེད། དེ་ལྟར་ང་ཆེད་དུ་རང་བཙན་མཐུན་ཚོགས་ཀྱི་དྲྭ་རྒྱ་ཀློག་པར་ཕྱིན་པ་ཡིན། འོན་ཀྱང་དེར་བོད་རང་བཙན་འཐབ་རྩོད་ཀྱི་སྒྲོམ་གཞི་དང་ཐབས་བྱུས། ཡོང་སྲིད་པའི་གནས་བབ་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུའི་གསར་འགྱུར་དང་གནས་ཚུལ་སོགས་ཀྱི་སྐོར་གང་ཡང་བཀོད་མི་འདུག་ལ། དེ་ནི་དབྱིན་ཡིག་ཁོ་ནའི་དྲྭ་རྒྱ་ཞིག་རེད་མོད། དེར་དགོས་དབང་གིས་བོད་ཡིག་དང་སྐད་ཡིག་གཞན་ཁ་ཤས་ཀྱི་ནང་རྩོམ་ཡིག་གསུམ་བཀོད་འདུག་པ་ནི་༼རང་བཙན་མཐུན་ཚོགས་ཀྱི་ངོ་སྤྲོད་༽དང། ༼རང་བཙན།-བོད་ཀྱི་གནད་དོན།༽ ༼བོད་རང་བཙན།-བདེན་དོན་ལ་དཔྱད་ཞིབ་༽ ཅེས་པ་གསུམ་པོ་རེད། རྩོམ་ཡིག་གཞན་རྣམས་ཚང་མ་དབྱིན་ཡིག་རྐྱང་པ་རེད། རང་བཙན་མཐུན་ཚོགས་ཀྱི་དྲྭ་རྒྱའི་ཐོག་ང་ལ་རང་བཙན་བགྲོ་གླེང་སྐོར་གྱི་གནས་ཚུལ་བོད་དབྱིན་གཉིས་ནས་གང་ཡང་རེག་མ་བྱུང།
དེས་ན། སྤྱིར་གཞོན་ནུ་ཚོགས་པ་དང་བོད་རང་བཙན་སློབ་མཐུན་ཚོགས། རང་བཙན་མཐུན་ཚོགས་རྣམས་ནི་བོད་རང་བཙན་འཐབ་རྩོད་དང་རྩོད་ལེན་གྱི་རྒྱལ་སྤྱིའི་རང་བཞིན་ཅན་གྱི་ཆབ་སྲིད་ཚོགས་པ་དག་ཡིན་ལ། བོད་ཀྱི་རྩ་དོན་ཆེད་འདས་པ་དང་ད་ལྟ་སྔ་ཕྱི་བར་གསུམ་དུ་གཞི་རྒྱ་ཆེ་བའི་ལས་འགུལ་འཛམ་གླིང་གི་ཡུལ་གྲུ་གང་སར་རབ་དང་རིམ་པ་བཞིན་སྤེལ་དང་སྤེལ་མུས་ཡིན་པར་མ་ཟད། བོད་དོན་རྒྱལ་སྤྱིའི་གསར་ལམ་དང་བརྡ་འཕྲིན་བརྒྱུད་ལམ་བེད་སྤྱད་དེ་དྲིལ་བསྒྲགས་ཀྱི་གྲུབ་འབྲས་ཀྱང་དངོས་མཐོང་ལག་ཟིན་བྱུང་དང་འབྱུང་བཞིན་པ་དང། ལྷག་པར་ཏུ་ཕྱིའི་རྒྱལ་ཁབ་ཁག་གི་མཐོ་སློབ་དང་སློབ་གྲྭ་ཆེན་མོ་གང་མང་དུའང་བོད་མི་རིགས་ཀྱི་རིག་གཞུང་དང་ཆབ་སྲིད་ཀྱི་ལྟ་བ་བརྗེ་ལེན་དང་ཉམས་ཞིབ། བོད་ཀྱི་གནས་བབ་ངོ་སྤྲོད་དང་འབྲེལ་པའི་བོད་ཀྱི་རྩ་དོན་ཆེད་ནུས་ཤུགས་ཡོད་དགུ་འདོན་བཞིན་པ་ནི་ཕྱི་སྡོད་བོད་པའི་ལ་རྒྱ་དང་སྤོབས་པ་ཡིན། འོན་ཀྱང། ཚོགས་པ་སོ་སོའི་དྲ་བ་དག་ཏུ་བོད་ཡིག་གི་ས་མིག་སྟོང་མིན་ཙམ་དང། ཡང་ན། རྩ་བ་ནས་མེད་པ་སོགས་ནི་ཚོགས་པ་རང་ངོས་ནས་རང་འཐབ་རྩོད་ཀྱི་རྩ་དམིགས་འཐུས་ཤོར་ཀྱི་ཞན་ཆའི་རྣམ་པ་གསལ་པོ་རེད། ང་ཚོས་བོད་རང་བཙན་འཐབ་རྩོད་བྱ་བར་བོད་རིགས་ཕན་ཚུན་བར་བོད་སྐད་ཀྱིས་བརྡ་སྤྲོད་བྱ་བའི་བོད་ཀྱི་སྐད་ཡིག་གི་རང་བཙན་རྩོད་དགོས་པ་དེ་ཐོག་མའི་ཆ་རྐྱེན་ཡིན་པར་བརྟེན། རྒྱལ་ཁབ་འདྲ་མཉམ་དང་སྐད་ཡིག་འདྲ་མཉམ། མི་རིགས་འདྲ་མཉམ་དང་རིག་གཞུང་འདྲ་མཉམ་སོགས་ཀྱི་རང་བཙན་འཐབ་རྩོད་བྱ་བར་ཚོགས་པ་རང་ངོས་ནས་ཀྱང་རྒྱལ་ཁབ་གཞན་དང་འདྲ་མཉམ་གྱིས་གོམ་པ་སྤོ་དགོས། མ་འོངས་པར་བོད་རང་བཙན་སླར་གསོ་བྱུང་བའི་ཉིན་མོ་དེར། བོད་རྒྱལ་ཁབ་ཀྱི་གཞུང་སྐད་དེའང་བོད་སྐད་མིན་པར་རྒྱལ་ཁབ་གཞན་ཞིག་གི་སྐད་ཡིག་བཀོལ་སྤྱོད་བྱ་དགོས་བྱུང་ཚེ། ང་ལ་རང་བཙན་དགོས་དོན་ཡང་མི་འདུག་སྙམ། དེར་བརྟེན། རང་བཙན་འཐབ་རྩོད་ཀྱི་ཆེད་དུ་ལས་འགུལ་ཅི་ཞིག་སྤེལ་ཀྱང་དེའི་ནང་དུའང་བོད་ཀྱི་སྐད་ཡིག་ངེས་པར་ཏུ་གཙོ་བོར་འཛིན་དགོས།
དེ་ཡང་བོད་ནང་གི་གནས་ཚུལ་ཕྱིར་བསྒྲག་པར་ཕྱི་སྐད་བེད་སྤྱོད་གཏོང་དགོས་པ་དེ་མེད་དུ་མི་རུང་བའི་ཆ་རྐྱེན་དང་། བོད་ཕྱི་ཡི་གནས་ཚུལ་ནང་ལ་སྐྱེལ་བར་བོད་ཡིག་བེད་སྤྱོད་གཏོང་ཐུབ་པ་བྱུང་ཚེ། ཕྱི་ལ་ཁྱབ་བསྒྲགས་དང་ནང་ལ་སྐུལ་སློང་གི་ནུས་པ་ཡང་ཤུགས་ཆེན་ཐོན་ཐུབ་པར་ཐེ་ཚོམ་མེད་ལ། ཡང་དགོས་སུ་བོད་ནང་དུ་མི་རིགས་འདྲ་མཉམ་དང་སྐད་ཡིག་འདྲ་མཉམ་ཞེས་གཞིས་ལུས་བོད་རིགས་ཟླ་ཚོས་རྒྱ་དམར་གྱི་གཉའ་གནོན་དང་འཇིགས་བསྐུལ། རྡུང་རྡེག སུན་གཙེར་གྱི་ཡི་མུག་པའི་ཁོར་ཡུག་གམ་དམྱལ་ཁམས་མི་ཡུལ་དུ་བྱུང་བ་ལྟ་བུའི་གདུག་རྩུབ་འོག་རང་སྲོག་འབེན་ལ་བཙུགས་ཏེ་བོད་མི་རིགས་ཀྱི་བདེན་དོན་ཆེད་ཡར་ལངས་བྱས་དང་བྱེད་བཞིན་པར་གདུང་སེམས་མཉམ་སྐྱེད་དང་དང་སྐྱིད་སྡུག་མཉམ་མྱོང་གི་རྣམ་པའང་མཚོན་ཐུབ་པས་ང་ཚོའི་རང་བཙན་རྩོད་ལེན་གྱི་ཚོགས་པ་ཁག་གིས་རང་ཉིད་ཀྱི་དྲ་བ་དག་བོད་ཡིག་གཙོར་བཟུང་བྱེད་མི་ཐུབ་ཀྱང་བོད་དབྱིན་འདྲ་མཉམ་གྱི་སྐད་ཡིག་ཅན་ཏུ་ངེས་པར་ཏུ་བསྒྱུར་ཐུབ་བྱ་དགོས། ད་དུང་རང་བཙན་རྩོད་ལེན་གྱི་ཚོགས་པ་ཁག་གི་དབུ་ཁྲིད་དག་གིས་ཀྱང་བོད་ཀྱི་སྐད་ཡིག་གཙོ་བོར་བཟུང་ནས་མ་འོངས་པའི་བོད་ཀྱི་གནས་བབ་དང་རང་བཙན་རྩོད་ལེན་གྱི་དགོས་དམིགས། ཆབ་སྲིད་ཀྱི་ལང་ཕྱོགས་སོགས་གཞི་རིམ་སྤྱི་ཚོགས་ཁྲོད་བོད་ཡིག་གི་ཐོག་རྩོམ་ཡིག་དང་། དཔྱད་བརྗོད། ཟིན་བྲིས། ལས་འགུལ་དྲིལ་བསྒྲགས་སོགས་དུས་ཐོག་ཏུ་སྤེལ་ཏེ། རང་བཙན་རྩོད་ལེན་གྱི་དབུ་ཁྲིད་ཚོ་དང་མི་མང་གི་བར་གྱི་བསམ་བློའི་འདུ་ཤེས་ཐག་ཉེ་རུ་གཏོང་དགོས་པའི་འབོད་སྐུལ་ཞུ།
དྲ་འབྲེལ་ཁག
རང་བཙན་མཐུན་ཚོགས་ཀྱི་དྲྭ་རྒྱ། www.rangzen.net
གཞོན་ནུ་ལྷན་ཚོགས་ཀྱི་དྲྭ་རྒྱ། www.tibetanyouthcongress.org
བོད་རང་བཙན་སློབ་ཕྲུག་ཚོགས་པའི་དྲྭ་རྒྱ། www.studentsforafreetibet.org
མཁས་དབང་འཇམ་དབྱངས་ནོར་བུ་མཆོག་གི་ཟིན་བྲིས། www.jamyangnorbu.com