གཡུ་དྲུག་དཀར། རྡ་ས།
ནངས་མོ་དེར་ང་རང་ཕ་ཡུལ་དང་ཧ་ཅང་རྒྱང་ཐག་རིང་བའི་ས་མཐའ་འདིར། རང་དོན་ཆུང་ཆུང་ཞིག་གི་སླད་དུ་རྒྱུག་བཞིན་ཡོད། འདུར་བཞིན་ཡོད། གློ་བུར་དུ། གློ་ཁུག་ལས་ཁ་པར་གྱི་སྒྲ་དབྱངས་སྐྱོ་ལྷང་ངེ་བ་དེ་འདར་བཞིན་འགུལ་གྱིན་གྲགས་བྱུང་ལ། ཁ་པར་ལག་ཏུ་བླངས་ཏེ་ཁ་ཕྱེས་དུས། ཁྱེད་ཀྱིས་ཕ་ཡུལ་ནས་རང་ལུས་མེ་རུ་སྦར་ཏེ། འབར་བཞིན་འགད་ཀྱིན་གཞན་དོན་ཆེན་པོ་ཞིག་གི་ཆེད་དུ་གཤེགས་སོང་ཟེར།
དེ་མ་ཐག་ཏུ་རང་གི་རྣ་བ་གཉིས་ལ་ཡིད་མི་ཆེས་ཤིང་། རློམ་མི་ཐུབ་པ་ཞིག་ཏུ་སྣང་ཡང་། ཉེ་སྔོན་ཕ་ཡུལ་དུ་འབྱོར་དུས་འབར་ཆོག་ཆོག་ཏུ་སྣང་བའི་ཕ་ཡུལ་དེ་སླར་ཡང་ཡིད་ལ་བསམ་ཞིང་། སེམས་ལ་དྲན་ན། ཁ་པར་ནང་གི་སྐད་ཆ་དེ་ཡིས་སྙིང་འདར་དུ་འཇུག་གི སེམས་འཚབ་ཏུ་འཇུག་གི
ལག་འདར་འདར་གྱིས་རང་གི་ཁ་པར་ཐོག་ལ་ཁ་པར་ཞིག་གི་ཨང་གྲངས་རེ་རེ་བཞིན་མནན་ཏེ་ག་ལེར་རྣ་སྒོར་སྦྱར་དུས། དེ་མ་ཐག་”འ་རོ་”ཟེར་བའི་སྙོམ་སྐད་དམའ་མོ་ཞིག་གཏིང་ནས་མཆེད་ཅིང་། གྲྭ་མང་གིས་སྨོན་ལམ་འདོན་པ་དང་། མི་མང་པོས་ཀི་འདེབས་པ། ཨ་ཡེས་མང་པོ་ཞིག་གིས་སྐད་ཤུགས་མཐོན་པོས་མ་ཎི་དབྱངས་སུ་གྱེར་ཞིང་། མང་པོ་ཞིག་ངུ་བཞིན་པ་གསལ་ལྷང་ལྷང་དུ་གོ་ཡོང་བས། སེམས་སྨྲེངས་བས་ཁེངས་སོང་། མིག་མཆི་མས་ཁེངས་སོང་།
ང་ཡི་དཔའ་བོ། ང་ཡི་ཕ་ཡུལ། ཁྱེད་ཀྱི་དཔའ་ཉམས་ང་ཡི་མིག་གིས་མཐོང་ཞིང་། ཁྱེད་ཀྱི་དཔའ་སྐད་ང་ཡི་རྣ་ཡིས་གོ་དུས། སེམས་པ་འདི་ཁྱོད་ལ་འཁོར་ཡོད་ཕྱིར། རུས་རྐང་འདི་ཁྱོད་ལ་འབྲེལ་ཡོད་ཕྱིར། ང་རང་ཡུལ་འདིིའི་ཡུལ་མི་མང་པོ་ཡོད་སའི་ལས་ཁུངས་ཤིག་ནས། མ་ཁ་སོ་ཡིས་བསྡམས་ནས་མིག་ཆུ་ཕྱི་རུ་ཕོ་མ་བཅུག་པར། རང་གིས་རང་ལ་སྙིང་ཕུར་རྡེབ་བཞིན་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ཕྱི་རུ་འབུད་དགོས་སོང་།
ཁྱེད་རང་འདི་ལྟར་རྒྱལ་ཁབ་དང་མི་རིགས་ཀྱི་རང་དབང་ཆེད་ཀྱི་མེ་རྒོལ་སུམ་ཅུ་པར་འབར་ཏེ་གཤེགས་སོང་བར་བསམ་ན། ང་ཡི་མིག་ནང་གི་མཆི་མ་རང་འགར་སྐམ་འགྲོ་ཞིང་། སེམས་ཀྱིོ་སྨྲེངས་བ་ངང་གིས་ཞི་འགྲོ་མོད། ལོ་རྒན་བདུན་ཅུ་ལོན་པའི་མ་རྒན་དེ་ད་ལྟ་འདར་འདར་གཡུག་གཡུག་གིས་ངུ་ཞིང་རྒྱལ་བཞིན་པ་དེ་བསམ་ན། ཚེ་གཅིག་སྙིང་གི་ཀ་ཆེན་འགྱེལ་བའི་བཟའ་ཟླ་དེ་ད་ལྟ་རྒྱུག་བཞིན་ལོག་བཞིན་ཁྱེད་ཀྱི་ཕུང་བོ་ལ་གཅར་གྱིན་པ་དེ་དྲན་ན། སེམས་ཀྱི་ཕ་ལོ་གཏན་དུ་ཡལ་སོང་བའི་བུས་པ་གསུམ་དེ་ད་ལྟ་མིག་ཆུ་ཤམ་ཤམ་གྱིས་འཚིགས་ཟིན་པའི་ཁྱེད་ཀྱི་ངོ་གདོང་ནག་རོག་གེར་བ་དེར་ཅེར་ཡོད་པའི་ངང་ཚུལ་སེམས་ན། དོན་ཆེན་གྱི་ཁུར་བོ་ཐང་ལ་ལྷུང་སོང་བའི་ཁྱིམ་ཚང་ཞིག་གི་ཆག་སྒོ་བྲང་ལ་སྦྱར་ན། འདི་ལྟར་གནད་ཀྱི་གལ་ལ་གཏུགས་དུས་གློ་བུར་དུ་ཅི་བྱེད་འདི་བྱེད་ཤེས་ཀྱིན་མེད་པའི་ཡུལ་མི་ཉམ་ཆུང་དག་གི་ངོ་གདོང་མིག་ལ་འཆར་ན། ཉི་མ་དཀར་དཀར་ལ་མུན་པ་འཐིབས་སོང་། སྣང་བ་གསལ་གསལ་ལ་གར་དྲན་འདི་དྲན་ཡང་མི་འདུག
ང་ཡི་དཔའ་བོ།་ང་ཡི་ཕ་ཡུལ། དཔའ་སྐད་སེང་སེང་དེ་རྣ་ཡིས་གོ་ཡོད། དཔའ་ཉམས་འཇིག་འཇིག་དེ་མིག་གིས་མཐོང་ཡོད། མིག་ཆུ་ཤམ་ཤམ་དེ་སྙིང་ལ་འཁྱིལ་ཡོད། སྐྱོ་བ་མུག་མུག་དེ་སེམས་ཀྱིས་མྱངས་ཡོད།
སྐྱོ་བ་ཐེག་ཚད་ཅིག་ཁོག་ལ་བཅུག་སྟེ། ང་རང་དྲ་ཁང་ཞིག་ཏུ་གློག་ཀླད་ཅིག་གི་ངོ་གདོང་ལ་ཅེར་ནས། དང་ཐོག་སྐད་ཆ་ཞིག་འེ་གོ་བསམ་ནས། འདྲ་པར་ཞིག་འེ་ལོན་ན་སྙམ་སྟེ། ད་དུང་བརྙན་ཕབ་ཐུང་ཐུང་རེ་ཡོང་འེ་ཐུབ་དྲན་ནས་བསྡད་མོད། སྐད་ཆ་གཅིག་གོ་ན་དེ་ལས་མང་བའམ་དེའི་གཞུག་གི་སྐད་ཆ་གོ་འདོད་ཀྱི་རྣ་བ་ཁ་པར་དང་གློག་ཀླད་ཀྱི་སྒྲ་སྒམ་ཆུང་ཆུང་དག་གི་ཐད་ཐད་དུ་བླགས། པར་གཅིག་རེག་ན་གཉིས་རེག་མི་ཡོང་ངམ་སྙམ་པའི་བློ་རྩེ་གྱེན་དུ་གཟེངས། བརྙན་ཕབ་གཅིག་མཐོང་ཡང་དེ་ལས་རིང་བ་ཞིག་རིག་འདོད་ཀྱི་བློ་ཁ་གློག་ཀླད་ཀྱི་ཤེལ་ཡོལ་ངོས་སུ་ཕྱོགས་ནས། ཉི་མ་ཉིན་གང་བོར་གློག་ཀླད་དང་ཁ་པར་ལ་ཅེར་ཅེར་དང་ཉན་ཉན་དུ་བསྡད།
ད་དུང་གོ་ན་ངུ་སྙིང་འདོད་པའི་སྐད་ཆ་རེ་རེ་དང་མཐོང་ན་བླ་འདར་བའི་པར་རིས་རེ་རེ་བཞིན་འབྱོར་ཡོང་དུས། དེ་དག་རེ་རེ་བཞིན་ཆད་ལྷག་མེད་པར་གང་མགྱོགས་གང་མྱུར་གྱིས་སུ་ཞིག་གི་གསར་འགྱུར་གྱི་བར་བར་ལ་གཏོང་ཐུབ་མིན་གྱི་གདེང་རང་ལའང་མི་འདུག་སྟེ། སྐབས་འདི་འདྲ་ལ་རང་གི་ཐག་ཉེ་ཡི་གསར་འགྱུར་གྱི་སྒེའུ་ཁུང་དག་ནི་ཧ་ཅང་ཆུང་ཆུང་ཆུང་ཆུང་དུ་འདུག་པ་མཐོང་ལ། གཞན་གྱི་གསར་འགྱུར་གྱི་སྒེའུ་ཁུང་ཆེན་པོ་དག་ནི་སུ་ཞིག་གིས་བླུས་འདུག་པའི་སྣང་བ་ཡ་མཚན་རེའང་འཆར་བས། ཉི་མ་ཉིན་གང་བོར་བློ་བདེ་འགྲོ་བ་ཞིག་དང་ཡིད་ཚིམ་འགྲོ་བ་ཞིག་གཏན་ནས་མི་འདུག
ང་ཡི་དཔའ་བོ། ང་ཡི་ཕ་ཡུལ། མེ་ལྕེ་ལམ་ལམ་དེ་ལོ་རྒྱུས་ཀྱི་ཚེ་འབར་ཡིན་ཞིང་། མེ་སྟག་ཆུང་ཆུང་རེའང་རང་དབང་གི་མེ་དཔུང་རེ་རེ་ཅི་ལ་མིན། ཁྱེད་ཀྱི་དཔའ་རྟགས་རྒྱང་ནས་མཐོང་ཡོད། ཁྱེད་ཀྱི་ཀི་སྒྲ་གླིང་ལ་ཁྱབ་ཡོད།
དེ་ལྟར་ཉི་མ་མཐུད་མཐུད་ལ་ཁ་པར་གྱི་སྐུད་སྣེ་མཐུད་མཐུད་ལ་ཉན་ནས་བསྡད་པར། ཕ་ཡུལ་དུ་ཆོས་ཀྱི་རྟ་དབྱངས་ཤིག་ལྷང་ལྷང་དུ་གོ་ཡོང་གི ཕ་ཡུལ་དུ་དཔའ་བོའི་གདུང་ཐལ་ལ་ཐོད་པ་གཏུག་མཁན་དང་ཁྱིམ་མིར་སྐྱོ་རོགས་བྱེད་དུ་ཡོང་བའི་འགྲུལ་བ་རྫོགས་མཐའ་མི་འདུག་ཟེར། ཐ་ན་འདས་བའི་ལོ་ཤས་ནང་བར་ན་གྱོད་ཀྱི་ཁ་རྨ་ཡོད་པའི་སྡེ་བ་དག་ཀྱང་མྱ་ངན་གྱི་མགོ་བོ་སྒུར་ནས། དཔའ་དར་གྱི་སྣེ་མོ་མཐོ་རུ་བཏེགས་ནས་སླེབས་སོང་ཟེར་བས། གྱོད་ཀྱི་རྨ་ཁ་སོས་ཏེ། ཆིག་སྒྲིལ་གྱི་མདུད་པ་དམ་པོར་བརྒྱབས་པའི་དགའ་བ་ས་དང་གནམ་ལ་མི་ཤོང་བའང་ཡོད་འདུག་གོ།
ང་ཡི་དཔའ་བོ། ང་ཡི་ཕ་ཡུལ། མདུན་རི་སྟོབས་པོ་ཆེ་དེ་སྲིད་པ་བོད་ཀྱི་ས་འཛིན་གྱི་ཀ་བ་ཡིན་ཨང་། དཔའ་སྙིང་རྡོག་རྡོག་དེ་བོད་སྙིང་གསོན་པོ་རེད་ཨང་། སྔོན་ཆད་ཆོས་རྗེ་དོན་གྲུབ་རིན་ཆེན་དང་། འཇམ་དབྱངས་བློ་གྲོས། ནི་གུ་སྒོམ་ཆེན། ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་སོགས་སེམས་དཔའ་ཆེན་པོ་མོད་པོ་ཞིག་གནས་འདི་ནས་འཁྲུངས་ཤིང་། བོད་ཆེན་པོའི་སྙིང་ནོར་དུ་བཞུགས། ད་ལྟ་ལུས་སྲོག་གི་མཆོད་མེ་སྦར་བའི་དཔའ་བོ་ཞིག་བོད་ཡུལ་མིན་པའི་གླིང་གི་རང་དབང་གི་དཔལ་འབར་དུ་བསྒྲེངས།
ང་ཡི་དཔའ་བོ། ང་ཡི་ཕ་ཡུལ། ཁྱེད་ཀྱི་ནམ་མཁར་མིག་གིས་བལྟས་ནས་ཡོད། ཁྱེད་ཀྱི་ས་གཞི་བྲང་ཁར་རུམ་ནས་ཡོད། ནམ་ཡང་།
ཁོང་ཚོའི་རླབས་ཆེན་གྱི་མཛད་པ་ལ་ཧན་མི་རིགས་ཞིག་གི་ཁ་ནས”སྐྱེས་པ་རླབས་ཆེ་ཞིང་།།ཤི་བ་གཟི་བརྗིད་ཆེ།།” ཞེས་འབུད་དཀའ་རུང་ཁོང་ཚོའི་སྙིང་སྟོབས་ལ་བླ་འདར་གྱིན་ཡོད་པ་གདོན་མི་ཟ། ༧ གོང་ས་མཆོག་གིས་ང་ཚོའི་མི་རིགས་འདི་རྒྱ་མིས་ག་རེ་བྱས་ཆོག་ཆོག་ཡོད་པ་མ་རེད་དྰ་ཞེས་གསུངས་མྱོང་བ་བཞིན་རེད།
་་་