རང་སྐྱོན་རྟོག་པ་ནི།་ ཡར་རྒྱས་ཀུན་གྱི་གཞི་ཡིན།
ཆོས་དང་འཇིག་རྟེན་གང་ཡིན་རུང་། བྱ་བ་ལེགས་པོ་ཞིག་སྒྲུབ་དགོས་ན། དང་པོ་མཐུན་རྐྱེན་དང་འགོག་རྐྱེན་གཉིས་བཙལ་ནས། མཐུན་རྐྱེན་འཛོམས་པར་བྱེད། འགོག་རྐྱེན་ཟད་པར་བྱེད་དགོས། ཆོས་ལུགས་གཞན་དང་མི་འདྲ་བར་ནང་ཆོས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཅིག་ཡོད་པ་ནི། རང་གི་བསམ་བློ་དང་། ཤེས་པ། རྣམ་རྟོག་སོགས་ལ་དག་བཤེར་བྱས་ནས། མཐའ་ན། སྟོན་པའི་ཆོས་ལ་ཡང་། བརྟག་དཔྱད་བྱས་ནས་མཇུག་སྡོམ་རྒྱག་པ་ལས། དད་པ་དང་ཡིད་ཆེས་གཅིག་པུར་བརྟེན་གྱི་མེད། དེ་དག་ལག་ལེན་བྱེད་པའི་སྲོལ་གནད་འགག་ཅན་འགའ་ཤས་ཡོད་པ་ལས། གཅིག་ནི། ཚད་མ་རིགས་པ་བཀོལ་སྤྱོད་གཏོང་བ། གཉིས་ནི། བདེན་པ་བདེན་མིན་རྩད་གཅོད་གཏོང་གི་ཡོད། དེའི་འབྲས་བུར། ནང་ཆོས་འདི་ཆོས་ལུགས་གཞན་གང་འདྲ་ཞིག་གི་འོག་ལ་རིགས་པ་དང་ལྟ་བ་ལ་ཕམ་ཁ་འཁུར་མྱོང་མེད་ལ། ད་ཆ་ཚན་རིག་པ་ཚོས། ནང་ཆོས་ལ་མཐོང་ཆུང་བྱེད་ཐུབ་ཀྱི་མེད། རྒྱུ་མཚན་གཙོ་བོ་ཞིག་ནི། ནང་ཆོས་ཀྱི་གཞུང་ལུགས་ལས། ཕྱིའི་སྐྱོན་འཛུགས་དང་། དགག་བྱ་དེ་དག་ལ་བརྡར་བཤེར་ལོ་མང་བྱས་ནས། རང་གི་ལྟ་བ་དང་རིགས་པ་དེ་སྲ་བརྟན་དུ་བཏང་ཐུབ་ཡོད།
མདོར་བསྡུས་ན།ནང་ཆོས་དེས་རྩོད་སྒྲུབ་ཀྱི་དམག་འཁྲུག་ལོ་ངོ་སྟོང་ཕྲག་ལྷག་བརྒྱབ་ནས། རང་སྐྱོན་སེལ་བཞིན་དུ། གཞན་སྐྱོན་འབུར་བཅོམ་བྱས་ཡོད། འདི་ནང་ཆོས་ཀྱི་ཁྱད་ཆོས་ཆེན་པོ་ཞིག་རེད། ཡིན་ནའང་། ང་ཚོ་བོད་ལ་ནང་ཆོས་དར་ནས། གོང་གི་རྩོད་སྒྲུབ་རིགས་པ་དེ་ཁྱབ་སྤེལ་བྱུང་ཡོད་རུང་། རིན་ཐང་བྲལ་བའི་རྩོད་སྒྲུབ་རིགས་པའི་གཞུང་ལུགས་ཀྱི་སྙིང་སྟོབས་འདི་ཆོས་ཀྱི་ཁྱབ་ཁོངས་ལས། སྤྱི་ཚོགས་དང་སྲིད་ཀྱི་ལམ་ལུགས་ལ་དར་སྤེལ་ཐུབ་མེད། དེ་ཤིན་དུ་སྐྱོ་བོ་རེད་སྙམ། གལ་ཏེ། ང་ཚོས། ཆོས་ལ་དག་བཤེར་བྱེད་ཆེད་དུ་བཙུགས་པའི་བཤད་སྒྲ་དང་། བརྩོད་གྲྭ་དེ་དག་ནང་བཞིན༏ སྲིད་དང་འཇིག་བརྟེན་གྱི་བྱ་གཞག་གི་བླང་དོར་བྱེད་པའི་བཤད་གྲྭ་དང་རྩོད་གྲྭ་འགའ་ཤས་འཛུགས་ཐུབ་ཡོད་ན། ད་གཟོད་ངེད་ཚོའི་སྤྱི་ཚོགས་འདི་འཛམ་གླིང་སྟེང་གི་ཕུལ་དུ་བྱུང་བའི་མི་སྡེ་ཞིག་ཡོང་ཐུབ་པར་ཐེ་ཚོམ་མེད་སྙམ།
ང་ཚོ་བོད་མི་རིགས་འདི་ལ། འདི་ལྟ་བུའི་རང་སྐྱོན་བརྩད་ནས། གཞན་གྱི་ཡོན་ཏན་ལེན་པའི་ཤེས་རིག་ཤིན་དུ་ཟབ་པའི་རྨང་གཞི་ཞིག་ཡོད་ལ། རྨང་གཞིའི་དེའི་སྟེང་ནས། མི་རིགས་འདིའི་མདུན་ལམ་ཤིན་དུ་བཟང་པོ་ཞིག་སྐྲུན་པར་ཆ་རྐྱེན་བཟང་པོ་ཞིག་ཡོད་མོད། ཡིན་ནའི་དི་ལྟར་བགྱིད་པའི་བློ་སྟོབས་དང་། དཀྱེལ་ཡངས་གྱི་ནུས་པ་ད་ལྟ་མཐོང་རྒྱུ་དཀོན། རྒྱུ་མཚན་གཙོ་བོ་ཞིག་ནི། ངེད་ཚོར་སྤྱི་ཚོགས་ཀྱི་དགེ་སྐྱོན་འཚོལ་བའི་རིག་པའི་གཞུང་ལུགས་མེད་པས་ཡིན། དེའི་འབྲས་བུར་ངེད་ཚོར་རང་སྐྱོན་བརྗོད་པའི་སྤོབས་པ་ལྡང་གི་མི་འདུག རང་སྐྱོན་བརྗོད་ན། མི་རྣམས་མི་དགའ་ལ། སྤྲེལ་ལད་ཤོད་ན་དགའ་པོ་བྱེད་པའི་གོམས་གཤིས་སྡུག་པོ་ཤིག་ངེད་ཚོའི་ཁྲོད་ན་དར་ཁྱབ་ཆེ་བས། ཡར་རྒྱས་ཡོང་འགྱུར་བར་ཆད་ཤིན་དུ་ཆེ།
དེས་ན། འདིར་ཕེབས་མཁན་གྱི་གྲོགས་པོ་ཚོས་འདིའི་སྐོར་ལ་བསམ་གཞིགས་ནན་པོ་ཞིག་གནང་ཐུབ་ན་ངེད་ཚོར་ཕན་པ་ཆེན་པོ་འདུག་སྙམ། ཁྱེད་རང་གཟིགས་དང་། ཆོས་པ་དམ་པ་རྣམས་ཀྱིས་རང་སྐྱོན་འབུར་འདོན་བྱེད་པ་འདི་ཆོས་ཀྱི་ལམ་ལ་འཇུག་པའི་རྒྱུ་གལ་ཆེ་ཞིག་ཡིན་པ་ཁོང་རྣམས་ཀྱི་རྣམ་ཐར་ལས་མཐོང་ཐུབ། འདི་ལྟར་ན། ངེད་ཚོས་སྤྱི་ཚོགས་ཀྱི་སྐྱོན་ཆ་རྣམས་འབུར་འདོན་བྱེད་ཐུབ་ན་སྤྱི་ཚོགས་འདིའི་ཡར་རྒྱས་ཀྱི་ཆ་རྐྱེན་བཟང་པོ་ཞིག་ཡིན་པར་ངོས་འཛིན་བྱེད་དགོས་ཀྱི་འདུག ངེད་ཚོ་ལ་སྤྱི་ཚོགས་ཀྱི་སྐྱོན་ཡོན་མཐོང་ཐུབ་མཁན་གྱི་འཇིག་རྟེན་གྱི་མཁན་པོ་འགའ་ཤས་དགོས་ཀྱི་འདུག དེ་རིང་ཁ་སང་མཁན་པོ་འདི་འདྲ་ཞིག་ལམ་སེང་མ་རྙེད་རུང་། ངེད་ཚོས། མ་འོངས་པའི་ཁ་བ་ཅན་གྱི་བུ་རྒྱུད་ནང་། འཇིག་རྟེན་གྱི་མཁན་པོ་འགའ་ཤས་གསོ་སྐྱོང་དགོས་ཀྱི་འདུག དེ་ལྟར་བྱེད་པར་ངེད་ཚོའི་ད་ལྟའི་བཙན་བྱོལ་གྱི་སློབ་གསོའམ་ཤེས་རིག་གི་ལམ་ཁ་དེ་སྒྱུར་དགོས་ཀྱི་འདུག
ད་ལྟའི་ངེད་ཚོའི་སློབ་གསོའི་ལམ་ལུགས་ནང་ཞན་ཆ་གཙོ་བོ་འདི། རྩོད་སྒྲུབ་རིགས་པའི་སློབ་གསོ་སྟེ། དབྱིན་སྐད་ལ། Critical Education ཞེས་པ་འདི་མེད་པས་རེད། འདི་ལྟར་རྩོད་སྒྲུབ་རིགས་པའི་སློབ་གསོ་ཞིག་བསྐྲུན་པར་ང་ཚོ་རང་དབང་ལུང་པའི་ནང་ལ་བཞུགས་པའི་བོད་པ་ཚང་མས་འབད་པ་དང་དོ་སྣང་བྱས་ན་སྒྲུབ་ཐུབ་ལ་ཆ་རྐྱེན་ཡང་ཚང་ཡོད་པས། ང་ཚོས་གོ་སྐབས་འདི་ཤོར་རྒྱུ་མི་འདུག འདི་ནི་ཁ་ཡོད་ལག་ཡོད་་ཀྱིས་བོད་སྤྱི་པའི་བདེ་སྡུག་ལ་ཞབས་འདེགས་ཤིག་རེད་ལ། གཞིས་ལུས་མི་དམངས་ཀྱིས་ངེད་ཚོར་བཅོལ་བའི་འགན་ཁྲི་ཞིག་ཀྱང་རེད།
དེ་རིང་ཡིན་ན། ཚངས་དབྱངས་ལགས་ཀྱིས་གོ་རྒྱུ་ཅན་ཞིག་བྲིས་འདུག
མུ་མཐུད་དུ་འབྲི་རོགས།
༄༅། །ཨེ་མ་ཧོ༔
ཨེ་ནི་སྟོང་པ་ཆོས་ཀྱི་སྐུ། །
མ་ནི་སྣང་བ་ལོངས་སྤྱོད་རྫོགས། །
ཧོ་ནི་ངོ་མཚར་སྤྲུལ་བའི་སྐུ། །
དབྱེར་མེད་རང་བྱུང་རིག་པའོ། །
ཕྱི་ལ་མ་བལྟ་ནང་ལ་ལྟོས། །
སྙིང་གཏམ་སྙིང་གི་དཀྱིལ་ན་ཡོད། །
རང་རང་སོ་སོའི་སེམས་ན་ཡོད། །
བཟང་ངན་ཅི་བྱ་རང་ལག་ཡོད། །
ས་ག་ཟླ་བའི་ཡར་ངོའི་ཚེས་གཅིག་ལ་བུདྡྷ་ཛྙྰ་ནའི་ཡང་དབེན་ནས་ཤྲྰི་ཨནནྟ་བཛྲས་སོ། །
ད་རེས་ཚངས་དབྱངས་ཀྱིས་ངོ་མ་ལོས་བདེན་བསམ་རྒྱུ་ཞིག་བྲིས་འདུག
མངོན་ནས་དྲང་ནས་རེད་འདུག། ང་ཚོ་འབྲུག་ལ་ཡང་དེ་འདྲ་ཞིག་དགོས་ངེས་ཡོད་རེད།
གྲོགས་པོ། རིན་ཐང་བྲལ་བའི་རྩོད་སྒྲུབ་རིགས་པའི་གཞུང་ལུགས་ཀྱི་སྙིང་སྟོབས་འདི་ཆོས་ཀྱི་ཁྱབ་ཁོངས་ལས། སྤྱི་ཚོགས་དང་སྲིད་ཀྱི་ལམ་ལུགས་ལ་དར་སྤེལ་ཐུབ་མེད།་ དེ་ནི་ཁྱེད་ཀྱིས་ཕྱི་གླིང་གི་རྩོད་སྒྲུབ་རིགས་པ་དེས་ཁ་གཏོད་ཡུལ་ནི་མིའི་རིགས་ཀྱི་སྤྱེ་ཚོགས་བསམ་བློ་སྤྱིའི་ཁྱབ་ཁོངས་ཡིན་པ་དང་། ཆོས་ལུགས་ཀྱི་སྟོན་པས་གཏན་ལ་ཕབས་ཟིན་པ་དེར་ཅི་ལྟར་འཇུག་པའམ་ལུང་གི་སྟེང་འཛིན་ལས་འདའ་མི་ཆོག་པའི་བསམ་བློ་གོར་གོར་ཞིག་གི་ནང་དུ་དཔྱད་འཇོག་བྱེད་དགོས་པའི་ཁྱད་པར་མ་མཁྱེན་པའི་རྐྱེན་གྱིས་རེད། ང་ཚོའི་སྐྱོན་ཆ་ནི་དེ་ལས་ལྡོག་དེ་ལུང་གི་སྟེང་འཛིན་ལས་འདའ་མི་ཆོག་པའི་བསམ་བློ་གོར་གོར་ཞིག་གི་ནང་དུ་བསྡུས་པའི་རིག་པའི་དཔྱད་འཇོག་དེས། སྤྱི་ཚོགས་ཀྱི་བསམ་བློ་ཧྲིལ་བོར་བསམ་བློ་སྣ་མང་ཅན་གྱི་རྩོད་སྒྲུབ་རིགས་པ་དར་མ་ཐུབ་པའི་རྐྱེན་གྱིས་རེད། འདི་ལྟར་བཤད་པ་དེ་ནི་ངས་ཆོས་ཀྱི་བསྟན་པ་དེ་རིན་ཐང་མེད་པ་ཞིག་རེད་ཟེར་གྱིན་མེད། ཡིན་ནའང་ང་ཚོས་ངོས་ནས་མཐའ་གཅིག་ཏུ་བོད་ཀྱི་ནང་ཆོས་ནི་མི་རིགས་བསམ་པའི་རྒྱགས་ཕྱེ་ཁོ་ན་དེ་ཡིན་ཞེས་ཨུ་ཚུགས་བྱས་ཆོག་མོད། ཚན་རིག་དང་འཛམ་གླིང་གི་རྩོད་སྒྲུབ་རིགས་པས་མིའི་རིགས་ཀྱི་ལྷན་སྐྱེས་ཀྱི་ཀུན་སྤྱོད་ཀྱི་ཚད་གཞི་ཙམ་ལས་བསམ་པའི་རྒྱགས་ཕྱེ་དེ་ད་དུང་འཚོལ་བཞིན་ཡོད་ལ། མིའི་རིགས་ཀྱི་བསམ་བློའི་རྐྱོང་སྐུམ་མ་བསྡད་བར་དུ་བདེན་པའི་འཚོལ་ཞིབ་ཀྱང་སྡོད་ཐབས་མེད་པས། ང་ཚོས་ཀྱང་བལྟས་བཅོས་ཙམ་ལས་རང་བཞིན་དུ་གྲུབ་པའི་རྣམ་མཁྱེན་ཞིག་གིས་ཨུ་ཚུགས་བརྒྱག་དགོས་དོན་མེད་སྙམ། ད་དུང་ཁྱེད་ཀྱིས་གསུངས་པའི་་ Critical Educationculturalism ་ཟེར་བ་དེར་ culturalism དང་ multiculturalism ཡང་ Criticism Theory for music ཟེར་བ་སོགས་གཞུང་ལུགས་མང་པོ་ཞིག་ཡོད་པ་དེ་དག་གི་ལྟ་གྲུབ་ཕལ་ཆེར་སྐུ་ཉིད་ཀྱིས་མཁྱེན་ཡོད་ཀྱི་རེད། དུས་ཚོད་ཡོད་དུས་མཇལ་ཡོང་།
རང་སྐྱོན་རྟོགས་པ་ནི། ཡར་རྒྱས་ཀུན་གྱི་གཞི་རྩ་ཡིན།