གངས་དཀར་རྒྱལ་སྲས་ཀྱིས།
༼ཨི༽
རང་དབང་གཙང་མ་ཞིག་གི་ཆེད་དུ། ཞི་བདེ་གསར་བ་ཞིག་གི་ཆེད་དུ། བདེ་སྐྱིད་དོན་མཐུན་ཞིག་གི་ཆེད་དུ། ཁྱེད་ཚོ་དེ་ལྟར་བཞུད་སོང། མེ་དམར་པོའི་དུད་སྤྲིན་གྱི་ཀློང་ནས། ཆེས་མཐའ་མཇུག་གི་དཔའ་སྐད་སྒྲོགས་བཞིན། ནམ་ཡང་ཕྱིར་མི་ལྡོག་པའི་གནས་དེར་བཞུད་སོང། ཁྱེད་ཚོས་ཚེ་སྲོག་གིས་སྦར་བའི་མེ་ལྩེ་ཡིས། ཕས་ཀྱི་རྒོལ་བ་སྤ་བཀོང་ཞིང་རང་དབང་དང་ཞི་བདེ་ཚུར་ལ་བསུས། མི་འཇིགས་ལར་ཞེན་གྱི་རྡོ་རིང་འཇིག་རྟེན་ལ་བཞེངས།
༼ཨུ༽
འདི་ནི། མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ། ཚེ་སྲོག་གིས་བྲིས་པའི་རེ་འདོད་ཀྱི་སྙན་ཞུ་དམར་པོ་ཞིག་རེད། འདི་ནི། མི་རིགས་ཤིག་གི་རང་དབང་བསུ་བའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་རེད། འདི་ནི། སྲིད་གཞུང་ཞིག་ལ་འུ་ཐུག་ནས་ཕུལ་བའི་ཚེ་སྲོག་གི་བདེན་དཔང་ཞིག་རེད། འདི་ནི། སྦས་པའི་མནར་གཅོད་ལ་རྒོལ་བའི་མངོན་སུམ་གྱི་གནས་ལུགས་ཤིག་རེད། འདི་ནི། གཡོ་ཇུས་ཀྱི་མཚང་ལ་རྒོལ་བའི་འཇིགས་མེད་ཞི་བདེའི་སྤོབས་པ་ཞིག་རེད། འདི་ནི། ཞི་བདེ་བསྲུང་སྐྱོབ་དང་རང་དབང་བརྩི་བསྲུང་ལ་ཕུལ་བའི་ལྷག་བསམ་གྱི་ཁ་བཏགས་ ཤིག་རེད། འདི་ནི། སྲིད་གཞུང་ཞིག་གི་མཁྲེགས་བཟུང་དང་གཡོན་ཐལ་ལ་རྒོལ་བའི་དྲང་བདེན་གྱི་གཟུ་ཐིག་ ཅིག་རེད། འདི་ནི། བདེན་པ་ཞིག་གི་ཆེད་དུ། རང་དབང་ཞིག་གི་ཆེད་དུ། གྲལ་དུ་སྒྲིགས་པའི་འཆི་ཕོད་རུ་ཁག་ཅིག་རེད།
༼ཨེ༽
རེད་ཡ། ཤ་ཁྲག་གི་འདང་བརྩེའི་ཀློང་ན་ནམ་ཡང་བརྗེད་ཐབས་མེད་པའི་གངས་ཅན་པ་ཚོ། ཞི་བདེ་དང་རང་དབང་ལ་དགའ་བའི་ཞིང་གཤེགས་པ་ཚོ། ཁྱེད་ཚོ་དུས་གཏན་དུ་གངས་ཅན་པའི་དཔའ་རྒོད་ཡིན་ལ། ཞི་བདེ་དང་རང་དབང་གི་ཆེད་དུ་ཚེ་སྲོག་མེ་ལ་ཕུལ་བའི་འཇིག་རྟེན་གྱི་ཕོ་རྒོད་ དག་ཡིན། དྲང་བཞག་གནས་ལུགས་ཀྱི་མཁྱེན་རྒྱ་ཡངས་པའི་འཇིག་རྟེན་གྱི་སྐྱེས་བུ་ཚོ་ནམ་ཡང་ ཁྱེད་ཚོའི་གྲོགས་པོ་ཡིན། ཁྱེད་ཚོ་ནི། མིའི་རིགས་ཀྱི་ཞི་བདེ་དང་རང་དབང་བསུ་མཁན་གྱི་སྐྱ་རེངས་ཡིན་ལ། རང་ལས་གཞན་གཅེས་ཀྱི་སྐྱེས་བུ་དམ་པ་དག་སྟེ་མིའི་རིགས་ཀྱི་བྱང་ཆུབ་སེམས་དཔའི་ དཔུང་སྡེ་ཡིན།
༼ཨོ༽
སྙིང་རྗེའི་གཞན་དབང་གྱུར་བ་སྤྱན་རས་གཟིགས་ ཀྱིས་ཀྱང་། འདི་ལྟ་བུའི་བདེན་དོན་རེ་དང་འདི་ལྟ་བུའི་གཞན་དོན་རེ་སྒྲུབ་པ་མིན་ན་གཞན་ཅི་ ཞིག་སྒྲུབ་རྒྱུ། དེ་རེད་ལ། མི་མངོན་པའི་དབྱིངས་ན་བཞུགས་པའི་ཕྱག་སྟོང་སྤྱན་སྟོང། ཁྱེད་ཀྱི་ཕྱག་སྟོང་གིས་རོགས་རམ་ཞིག་དང་སྤྱན་སྟོང་གིས་ལམ་སྟོན་ཞིག ད་དུང་བྱིན་རླབས་ལ་ཚད་བཟུང་མེད་པའི་ཐུགས་ཀྱི་སྙིང་རྗེ་ཡིས་ལན་གཅིག་གཟིགས་ རན་མིན་ནམ།
ང་ཚོས་ལག་ཟུང་ཐལ་མོ་སྦྱར་ཏེ་ཁྱེད་ལ་ཕྱག་འཚལ་ཞིང་སྐྱབས་སུ་ སོང་བའི་འདས་སོང་གི་ལོ་ཟླའི་ལྟེབས་བརྩེགས་ལ་བསམམ་ན། ཁྱེད་ནི་སྙིང་རྗེའི་གཞན་དབང་གྱུར་ཞིང་མཐུ་སྟོབས་ཀྱི་ནུས་པར་ཚད་བཟུང་མེད་ པའི་གསུང་རྒྱུན་ལ་ང་ནི་དོགས་པ་ཡང་ཡང་འཁོར། བོད་མི་རིགས་ཀྱི་དད་ཞེན་གྱི་མཐོ་ས་ན་བཞུགས་པའི་སྤྱན་རས་གཟིགས། དོན་ངོ་མ་ཁྱེད་ཟེར་བ་ཞིག་ཡོད་དམ་མེད། ད་དུང་ཟས་ཀྱི་ཕུད་ཀྱིས་མཆོད་པའི་ཡུལ་ལྷ་གཞི་བདག་ཚོ། ཁྱེད་ཚོ་དོན་ངོ་མ་ཁྱེད་ཚོ་གང་ཞིག་ལ་བྲེལ་བཞིན་ཡོད། ཡོན་བདག་ཚོས་མངར་མོ་ཆང་གིས་མཆོད་པས་བཟི་སོང་བ་ཡིན་ནམ། བཅུད་ལྡན་ཟས་ཀྱིས་མཆོད་པས་བརྒྱགས་སོང་བ་ཡིན། གཞན་དོན་དུ་གཤེགས་པའི་དཔའ་རྒོད་རེས་ཚེ་སྲོག་མེེ་ལ་བསྒྲོན་སྐབས། ཁྱེད་ཚོས། ཟས་དང་ཆང་གི་ཕུད་ཀྱིས་མཆོད་པའི་བསང་གསུར་ལ་འཁྲུལ་ནས་བརྒྱུགས་ཡོང་གིན་ཡོད་ དམ། སྔ་གཞུག་བརྩད་ནས་བརྒྱུགས་ཡོང་གིན་ཡོད་དམ། ཉེ་སར་བཅར་དུས། མི་ལུས་གསོན་པོ་མེ་ལ་བསྲེགས་པའི་ངང་ཚུལ་མཐོང་ནས། ཁོ་ཆད་ཀྱི་མགོ་བོ་གཡུགས་ཀིན་ཡོད་དམ། ཡང་ན། དཔའ་འཁུམ་ཞིང་སྤ་བཀོང་ཏེ་ཧོན་འཐོར་ནས་བསྡད་ཡོད། ཨ་་་མི་རབས་རེ་རེའི་ཕྲེང་བར་འབྲེལ་བའི་ཡུལ་ལྷ་གཞི་བདག་ཚོ། ཆོས་སྐྱོང་བསྲུང་མ་ཚོ། དུས་ལ་འབབ་པའི་དུས་ཤིག་ཡོད་ན། དེང་སྐབས་ཡིན་ངེས། ཁྱེད་ཚོས་ནོར་སོང་བ་མིན་ནམ། ང་ངོ་མ་འུ་ཐུག་སོང། ངས། དར་ལ་བབ་པའི་ཚེ་སྲོག་རེ་རེ་མེ་ལྕེའི་ཀློང་ནས་མཐོང་སྐབས། ང་ཁྱེ་ཚོ་སྡང་ཞིང། ཁོ་ཚོ་རེ་རེའི་མཛད་སྤྱོད་ལ་ཡིད་སྨོན་སྐྱེ།
གངས་དཀར་རྒྱས་སྲས་ལགས། སྐུ་ཉིད་ཀྱིས་བྲིས་པའི་ཨི་ཨུ་ཨེ་གསུམ་ནི་ཇི་འདྲའི་བདེན་པ་བདེན་ཐུབ་ཞིག གུས་པའི་མིག་ཟུང་མཆི་མ་བཅས་བཀའ་དྲིན་ཞུ།
རང་རིགས་ཤེས་ཡོན་མེད་དང་གཅིག །
རང་རིགས་མཐུན་སྒྲིལ་ཞེན་དང་གཉིས། །
རང་རིགས་རྨོངས་ཞེན་ཆེ་དང་གསུམ། །
རྒྱལ་ཁབ་ཤོར་རྐྱེན་འདི་གསུམ་ཡིན། །
རང་རིགས་རང་ཞེན་ཆེ་དང་གཅིག །
རྒྱ་གཞུང་མནར་གཅོད་རྩུབ་དང་གཉིས། །
ཆིག་སྒྲིལ་དཔུང་པ་བཙན་དང་བཅས། །
རང་ཡུལ་རང་ལག་སོན་པའི་རྒྱུ། །
བསམ་པའི་འཆར་གཞི་དེ་ལ་རྫོགས་མཐའ་ཞིག་མེད་ཀྱང་།།
དོན་གྱི་རེ་བར་སྨིན་པ་ཉུང་ཙམ་ལས་མི་འདུག།
སེམས་ཀྱི་སྟོང་འདང་བསྒྲིགས་པའི་ལོ་ཟླ་དེའི་ཀློང་ནས།།
ཟིན་མེད་ཡིད་ཀྱི་བྱ་བཞག་འཇའ་ལུས་ལ་ཐིམ་སོང་།།
མི་རིགས་ཀྱི་ལ་རྒྱ་ཡིན་ཁུལ་གྱིས་རྗེས་ལུས་བླུན་སྐྱོན་གྱི་་ལྡུམ་བུ་ཡང་ལྷ་རྫས་མེ་ཏོག་གི་གྲལ་དུ་བཤམས་པ་དང་།
མགོ་ཐོག་གི་རྨ་ཡང་གཙུག་ཐོག་གི་མཛེས་རྒྱན་དུ་རློམས་ནས། ལྡུམ་བུ་བསལ་བ་དང་། རྨ་ལ་གཙག་བུ་འདེབས་པ་ལ་སྡང་བ་མཁས་པའི་སྤྱོད་ཚུལ་ག་ལ་ཡིན། ———དོར་ཞི་གདོང་དྲུག་སྙེམ་བློས།
རེད་རེད།
བསམ་པ་སེམས་ཀྱི་འདོད་པ་ཆུ་རིས་དང་འདྲ་བ། །
དྲན་རྒྱུ་མང་པོས་མི་ཚེ་ཟད་ས་ལ་ཐུག་ཀྱང་། །
འདི་དང་འདི་ཞེས་མཛུབ་མོ་བཙུག་ས་ཞིག་མེད་པར། །
ཡལ་ཡོལ་ངང་ལ་འདའ་འདིས་ཨ་ཐང་རང་ཆད་བྱུང་། །
སེམས་ཁོ་ཐག་མ་ཆད་དྲ་གྲོགས་ཚོ།།
ཡིད་རེ་འདོད་འགྲུབ་པའི་རྒྱུ་རྐྱེན་ལ།།
ལུས་གསོན་པོ་བསྡད་ན་རེ་བ་ཆེ།།
གཤེགས་ཟིན་པ་དག་གི་མངོན་འདོད་དེ།།
གསོན་བཞིན་པ་དག་གིས་སྒྲུབ་དགོས་པས།།
བློ་རིག་པ་སྒྲིམ་ལ་མཐུན་སྒྲིལ་བྱོས།།
དེ་བྱས་ན་རེ་བར་གྲུབ་འབྲས་ལྡན།།
དེ་ཨེ་རེད་མ་རེད་བསམ་བློ་ཐོངས།།
ངོ་ནས་སེམས་ལ་ཟུག་པའི་རྩོམ་རེད།་དེང་སང་གི་དུས་ལ་མཁོ་བའི་ཚིག་རེད།བསྔགས་བརྗོད་ཡོད།