ནམ་མཁའ།༢༩/༣/༢༠༡༢ལ་ཡོ་རུབ་ནས།
མཚོན་གྱིས་བསྣུན་ཅིང་མི་ཆོད་སེམས་པ་ལ།།
ཐབས་ཤེས་ཟུང་གིས་འཐབ་མོ་བྱས་བའི་འབྲས།།
མཚན་དཔེ་རི་མོ་ཞབས་ཀྱི་འཁོར་ལོ་ཡིས།།
དཔའ་བོ་འཇམ་དཔལ་ལ་སོགས་རྟག་ཏུ་སྐྱོང་།།
སྐྱེ་འཆི་གང་ཡིན་འགྲོ་འོང་གྲོགས་མེད་ཀྱང་།།
གཞན་སྡུག་སྐྱོབ་ལ་རང་ལུས་སྦྱིན་པའི་ཚེ།།
སྡུག་ལྡན་གདོང་དམར་ཚོགས་ཀྱི་མིག་ཆུ་ཡིས།།
མི་མཐོང་ཕྱི་མའི་ཡུལ་དུ་སྐྱེལ་མ་མཛོད།།
ཀུན་གྱིས་མི་འདོད་འཆི་བའི་ལམ་གཅིག་བུ།།
ས་ཡ་དྲུག་གི་བདེ་བའི་ལམ་ཆེན་ཕྱིར།།
ཀུན་གྱིས་གཅེས་བའི་གཟུགས་ཕུང་ཤུལ་དུ་བཞག།
ས་གསུམ་གང་དུ་སྐྱེས་ཀྱང་མགོན་དེས་སྐྱོང་།།
གངས་རིའི་མུན་པ་སེལ་བའི་སྒྲོན་མེ་ལ།།
རྒྱལ་གཅེས་སེམས་དཔའི་ལུས་ཀྱི་མར་མེ་ཡིས།།
གངས་ཅན་ལྗོངས་སུ་ཉི་མའི་འོད་སྣང་བཞིན།།
གདོང་དམར་ཚོགས་ཀྱི་ལུས་སེམས་དྲོད་བར་སྨོན།།
གནའ་བའི་དུས་སུ་གླིང་གི་དཔའ་རྟུལ་ཞེས།།
སུམ་བཅུའི་གྲངས་ཞིག་གངས་རིའི་ལྗོངས་སུ་གྲགས།།
ད་ལྟའི་དུས་སུ་རྒྱལ་གཅེས་དཔའ་རྒོད་ཞེས།།
སུམ་བཅུའི་གྲངས་ཞིག་འཛམ་གླིང་ཁྱོན་ཏུ་གྲགས།།
ཤུལ་དུ་ལུས་བའི་ཕ་མ་བུ་ཕྲུག་ཚོས།།
སྡུག་གི་མཆི་མའི་ཉིན་མཚན་འབྱེད་དཀའ་བ།།
ཁྱེད་ཅག་བཞིན་དུ་གཞན་གྱིས་མི་མྱོང་མོད།།
འཆི་བ་མཚུངས་ཀྱང་འཆི་སྟངས་ཁྱད་དུ་འཕགས།།
མདོར་ན་འདས་གསོན་གང་ཡིན་སེམས་ཀྱི་སྡུག།
སྡུག་ལས་གྲོལ་བར་ལུས་སུ་སྒྲོན་པའི་མེ།།
མེ་འདིས་རྒྱལ་སྤྱིའི་མིག་གི་རས་གཞི་ཡང་།།
ཡང་ཡང་བསྲེགས་པས་གངས་ལྗོངས་མཐོང་བར་ཤོག།
མི་ཡི་གྲལ་མཇུག་ལུས་བའི་ནམ་མཁའ་ཡིས།།
ཡོ་རུབ་གླིང་གི་མཛེས་ལྡན་གྲོང་ཁྱེར་ནས།།
སེམས་ཀྱི་རི་མོ་གཟུགས་སུ་ཕབ་པ་འདིས།།
རྒྱལ་གཅེས་དཔའ་རྒོད་རྣམས་ལ་སྐྱེལ་མ་མཛོད།།
ངོ་མ་ཤོ་ལོ་ཀ་དང་པོ་གཉིས་ཧ་ཅང་སྙན་མོ་འདུག
ང་ལ་མཚོན་ཤོ་ལོཀ་དང་པོ་དེ་གོ་ཐུབ་མ་སོང་།
མེ་ཏོག་དཀར་པོ་ལགས། ཕྲན་གྱིས་བསམ་ཚུལ་ལ།ཤོ་ལོ་དང་པོ་དེའི་དོན་འདི་འདྲ་ཞིག་རེད་སྙམ། ཉོན་མོངས་དུག་གསུམ་གྱི་སེམས་པ་དེ་བཅོས་ཐབས་མདའ་གྲི་སོགས་མཚོན་ཆས་རྒྱབ་ཀྱང་བཅོས་སུ་མེད་ལ།གཟུགས་ཕུང་བཞིན་བཞིན་རྨ་ཡང་བཟོ་མི་ནུས་བས།དེར་བཅོས་ཐབས་ནི།ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་བདག་མེད་རྟོགས་པའི་བློ་གཉིས་ཀྱིས་དམག་རྒྱབ་སྟེ་སྒྲིབ་གཉིས་སྤངས་བའི་འབྲས་བུ་སངས་རྒྱས་བ་དེ་རེད།སངས་རྒྱས་ཚེ་མཚན་བཟང་པོ་སོ་གཉིས་དང་དཔེ་བྱེད་བཟང་པོ་བརྒྱད་བཅུ་ཡི་ནང་ཚན་མཚན་བཟང་ཕྱག་ཞབས་ཀྱི་འཁོར་ལོ་དེས་དཔའ་བོ་འཇམ་དཔལ་སོགས་གངས་རིའི་དཔའ་རྒོད་རྣམས་ལ་སྤྱན་གྱིས་གཟིགས་རོགས་ཞེས་གསོལ་འདེབས་དང་འབྲེལ་བའི་བསྟོད་པའི་ཚིག་ཞིག་རེད་སྙམ།མ་གཞི་ནས་ནམ་མཁས་འགྲེལ་ག་འདྲ་གནང་གི་ཡོད་མེད་མི་ཤེས་བས་ཕྲན་གྱིས་བསམ་ཚུལ་ལྟར་བྲིས་པ་ཡིན།ང་ལ་མཚོན་ན་ཡང་སྙན་མོ་ཞེ་བོ་འདུག་བསམ་སོང་།
སྙན་ངག་གི་བསྟོད་ཚིག་འགའ་ཡིས་སྙིང་སྟོགས་ཅན་གྱི་དཔའ་བོ་དཔའ་མོ་རྣམས་བདེ་ལྡན་ཞིང་དུ་སྐྱེལ་མ་བྱེད་ཐུབ་ཀྱི་ཨེ་ཡོད་ན་་་་་དཀོན་མཆོག་མཁྱེན་
དཀོན་མཆོག་མཁྱེན་ས་དཀར་རྡོ་རྗེ་ལགས། ཁྱེད་ཀྱིས་ངོ་མ་སྙན་རྩོམ་ལ་གོ་བ་ལེན་སྟངས་དེ་ང་ཧ་ལས་སོང་།
འདི་འདྲའི་གོ་བ་ལེན་སྟངས་དེ་རིང་བར་དུ་མཐོང་མ་མྱོང་། ཧཧཧཧཧ
རེད་འདུག་ཐུགས་རྗེ་ཆེ་ཁ་བ་འཚོ་ལགས།
མཚོན་གྱིས་བསྣུན་ཅིང་མི་ཆོད་སེམས་པ་ལ།།
མཚོན་གྱིས་བསྣུན་ཡང་མི་ཆོད་ཐ་བའི་སེམས། ། ཞེས་འདི་འདྲ་བྲིས་ན་ཨའུ་ཙམ་འདུག་གམ། གོང་གི སེམས་པ་ལ་ཟེར་དུས་མཚོན་གྱིས་བསྣུན་ཅིང་མི་ཆོད་པ་རེད་ཨ་དྲན་པ་ལ་་་་་་་་་ཟེར་བ་ལྟ་བུ་འདི་འདྲ་གོ་གི་འདུག