སོག་ཤོད་དར་རྒྱས།
གནམ་ས་རལ་བའི་འབོད་སྒྲའི་འོག་ན།།
རང་དབང་མེད་པའི་ཚོར་བ་རྣོན་པོས།།
བདེན་རྒྱབ་དཔུང་ལངས་ཁས་སུ་འཆེ་བའི།།
སྐྱེ་བོ་རྣམས་ཀྱི་རྣ་བ་དཀྲོགས་སོང།།
རྩ་ཆེའི་ཤ་ཁྲག་ཕུང་པོའི་ལུས་ལ།།
དམར་པོ་མེ་ཡི་ལྭ་བ་བསྒྲོན་ནས།།
མཁྲེགས་འཛིན་ཅན་གྱི་དམར་པོའི་གཞུང་ལ།།
དྲང་བདེན་སྐྱོང་བའི་གོ་བརྡ་སྤྲད་སོང།།
གཞིས་བཞུགས་དཔའ་བོའི་བློ་སྟོབས་དེ་ཡིས།།
རྒྱ་དམག་སྙིང་ལ་ཟུག་རྔུ་བླངས་སོང།།
དམར་ཕྱོགས་པ་རྣམས་བྱ་ཐབས་ཟད་ནས།།
རྫུན་གཏམ་སྣ་ཚོགས་འབངས་ལ་བསྒྲགས་སོང།།
རྒྱུ་དངུལ་མ་གཏོགས་བསམ་རྒྱུ་མེད་པའི།།
གུང་ཁྲན་ཏང་གི་སློབ་གསོའི་འོག་ལ།།
སེར་མོ་བ་ལ་སྒོར་མོ་སྤྲད་ནས།།
བློ་ཁ་འགུག་ཐབས་བྱེད་འདི་སྐྱོ་བ།།
རྒྱུ་དངུལ་སྤྲད་ཀྱང་མགོ་སྐོར་མ་ཐེབས།།
མེ་མདའ་གཏད་ཀྱང་དཔའ་བློ་མ་ཞུམ།།
བཙོན་ལ་བཅུག་ཀྱང་ལ་རྒྱ་མ་དོར།།
ལྕག་གིས་བརྡེགས་ཀྱང་ཨ་ཚ་མ་ཤོར།།
གཞོན་ནུའི་ལང་ཚོ་དར་ལ་བབ་པའི།།
ཁ་བའི་ལྗོངས་ཀྱི་དཔའ་བོ་དཔའ་མོས།།
མི་ཚེ་ཧྲིལ་པོ་བློས་གཏོང་བྱས་ནས།།
རང་དབང་ཆེད་དུ་ཞིང་ལ་གཤེགས་སོང།།
དཔའ་བོའི་ཚེ་སྲོག་དོར་འདི་སྐྱོ་སོང།།
བོད་ཡུལ་དམག་གིས་བསྐོར་འདི་སྐྱོ་སོང།།
འཐབ་རྩོད་ཡུན་དུ་གནས་འདི་དགའ་སོང།།
གངས་རིའི་ལྗོངས་ཀྱི་གཟི་བརྗིད་ཡིན་སོང།།
སྐྱོ་ཞིང་སྐྱོ་བའི་སྐྱོ་གླུ་བླངས་ནས།།
མིག་ཆུའི་ཐིགས་པ་གདོང་ནས་ཟགས་བྱུང།།
བཙན་པོ་རྣམས་ཀྱིས་གཉའ་ནས་མནན་པའི།།
ཉམས་ཆུང་རྣམས་ཀྱི་ཚབ་ཏུ་འབུལ་ལོ།།
༢༠༡༢ ཟླ་༣ ཚེས་༣༡ ཉིན་བྲིས།