སེར་ཤུལ་རིན་ཆེན་དོན་གྲུབ།
བསམ་བློ་ནི་རྩོམ་རིག་གི་གཞི་རྩ་ཡིན། རྩོམ་རིག་ནི་སྤྱི་ཚོགས་དང་མིའི་འཚོ་གནས་ལ་བདེ་དྲོད་སྦྱིན་པའི་བྱེད་ཐབས་ཤིག་ཡིན་འོས། སྤྱི་ཚོགས་དང་། མིའི་ཚེ་སྲོག་གི་འཚོ་གནས་རིན་ཐང་ལ་བསམ་བློ་གཏོང་མཁན་ཞིག་ཡིན་ན་རང་ཉིད་ལ་རྩོམ་པ་པོའི་མཚན་སྙན་ཐོབ་པ་ལས་རྩོམ་རིག་གིས་མིའི་འཚོ་གནས་རིན་ཐང་ལ་སྟོར་སྐྱོན་མ་ཐེབས་པ་ཞིག་གལ་ཆེ་བ་ཡིན། རྩོམ་པ་པོ་ཡིན་ན་དགག་སྒྲུབ་འབའ་ཞིག་གི་གར་སྟེགས་སུ་ལང་དགོས་པ་དང་། གཞན་གྱི་སྐྱོན་མཚང་འབྲུ་མི་ཐུབ་པའི་རྩོམ་རིག་ཡོད་ཚད་རིན་ཐང་གི་ཚད་གཞི་ཆེས་དམའ་བའི་གད་སྙིགས་སུ་ལུས་པའི་བསམ་བློ་འདི་སུས་འཇིག་རྟེན་དུ་བསྐྲུན་ཅིང་དར་བ་ཡིན་མི་ཤེས་མོད།
དེང་གི་སྤྱི་ཚོགས་ཀྱི་བསམ་བློའི་ཞིང་སར་བག་ཆགས་འདི་རྫོབ་ཧ་ཅང་མཐུག སྐྱོན་བརྗོད། མཚང་འབྲུ། དམའ་འབེབ། འདི་དག་གིས་རྩོམ་རིག་གི་ཁ་ཕྱོགས་ལེགས་ལམ་དུ་བསྒྱུར་བ་དང་། འདི་དག་མེད་པའི་རྩོམ་རིག་ལ་བྲོ་བ་དང་རིན་ཐང་མེད་པའི་ལྟ་བ་འཛིན་པ་ནི་གཞི་རྩའི་རྩོམ་རིག་གི་ལམ་ཁར་ཕྱོགས་པའི་གོམ་པ་དང་པོ་དེ་ནོར་འཁྲུལ་གྱི་ལམ་དུ་ཕྱིན་པ་ཡིན། སྐྱོན་བརྗོད་དགོས། རེད་དེ་སྐྱོན་བརྗོད་བྱེད་ཤེས་དགོས། སྐྱོན་བརྗོད་བྱེད་པའི་དུས། སྐྱོན་བརྗོད་གནད་ལ་ཁེལ་བའི་སྐབས། སྐྱོན་བརྗོད་བྱས་པའི་མཇུག་འབྲས་ལ་ཚོད་དཔག་གིས་གདེང་ཚོད། སྐྱོན་བརྗོད་བྱེད་སྟངས། འདི་ཐམས་ཅད་ཇི་བཞིན་གཏན་ལ་ཕབས་རྗེས་གཞི་ནས་སྐྱོན་བརྗོད་བྱས་ན་དོན་ལྡན་གྱི་སྐྱོན་བརྗོད་ཡིན། དེ་མིན་རང་གི་ཚོར་སྣང་དང་མ་མཐུན་པའི་རྒྱུ་མཚན་ཙམ་དང་། ཕྱོགས་ཡོངས་ལ་ཞིབ་འཇུག་དང་དཔྱད་བསྡུར་མ་བྱས་པར་ཕྱོགས་གཅིག་གི་མཐོང་ཐོས་ཁོ་ནས་སྐྱོན་བརྗོད། ཡང་ན་རང་ཉིད་ཀྱིས་རེ་བཅོལ་བྱས་པ་དེ་ཇི་བཞིན་མ་གྲུབ་པའི་སྡུག་ཡུས་དང་། སྔ་ཕྱིའི་གནས་ཚུལ་དང་དགོས་དམིགས་ཇི་བཞིན་མ་ཤེས་པར་ཚོད་ཚོད་ཀྱིས་སྐྱོན་བརྗོད།
རང་ཉིད་ལ་ལམ་སྟོན་དང་ཐབས་ཤེས་གསར་བ་གང་ཡང་མེད་བཞིན་དུ་གཞན་གྱིས་ཅི་ཞིག་མི་བྱེད་པའི་སྡུག་སྨྲེ་སོགས་ནི་དགོས་མེད་ཀྱི་སྐྱོན་བརྗོད་དང་ཉེན་ཁ་ཅན་གྱི་སྐྱོན་བརྗོད་དག་ཡིན། དཔེར་ན། སྲིད་སྐྱོང་བློ་བཟང་སེང་གེས་ཛ་དྲག་གི་སྐབས་འདིར་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་གྱི་འདུག་ཟེར་བ་དང་། བོད་མི་རང་ལུས་མེ་ལ་སྒྲོན་མཁན་གང་མང་ཡོང་བཞིན་འདུག་པས་ངེས་པར་དུ་བོད་མིའི་སྒྲིགས་འཛུགས་ཀྱི་ལངས་ཕྱོགས་བརྗེ་རན་ཡང་དེ་ལྟར་མི་བྱེད་པར་སྡོད་པ་ལ་སྐྱོན་བརྗོད་བྱས་པ་ལྟ་བུ་ཡིན། དཔེར་མཚོན་འདི་གཉིས་ལ་ཞིབ་ལྟ་ཞིག་བྱས་ན། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཀའ་ཁྲིའི་མཛད་ཁུར་བཞེས་ནས་ཟླ་དྲུག་ལྷག་གི་རིང་རྒྱལ་སྤྱིའི་ཐོག་བོད་དོན་ཞུ་འབོད་དང་། བོད་ཀྱི་ཛ་དྲག་གནས་སྟངས་ལ་གཞིགས་པའི་ཉིན་བརྒྱ་དུས་གཅིག་གི་ལས་འགུལ། དམིགས་བསལ་ཚོགས་འདུ་བསྐང་འཆར་སོགས་གང་ཡོང་ཅི་ཡོང་གིས་ཕྱག་ལས་གནང་ཡོད་ཅིང་བོད་བསྟན་སྲིད་ཆེད་དུ་སྐུ་གྲོངས་པའི་འདས་པོ་དག་གི་ཆེད་དུ་བསྔོ་སྨོན་གསོལ་འདེབས་ཀྱི་བྱེད་སྒོ་རེ་སྤེལ་བར་ནག་ཅན་ཅིའི་ཕྱིར་ཆགས་སམ། ཡང་ན་ཁྱེད་རང་ལ་སྲིད་སྐྱོང་མཆོག་གིས་ཕྱག་ལས་འདི་གནང་ན་བོད་དོན་ལ་ནུས་པ་ཐོན་ཐུབ་ཀྱང་གནང་མ་སོང་བསམ་པ་གང་ཡོད་དམ། དེ་ཡང་བསམ་པ་ཙམ་མིན་པར་གདེང་ཚོད་ཡོད་པའི་ལས་འཆར་གང་ཡོད་དམ།
རྒྱལ་སྤྱིའི་གནས་བབ་དང་། རྒྱ་ནག་གི་གནས་བབ། བོད་ཀྱི་གནས་བབ་སོགས་སྤྱི་ཡོངས་ལ་སོམས་དང་གང་ནས་འཐུས་ཤོར་སོང་འདུག གང་བྱེད་དགོས་ཀྱི་འདུག རང་ཉིད་ལ་འཆར་གཞི་གང་ཡང་མེད་པར་ཅིག་བྱས་མ་སོང་། གཉིས་བྱས་མ་སོང་། ཟེར་ནས་སྐྱོན་བརྗོད་བྱེད་པ་ནི་སྐྱོན་བརྗོད་བྱེད་མ་ཤེས་པ་རེད། སྐྱོན་བརྗོད་དེ་དག་ལ་འབྲས་བུ་མེད་པ་རེད། དེ་བཞིན་དུ་བོད་ནང་དུ་ཛ་དྲག་གི་གནས་སྟངས་ཡོད་པ་བདེན་པ་རེད། བོད་རིགས་ཚང་མར་སེམས་འཚབ་ཡོད་རེད། འོན་ཀྱང་ང་ཚོས་བོད་ནང་ཛ་དྲག་ཆགས་འདུག་ང་ཚོའི་ཆབ་སྲིད་ཀྱི་ལངས་ཕྱོགས་བརྗེ་ཡི་ཡིན་ཟེར་ན་དེས་བོད་ཀྱི་ཛ་དྲག་གནས་སྟངས་མེད་པ་ཆགས་ཀྱི་རེད་དམ། དེས་བོད་དོན་ལ་ནུས་པ་དམིགས་བསལ་བ་ཞིག་འདོན་ཐུབ་པའི་གདེང་ཚོད་ཡོད་དམ། དེ་ཡང་རྒྱུ་མཚན་ལྡན་པའི་ཐོག་ནས་ཐབས་ལམ་གང་ཡོད། གལ་སྲིད་ང་ཚོས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྗེས་པ་ཡིན་ན་རྒྱ་ནག་གིས་བོད་མིར་མནར་གཅོད་གཏོང་མཚམས་འཇོག་གི་རེད་དམ། འདི་ལྟར་བསམ་བློ་བཏང་ན་སྐྱོན་བརྗོད་འདི་ཚོ་སྐྱོན་བརྗོད་བྱེད་མ་ཤེས་པའི་རིགས་ཡིན་པ་ཤེས་ཐུབ། ངས་ནམ་རྒྱུན་ཡང་ཡང་བཤད་པ་བཞིན་རྩོམ་ཡིག་ཅིག་བྲིས་ནས་སྤྱི་ཚོགས་ཁྲོད་སྤེལ་སྐབས་སྤྱི་ཚོགས་ལ་འགན་ཁུར་ཡོད་པའི་ཐོག་ནས་སྤེལ་དགོས་པ་རེད། ཆེས་མ་ཐ་ཡང་སྤྱི་ཚོགས་ལ་གནོད་སྐྱོན་མེད་པ་ཞིག་དགོས་པ་རེད། དེ་མིན་རང་རྩོམ་ལ་འགན་ཁུར་མེད་པའི་རྩོམ་འཆར་གང་མང་སྤྱི་ཚོགས་ཁྲོད་སྤེལ་བ་དེ་རང་ཉིད་ལ་ཕན་ཐོགས་མེད་པ་མ་ཟད་སྤྱི་ཚོགས་ལ་ཡང་སྟོར་བཤིག་གཏོང་གི་ཡོད་ལ། སྤྱི་ཚོགས་ཀྱི་སེམས་ནང་དུ་རྩོམ་པ་པོ་རྩ་མེད་ཡིན་པའི་བག་ཆགས་ཀྱང་སྐྲུན་གྱི་ཡོད། རྩོམ་ཡིག་འབྲི་སྐབས་འགན་འཁྲི་ལ་ངེས་པར་དུ་བསམ་གཞིགས་བྱེད་དགོས། ༢༠༡༢/༣/༣༡
སེར་ཤུལ་བའི་རྩོམ་ཡིག་འདི་བཞིན་དཔྱོད་ཤེས་ཀྱི་མ་རྩ་་བའི་རྩོམ་རིགས་མང་དག་ཅིག་བྱུང་བ་ཡིན་ན། འུ་ཚོའི་རྩོམ་རིགས་ཀྱི་སྒུལ་ཤུགས་ཀྱང་ནུས་པ་ལྡན་པའི་ཕྱོགས་སུ་གོམ་པ་སྤོ་ཆོག་ཆོག་ཡིན། འདི་བཞིན་གྱི་རྩོམ་ཡིག་མང་དག་དགོས་པ་ནི་འུ་ཚོའི་རྩོལ་འཆལ་ཤ་མོ་བརྡོལ་བ་བཞིན་ཡོང་གིན་པའི་སྐབས་ཀྱི་དགོས་འདོད་ངོ་མ་དེ་ཡིན།
ངས་ཀྱང་ནམ་རྒྱུན་དེ་བཞིན་ཟེར་གི་ཡོད། དམིགས་བསལ་སྤྱི་ཚོགས་དཔྱད་བརྗོད་སྤེལ་མཁན་ནམ་ཆབ་སྲིད་དཔྱད་བརྗོད་སྤེལ་མཁན་རིགས་ལ་སྐད་ཆ་འདི་བཞིན་བཤད་ཀྱིན་ཡོད། རྩོམ་ཡིག་ཅིག་ཡིན་པ་ལ་ངེས་པར་སྤྱི་ཚོགས་ཀྱི་འགན་མི་འདྲ་བ་རེ་ཡོད་ཅིང་། དམིགས་བསལ་སྤྱི་ཚོགས་དཔྱད་བརྗོད་དང་ཆབ་སྲིད་དཔྱད་བརྗོད་རིགས་ལ་དེ་ལས་ཀྱང་ཕུགས་རྒྱང་རིང་བོའི་མནོ་བསམ་སྔོན་དུ་སོང་བ་ཞིག་དང་། གནས་ལུགས་དང་ལོ་རྒྱུས། དོན་དངོས་སྤྱི་ཚོགས་ཀྱི་རྒྱབ་ལྗོངས་ཁོང་དུ་ཆུད་པ་ཞིག་ངེས་པར་དགོས།དེ་ནི་དཔྱད་བརྗོད་རྩོམ་ཡིག་ཅིག་གི་མ་མཐའི་འགན་འཁྲི་རེད་ཟེར་གྱི་ཡོད་ལ། གལ་སྲིད་དེ་ལྟར་མེད་ན་ནི་རྩོམ་ཡིག་དེ་རང་བཞིན་གྱི་འགན་ཁུར་མེད་པའི་ལབ་ལབ་ཙམ་དུ་གྱུར་ཚར་ཡོད་པ་རེད་ཟེར་ནས་ཤོད་ཀྱིན་ཡོད།
དེ་བས་ད་ལྟའི་མེ་བསྲེག་ལས་འགུལ་གླེང་མཁན་ཚོ་དང་། དགོས་སུ་ད་ལྟའི་བོད་ཀྱི་ཆབ་་སྲིད་ཀྱི་རྩ་བའི་སྲིད་བྱུས་ལངས་ཕྱོགས་ལ་དགག་པ་རྒྱག་ཁུལ་དང་སྐྱོན་བརྗོད་བྱེད་ཁུལ་བྱེད་ཀྱིན་པ་རྣམས། དེ་ལས་ཀྱང་བོད་དོན་འཐབ་རྩོད་ཀྱི་གྲུབ་འབྲས་དང་ཁ་ཕྱོགས་ལ་དཔྱད་བརྗོད་སྤེལ་མཁན་རྣམས་ཀྱིས་ངེས་པར་ཤེས་དགོས་པ་ནི། དང་པོ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འཁོར་ཕྱོགས་དང་། རྒྱ་ནག་གི་འགྱུར་ལྡོག བོད་གཞིས་བྱིས་གཉིས་ཀྱི་དངོས་ཡོད་སྤྱི་ཚོགས་ཀྱི་གནས་བབ་གསུམ་ཁོང་དུ་ཆུད་དགོས། གཉིས་པ། བོད་ཀྱི་ཕུགས་རྒྱང་རིང་བོའི་ཆབ་སྲིད་ཀྱི་སྲིད་བྱུས་ཀྱི་ཐོག་མཐའ་བར་གསུམ་ལ་ངེས་ཤེས་གསལ་བོ་དགོས། གསུམ་པ། བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་བབ་འདིར་ཆབ་དཔྱོད་ཤེས་དང་ལོ་རྒྱུས་དཔྱོད་ཤེས་ཀྱི་ངོས་ནས་ལྟ་ཤེས་དགོས་བ་དེ་གསུམ་ཡིན།
གལ་སྲིད་འདི་གསུམ་ལ་ངེས་ཤེས་གང་ཡང་མེད་མཁན་སུ་ཞིག་གིས་རྫིག་མདོག་གི་སྐད་ཆ་རི་ལྟར་བསྒྲིགས་ཀྱང་། སྐད་ཅོར་གྱི་འོག་སྐད་མཚོ་བཞིན་འཕྱུར་ཡང་། ཚོར་བཤད་ཟེར་བའི་སྐད་ཆ་རྡོག་རྡོག་ཅིག་གིས་མཇུག་སྡོམ་རྒྱག་རྒྱུ་ལས་དངོས་ཡོད་གནད་དོན་ལ་ཕན་པའི་ནུས་པ་ཅི་ཡང་མི་ཐོན་པ་མ་ཟད། དེ་ལས་ལྡོག་སྟེ་རྩོམ་པ་པོའི་རེ་འདོད་ཀྱི་དམིགས་ཡུལ་དང་རྦད་དེ་འགལ་བའི་ནུས་པ་ནག་པོའི་རིགས་འབྱུང་མིན་ལ་སེར་ཤུལ་བའི་བརྗོད་དོན་ལྟར་བསམ་ཞིབ་ཡག་པོ་བྱ་རྒྱུ་གལ་ཆེན་ནང་གི་དོན་ཆེད་རེད།
སེར་བྱེས་བླ་རྒན་གྱི་གསུངས་པ་དེ་དོན་དངོས་ཐོག་གིས་ལབ་ན་བདེན་པ་བདེན་རྐྱང་རེད་བོད་པ་ལབ་ཡ་དེ་ཕྲག་དོག་ཆེན་པོ་དང་ཡོན་ཏན་པ་རེ་མཚར་ལོང་བྱུང་སྐབས་སེམས་པ་མི་སྐྱིད་པ་དང་ན་ཟུག་ཆེ་བ་སོགས་འདི་སྙིང་རྗེའི་གནས་སུ་གྱུར་ཞིག་ཏུ་འཁུམས་སོ་་་་་་་་་་
ཁ་སང་ནས་ངས་སུན་འབྱིན་རྩོམ་ལ་དགའ་བསུ་མེད་བཤད་ཡོད། ང་ཚོའི་གཤིས་ཀར་ཕ་ལ་མ་སྨད་པར་བུ་བསྟོད་མི་ཤིས་པ་ལྟ་བུ་འདུག་པ་དེ་སྤོང་དགོས།
ཁོང་གིས་རྩོམ་རིག་འདི་རེད་དེ་ཡིན་སོགས་ཐག་གཅོད་མང་པོ་ཞིག་བྱས་འདུག དེའི་ཁུངས་འདྲ་བོ་དེ་གང་ཡིན་ནམ།
ཁྱེད་རྣམ་པའི་དམིགས་ཡུལ་དང་ཁ་ཕྱོགས། སུན་འབྱིན་གྱི་རྩོམ་ལ་དགའ་བསུ་མེད་གསུངས་པ་བཅས་ལ་བརྒྱ་ཆ་བརྒྱ་ཐམ་པ་དགའ་བསུ་ཡོད། ད་ག་རང་ཡིན་ཚང་མས་དུས་ཚིགས་ཛ་དྲག་པོ་འདི་འདྲ་བར་ད་དུང་གཅིག་གིས་གཅིག་ལ་ནང་ཁུལ་དུ་སྐྱོན་བརྗོད་དང་དམའ་འབེབས་ཤ་སྟག་བྱེད་ནས་ཅི་བྱེད། དེ་ནི་ཀླད་མེད་བྱབ་ཆུང་ཚོས་བྱེད་སྟངས་རེད་བ། ད་མང་པོ་འབྲི་རྒྱུ་མིན། ཐུགས་རྗེ་ཆེ།
སྐྱོན་ཡོད་ན་སྐྱོན་དུ་བརྗོད་ཆོག །དེ་མིན་སྐྱོན་ལ་ཡོན་ཏན་དུ་ལྟ་མཁན་སུ་ཞིག་ཡོད། མི་མཐུན་ཕྱོགས་སེལ་གྱིན་ཡར་རྒྱས་འགྲོ་བ་ཆོས་ཉིད་རེད།
མིག་བརྒྱད་པ་ལགས། སྐུ་ཉིད་བོད་ཀྱི་སྐད་ཡིག་མཁྱེན་མཁན་གྲས་ཡིན་སྟབས་གུས་ཞབས་བཅས་གསལ་བཤད་ཞུ་རྒྱུར། ངས་བསུན་འབྱིན་རྩོམ་ལ་དགའ་བསུ་མེད་ཅེས་པའི་དོན་ནི་སྐྱོན་ལ་སྐྱོན་བརྗོད་པར་མི་དགའ་བའི་དོན་མིན། བརྗོད་བྱ་བསུན་འབྱིན་པའམ་སྐྱོན་བརྗོད་པའི་སྐབས་དེ་ལ་སྐྱོན་བརྗོད་དགོས་པར་འདོད། དེའི་དགེ་ཕན་ནི་ཉིད་ཀྱིས་གསུངས་པ་ལྟར་ལོས་ཡིན། འོན་ཀྱང་མི་དགའ་ས་དེ་འདི་ཡིན་ཏེ། དཔེར་ན་བོད་སྡོད་བོད་མི་ཚོས་བོད་དང་བོད་མིའི་ཆེད་ལས་འགུལ་སྤེལ་བ་སོགས་ཀྱི་སྐབས་ཁོང་རྣམས་ལ་ཡི་རངས་བསྔགས་བརྗོད་བྱེད་པ་ལ་བཙན་བྱོལ་བོད་མིས་ཅི་གང་མ་བྱས་པར་ཉལ་སྡོད་པ་ལྟ་བུ་བཤད་པ། ཡང་བཙན་བྱོལ་ནང་སློབ་གྲྭ་བ་སོགས་ཀྱིས་བྱས་རྗེས་ལ་བསྟོད་པ་ལ་དབུས་བོད་མིའི་སྒྲིག་འཛུག་གི་མ་འབྱོན་རབས་བགྲང་སྡད་པ། ཡང་ན་ནིང་གི་བཀའ་ཁྲིའི་འོད་བསྡུའི་སྐབས་ལྟ་བུར་བློ་སེང་རང་གི་འཇོན་རབས་འཛིག་རབ་མ་བཤད་པར་སྐུ་དྲག་སྡུག་རབས་ཕུང་རབས་བཤད་སྡད་པ། སྔ་མོའི་བླ་མ་དགེ་བཤེས་དག་ལ་བསྔགས་སྐབས་དེང་དུས་གྲྭ་པ་ཁྱི་ཡིན་རབས། ཙི་ཙི་ཡིན་རབས་སོགས་སྐྱོན་བརྗོད་འདི་འདྲ་སྐབས་མ་བབས་པ་ཡིན་སྟབས་དགའ་བསུ་མེད་བརྗོད་པ་ཡིན།
དེ་འདྲ་རེད་དང་མ་རེད་ཁ་བརྡའི་མཆན་བུ་དག་ལ་གཟིགས་དང་རྟོགས་ཐུབ།
མདོར་ན་ཕ་ལ་མ་སྨད་པའི་བུ་ལ་བསྟོད་པ་འབྲི་མི་ཤེས། ཆོས་ལ་མ་སྨད་པའི་འཇིག་རྟེན་ལེགས་སྟངས་འབྲི་མི་ཤེས། རྙིང་མ་ལ་ཟུར་ཟ་མེད་པར་དགེ་ལུགས་ལ་བསྔགས་མི་ཤེས་པ་དེང་སང་གི་དུས་ན་ལམ་སེ་ལམ། ལྷུབས་སེ་ལྷུབ་ཏུ་སྣང་ངོ་ལགས།
མེ་ཏོག་དཀར་པོ་ལགས། རེད་རེད། སྐྱོན་བརྗོད་པའི་སྐབས་སུ་སྐྱོན་བརྗོད་དགོས། དོན་མེད་ལ་སྐྱོན་བརྗོད་པ་ནི་བྱབ་ཆུང་རེད། གྲྭ་བ་ཁྱི་ཡིན་རབས་བཤད་པ་ནི་ཟ་ས་དང་མཐོང་ས་ལ་རྒྱུགས་འགྲོ་བ་དེ་ཚོ་ཡིན་གྱི་རེད། ཙི་ཙི་ཡིན་རབས་བཤད་པ་ནི་གྲྭ་ཇ་མང་ཇ་གསོག་ནས་སྡོད་མཁན་ལ་ཟེར་གི་ཡོད་པ་འདྲ། རེད་པས།?
ངས་སྤྱིར་བཏང་དཔེ་མཚོན་ཙམ་ཁྱི་དང་ཙི་ཙི་ཞེས་བཤད་པ་ཡིན། ཡིན་ནའང་དེའི་འགྲེལ་པ་ཡིན་བསམ་བསམ་ཞིག་ཁྱེད་ཀྱིས་བྲིས་འདུག་ག
གྲྭ་བ་ཁྱི་ཡིན་ཙི་ཙི་ཡིན་ཟེར་ནས་འགྲེལ་བཤད་རྒྱག་དགོས་མ་རེད། ཉིན་གཅིག་ཁྱི་དང་ཙི་ཙི་ཚོས་བློས་གཏང་ཆེན་པོ་ཞིག་བྱེད་དུས་ཡང་དཔའ་བོ་ཡིན་རྒྱལ་གཅེས་ཡིན་ཟེར་ནས་བསྟོད་དགོས་བྱུང་ན་ཕྱིས་དྲགས་པ་མ་རེད་པས། དེས་ན་ད་ལྟ་ང་ཚོས་སུ་ཁྱི་ཡིན་སུ་ཙི་ཙི་ཡིན་བཤད་ཐུབ་དཀའ་བས་གང་བྱུང་གིས་སུན་འབྱིན་དང་དམའ་འབེབས་ཤ་སྟག་བྱེད་མཁན་ཚོར་དགའ་བོ་མེད་ཞུ་རྒྱུ་དེ་ཡིན་པས་ཤེས་པར་མཛོད།
སྐྱོན་ཡོད་པ་ལ་སྐྱོན་བརྗོད་རྒྱུ་ནི་སྤྱི་ཚོགས་ཡར་རྒྱས་ཀྱི་གཞི་རྩ་ཡིན་སྲིད། འོན་ཀྱང་སྐྱོན་བརྗོད་ཕལ་ཆེ་བ་ནི་སྐྱོན་མེད་སྐྱོན་བརྗོད་དང་གཞི་མེད་སྨྱོན་འཛུག ཕྲག་དོག་དང་ཞེ་མཁོན་གྱི་ན་ཟུག་མ་བཟོད་པའི་ངུ་རྒྱང་ཁོ་ན་ཡིན།
སེར་ཤུལ་རིན་ཆེན་དངོས་གྲུབ་ལ་བརྒྱ་ཆ་བརྒྱ་རྒྱབ་སྐྱོར་ཡོད་ལགས་
་
འོ་ན་གུང་ཁྲན་ཏང་ནང་བཞིན་བསྟོད་གླུ་རྐྱང་རྐྱང་ལེན་དགོས་པ་འདྲ། ཨེ་རེད།
བསྟོད་གླུ་རྐྱང་རྐྱང་ལེན་དགོས་པ་མ་རེད། རྒྱུ་མཚན་ཡོད་པ་དང་། མཇུག་འབྲས་ལ་གདེང་ཚོད་ཡོད་པའི་སྐྱོན་བརྗོད་དགོས་པ་རེད། རྒྱུ་མཚན་མེད་པ་དང་། འགན་ཁུར་མེད་པ། མཇུག་འབྲས་ལ་གདེང་ཚོད་མེད་པའི་སྐྱོན་བརྗོད་མ་བྱེད་ཟེར་གྱི་ཡོད། དེ་ནོར་འཁྲུལ་ཨེ་རེད།
སྤྱི་ཚོགས་དཔྱད་བརྗོད་པ་ཞིག་ཡིན་ན་སྐྱོན་བརྗོད་བྱེད་དགོས་ལ།་་བསྟོད་པ་ཡང་བྱེད་དགོསས་ཀྱང་།་་་བྱེད་སྟངས་བྱེད་ལུགས་ནི་མི་འདྲ་སྟེ།་་གུང་ཁྲན་ཏང་ལ་བསྟོད་པ་རྐྱང་རྐྱང་དགོས་ལ།་་བྱེས་འབྱོར་བོད་མིར་མེད་མུག་མི་ནུས་མི་འཇོན་རྐྱང་རྐྱང་བཟློ་དགོས་པས་དེང་གི་དུས་འདིར་གནས་ལུགས་དང་མཐུན་པའི་དཔྱད་པ་ཞིག་ཕལ་ཆེར་མི་ཡོང་པ་འདྲ་བས་དེ་ལས་ཁྱེད་ཚོས་བསྟོད་པ་བྱོས་དང་།་་ང་ཚོས་སྐྱོན་བརྗོད་བྱེད།་་་བསྟོད་པ་དང་སྐྱོན་བརྗོད་བར་ནས་གནས་ལུགས་ཤིག་འཐོན་ན་དེ་ནི་སྤྱི་ཚོགས་དཔྱད་བརྗོད་པའི་འགན་ཟེར་བ་དེ་ཡིན་ཡང་སྲིད།་་་་་་བསྟོད་པ་བྱེད།་་་སྐྱོན་བརྗོད།