ཚྭ་རུ་མ་ཐབས་མཁས་ཀྱིས།
དང་པོ། གངས་ཅན་རྒྱལ་གཅེས་པའི་ལེའུ།
གངས་ཅན་སྐྱེ་རྒུའི་ཡོངས་ཀྱི།།མེ་ཏོག་ཕོག་པའི་ལྷ་སྐལ།།
༧རྒྱལ་དབང་བསྟན་འཛིན་རྒྱ་མཚོར།།སྐྱབས་གསོལ་སྙིང་ནས་འདུད་དོ།།
གངས་ཅན་བསྟན་སྲིད་སླད་དུ།།སྐྱིད་སྡུག་མཉམ་མྱོང་བྱེད་པའི།།
འཆི་ཕོད་རྒྱལ་གཅེས་དཔའ་བོ།།དཔའ་མོའི་ལེ་འུ་འདིར་འབྲི།།
༡༽
བཙན་པོའི་སྙིང་སྟོབས་མངའ་བའི།།གངས་ལྗོངས་དཔའ་བོའི་དེད་དཔོན།།
རང་ལུས་མེ་རུ་བསྒྲོན་པའི།།སྲོལ་འབྱེད་བཀྲ་བྷེ་ཁོང་ཡིན།།
༢༽
གངས་ཅན་འགྲོ་བའི་མགོན་པོ།།གངས་རིའི་ལྗོངས་སུ་འབོད་པའི།།
གངས་ཅན་རྒྱལ་གཅེས་དཔའ་བོ།།གངས་བུ་ཕུན་ཚོགས་མཆོག་རེད།།
༣༽
མེས་པོའི་ལ་རྒྱའི་ཁུ་ཚུར།།དཔའ་སྙིང་སྟོབས་ཀྱིས་བསྒྲེངས་ནས།།
མདོ་སྟོད་དཔའ་བོའི་དང་རྩེ།།ཚེ་དབང་ནོར་བུ་ཁོང་ཡིན།།
༤༽
དགུ་འགྱུར་སེམས་ཀྱི་དཔའ་སྙིང་།།གཞན་དོན་སྟོབས་ཀྱིས་འདེགས་པའི།།
རྔ་ལྗོངས་སྟག་མོ་རྫོང་གི།སྟག་ཕྲུག་བློ་བཟང་དཀོན་མཆོག།
༥༽
གཞན་ཕན་སེམས་དཔའི་སྙིང་བརྩེ།།གངས་ཅན་བོད་ལ་སྤྲོ་ཕྱིར།།
མེ་དཔུང་གོས་སུ་གྱོན་པའི།།དཔའ་བོ་བློ་བཟང་བསྐལ་བཟང་།།
༦༽
འཛམ་གླིང་མི་སྡེའི་ཐོབ་ཐང་།།བོད་ལ་མེད་པའི་བདེན་དཔང་།།
གཅེས་པའི་སྲོག་གིས་སྒྲོག་མཁན།།གངས་ཕྲུག་བསྐལ་བཟང་དབང་ཕྱུག།
༧༽
རང་ཅག་བོད་འབངས་ཡོངས་ལ།།རང་དབང་བདེ་སྐྱིད་འཚོ་གནས།།
རང་ལུས་ཕུལ་ནས་རྩོད་མཁན།།གངས་བུ་ཆོས་འཕེལ་ཁོང་རེད།།
༨༽
དཔའ་བོའི་སྙིང་ཁམས་སྟོབས་ཀྱིས།།ཕ་གཞིས་གངས་ལྗོངས་སྐྱོབ་པའི།།
སྲོང་བཙན་སྒམ་པོའི་ཚ་བོ།།འགྲན་མེད་མཁའ་དབྱིངས་ཁོང་ཡིན།།
༩༽
བདེན་པའི་འབོད་སྒྲ་སྒྲོག་བཞིན།།ཚེ་སྲོག་བོད་ལ་ཕུལ་བའི།།
ཨ་མདོ་རྔ་བའི་དཔའ་རྒོད།།ནོར་བུ་དགྲ་འདུལ་ཁོང་རེད།།
༡༠༽
མ་གྱུར་སེམས་ཅན་དོན་དུ།།སེམས་དཔའི་སྤྱོད་པར་བསླབས་ནས།།
རང་བདེ་རྩྭ་ལྟར་དོར་བའི།།དཔའ་མོ་བསྟན་འཛིན་དབང་མོ།།
༡༡༽
ཡབ་མེས་བཙན་པོའི་སྙིང་སྟོབས།།མེ་དཔུང་ཀློང་ནས་སྟོན་པའི།།
དཀར་མཛེས་ལྗོངས་ཀྱི་སེམས་དཔའ།།ཟླ་བ་ཚེ་རིང་ཁོང་ཡིན།།
༡༢༽
རྩེ་གཅིག་བསྒོམས་པའི་བྱམས་བརྩེའི།།སྙིང་པོ་ཉམས་སུ་བླངས་པའི།།
མདོ་ཁམས་རྟའུའི་དཔའ་མོ།།བཙུན་མ་དཔལ་ལྡན་ཆོས་བཟང་།།
༡༣༽
བོད་ལྗོངས་བོད་ལ་བདག་པའི།།འཚེ་མེད་འབོད་སྒྲ་སྒྲོག་མཁན།།
ཆབ་མདོའི་ཡུལ་གྱི་ཉི་གཞོན།།བསྟན་འཛིན་ཕུན་ཚོགས་ཁོང་རེད།།
༡༤༽
ཕ་རོལ་མེ་མདའི་རྩེ་ནས།།བོད་ཡུལ་མུན་པ་སེལ་ཆེད།།
རང་ཉིད་མཆོད་མེར་སྦར་བའི།།མདོ་སྨད་དཔའ་བོ་ཚུལ་ཁྲིམས།།
༡༥༽
བདེན་པའི་ཀུ་སྒྲ་སྒྲོག་གིན།།གཅེས་སྲོག་བོད་ལ་ཕུལ་བའི།།
བསྟན་སྲིད་སྐྱོབ་པའི་དཔའ་བོ།།རྔ་ལྗོངས་བསྟན་ཉི་ཁོང་ཡིན།།
༡༦༽
གཞན་དོན་སེམས་དཔའི་རྣམ་ཐར།།དོན་གྱིས་བདག་གིར་མཛད་ནས།།
ཞལ་ཆེམས་བོད་ལ་སྒྲོག་མཁན།།སྤྲུལ་སྐུ་བསོད་བྷ་ཁོང་རེད།།
༡༧༽
རང་རྒྱལ་རང་ལ་དབང་ཆེད།།རང་ཡུལ་ཁ་བའི་ལྗོངས་ནས།།
རང་སྲོག་བོད་ལ་སྤྲོད་མཁན།།བློ་བཟང་འཇམ་དབྱངས་ཁོང་ཡིན།།
༡༨༽
གཞིས་བྱེས་ལྷན་འཛོམས་ངང་ནས།།བོད་ཡུལ་བདེ་སྐྱིད་ཡོང་ཕྱིར།།
གཅེས་སྲོག་མཆོད་མེར་སྒྲོན་མཁན།།རིག་འཛིན་རྡོ་རྗེ་ཁོང་རེད།།
༡༩༽
གཉིས་ཕན་དབུ་མའི་ལམ་ནས།།དོན་དམ་རང་དབང་འཐོབ་ཆེད།།
ཡུལ་ཤུལ་སྒྲོན་མེར་སྤྲུལ་པ།།ཁྲི་འདུའི་བསོད་ནམས་རབ་ཡངས།།
༢༠༽
སྟག་མོར་ལུས་སྦྱིན་མཛད་པའི།།རྟོགས་བརྗོད་ཉམས་སུ་ལེན་མཁན།།
སྙིགས་དུས་ཆོས་ཀྱི་སྒྲོན་མེ།།དཔའ་མོ་བསྟན་འཛིན་ཆོས་སྒྲོན།།
༢༡༽
གངས་ཅན་བསྟན་སྲིད་དོན་དུ།།སྙིང་སྟོབས་མེ་རུ་སྦར་པའི།།
ཤཱཀྱ་ཐུབ་པའི་ཐུགས་སྲས།།བློ་བཟང་རྒྱ་མཚོ་ཁོང་ཡིན།།
༢༢༽
རྨད་བྱུང་བྱང་སེམས་མཛད་པས།།རང་ཉིད་ཡལ་བར་དོར་བའི།།
མཚོ་སྔོན་ཐེམ་ཆེན་ཡུལ་གྱི།།སེམས་དཔའ་དམ་ཆོས་བཟང་པོ།།
༢༣༽
འཛམ་གླིང་རྒྱལ་ཁམས་ཡོངས་ལ།།བོད་ཀྱི་གནས་བབ་སྟོན་ཕྱིར།།
རང་གི་ཡོད་ཚད་བསྒྲོན་པའི།།འཛམ་ཐང་དཔའ་བོ་སྣང་གྲོལ།།
༢༤༽
གཞོན་གཞོན་ལང་ཚོའི་མེ་ཏོག།མི་རིགས་ལ་རྒྱར་ཕུལ་ནས།།
ཀན་ལྷོ་རྨ་ཆུའི་སློབ་མ།།དཔའ་མོ་ཚེ་རིང་སྐྱིད་ཡིན།།
༢༥༽
ཨ་མས་བུ་ཕྲུག་བསྐྱུར་ནས།།བོད་མིའི་སྡུག་བསྔལ་སེལ་ཆེད།།
གཅེས་སྲོག་མེ་རུ་བསྒྲོན་པའི།།གངས་ཅན་དཔའ་མོ་རིན་ཆེན།།
༢༦༽
བོད་ཡུལ་མུན་པའི་གླིང་ནས།།རང་ལུས་མེ་ལ་སྦར་བཞིན།།
བོད་དོན་བདེན་པ་སྟོན་མཁན།།དཔའ་རྒོད་རྡོ་རྗེ་ཁོང་རེད།།
༢༧༽
རྨད་བྱུང་སྙིང་རྗེ་ཆེན་པོའི།།སྤྱན་གྱིས་བོད་ལ་གཟིགས་ནས།།
རང་ཉིད་བློས་གཏོང་བྱས་པའི།།སེམས་དཔའ་དགེ་པེ་ཁོང་ཡིན།།
༢༨༽
གཞན་དོན་འབའ་ཞིག་བསྒྲུབ་ཕྱིར།།རང་ཉིད་ཡོངས་སུ་བཏང་བའི།།
རྨ་ལྷོ་རེབ་གོང་ཡུལ་གྱི།།བྱང་སེམས་འཇམ་དབྱངས་དཔལ་ལྡན།།
༢༩༽
འཚེ་མེད་ཞི་བའི་ངང་ནས།།རང་ཉིད་ཡོངས་སུ་སྦར་བཞིན།།
༧གོང་ས་མཆོག་ལ་འབོད་པའི།།དཔའ་བོ་བློ་བཟང་ཚུལ་ཁྲིམས།།
༣༠༽
རང་ཡུལ་ཁ་བའི་ལྗོངས་སུ།།ཞི་བདེའི་དེད་དཔོན་བསུ་ཕྱིར།།
མེ་ནང་མཆོང་བའི་དཔའ་རྒོད།།རེབ་གོང་བསོད་ནམས་དར་རྒྱས།།
༣༡༽
འཇིག་རྟེན་མི་སྡེའི་རང་དབང་།།རང་ཅག་ཡོངས་ལ་འཐོབ་ཆེད།།
རང་གིས་རང་ཉིད་སྦར་པའི།།དཔའ་བོ་བློ་བཟང་ཤེས་རབ།།
༣༢༽
བོད་དོན་ལ་རྒྱའི་མེ་ལྕེ།།སེམས་ནས་ལུས་ལ་འབར་བའི།།
རྒྱལ་རོང་དཔའ་བོའི་སྤུན་གྲོགས།།བསྟན་པ་དར་རྒྱས་ཁོང་ཡིན།།
༣༣༽
བདེན་མཐའ་བདེན་པས་གསལ་ཆེད།།བདེན་དཔང་གཅེས་སྲོག་སྦར་མཁན།།
འབར་ཁམས་ཚོ་བདུན་ཡུལ་གྱི།།དཔའ་བོ་འཆི་མེད་དཔལ་ལྡན།།
གཉིས་པ། རྒྱལ་གཅེས་དཔའ་བོའི་ལེའུ།
༣༤༽
གངས་ཅན་ལོ་རྒྱུས་ནང་དུ།།ཞི་རྒོལ་གསར་བཏོད་བྱེད་པོ།།
བཙན་བྱོལ་དཔའ་བོའི་ཐོག་མ།།ཐུབ་བསྟན་དངོས་གྲུབ་ཁོང་རེད།།
༣༥༽
འཛམ་གླིང་རྒྱལ་སྤྱིའི་མིག་ཏུ།།བོད་དོན་བདེན་པ་སྟོན་ཕྱིར།།
བདེན་པའི་མེ་ལྕེ་སྒྲོན་མཁན།།མིག་དམར་དཔའ་བོ་ཁོང་ཡིན།།
༣༦༽
རང་རེའི་རྩ་དོན་ཆེད་དུ།།རང་འགན་རང་གིས་བསྒྲུབ་ཕྱིར།།
རང་ལུས་མེ་ལ་བསྟིམས་པའི།།དཔའ་རྒོད་འཇམ་དཔལ་ཡེ་ཤེས།།
གསུམ་པ། རྒྱལ་གཅེས་དཔའ་བོ་དཔའ་མོའི་ལེའུ།
བོད་དང་བོད་པའི་ཡོད་ཚད།།གཞན་ལ་ཤོར་བའི་ཉིན་ནས།།
གངས་ཅན་བཙན་པོའི་སྙིང་སྟོབས།།གཞིས་བྱེས་གཉིས་ནས་མཆེད་ཡོད།།
རང་རེའི་བསྟན་སྲིད་ཆེད་དུ།།ལུས་སྲོག་ལོངས་སྤྱོད་དོར་ཞིང་།།
མི་ཚེར་བཙོན་ལ་བསྡད་ནས།།དཀའ་སྡུག་མྱོང་མཁན་གྲངས་མེད།།
ཁ་སང་པཎ་ཆེན་ཡང་སྲིད།།དེ་རིང་བསད་རྨས་མང་པོ།།
སང་ཉིན་འཛིན་རྒྱུའི་བོད་མི།།ཡོད་ཚད་རང་རེའི་རྩ་དོན།།
གཞིས་བྱེས་གཉིས་ན་ཡོད་པའི།།རང་རེའི་བདེན་དོན་ཕྱིར་དུ།།
ལུས་སེམས་མནར་ཞིང་གདུང་བའི།།རྒྱལ་གཅེས་སྤུན་ཟླ་ཡོངས་རྫོགས།།
མདོར་ན་རང་རེའི་བོད་ཀྱི།།རྩ་དོན་རྩ་བ་སྒུལ་པའི།།
བོད་དང་བོད་དོན་སྒྲུབ་མཁན།།ཀུན་ལ་རྗེས་དྲན་ཞུ་འོ།།
འོན་ཀྱང་སྐུ་ངོའི་གོ་སར།།འགྱིངས་ནས་རྫིག་གཏམ་སྒྲོག་མཁན།།
སྤྱི་དོན་དར་ཆ་འཕྱར་བཞིན།།རང་དོན་ཁོ་ནར་འབད་མཁན།།
རང་རྒྱལ་རང་རིགས་ཕྱོགས་ལ།།ལ་རྒྱའི་སེམས་ཤུགས་མེད་མཁན།།
ཕྱི་འཇམ་ནང་རྩུབ་མཁན་གྱི།།སྐབས་འཚོལ་དཀྲུག་ཤིང་མཁན་ཚོ།།
དེང་གི་ཛ་དྲག་དུས་སུ།།ཆིག་སྒྲིལ་གཏོར་བཤིག་མཁན་དང་།།
མགོ་འདོགས་ཉུལ་མ་མཁན་ཚོར།།ནམ་ཡང་བཤང་གཅིས་མཆོད་དོ།།
གངས་ཅན་རྒྱལ་གཅེས་པ་ཚོས།།གཅེས་སྲོག་བཏང་བའི་དགོས་འདུན།།
བོད་ཡུལ་བོད་པར་དབང་ནས།།བོད་དོན་བདེན་མཐའ་གསལ་ཤོག།
ཆོལ་གསུམ་ཆིག་སྒྲིལ་ཁུ་ཚུར།།ད་དུང་མཐོ་རུ་བསྒྲེང་བཞིན།།
རྒྱལ་ས་ལྷ་སའི་གྲོང་ནས།།བོད་དར་ལྷབ་ལྷུབ་བསྐྱོད་ཅིག།
འདིར་བྲིས་གངས་ཅན་དཔའ་བོ།།དཔའ་མོ་སུ་དང་གང་ཞིག།
ཆད་ལྷག་ནོར་པ་གང་ཡོད།།ཁོ་བོས་བཟོད་གསོལ་ཞུ་འོ།།
གཞན་ཡུལ་རྒྱལ་ཁམས་ཤིག་ནས།།རང་གིས་འཇོན་པའི་ལས་འདི།།
མྱ་ངན་ཚོར་བས་གདུང་བཞིན།།འདི་ལྟར་ཡི་གེར་བཀོད་དོ།།
རྒྱལ་གཅེས་དཔའ་བོ་དཔའ་མོའི།།རླབས་ཆེན་བྱས་རྗེས་རི་མོ།།
གསེར་གྱི་གླེགས་བམ་འབྲི་དགོས།།རྡོ་བརྐོས་རྡོ་རིང་བསྐྲུན་དགོས།།
དུས་རབས་འདི་ཡི་གཟི་བརྗིད།།བོད་ཀྱི་ལོ་རྒྱུས་ལེའུར།།
གསེར་གྱི་རྐང་རྗེས་འདི་དག།ནམ་ཡང་ཡལ་བ་མེད་དོ།།
ཞེས་པ་འདི་ནི་ཟླ་སྔོན་མའི་ནང་བྲིས་ཤིང་དེ་རིང་འདིར་མཇུག་བསྡུས་པར་བྱས་ཀྱང་ད་དུང་རང་རེའི་རྩ་དོན་མ་གྲུབ་བར་མུ་མཐུད་སྣོན་དགོས་པར་འདོད་དོ།།
༢༠༡༢ ༤ ༡
སྐུ་ཞབས་ལགས་ཐུགས་རྗེ་ཞུ། དཔའ་བོ་རྣམས་ཀྱི་ཚེ་སྲོག་གི་འབོད་པ་འུ་ཅག་གི་འགྲིན་པས་གཟེངས་སུ་འདེགས་དགོས་པ་འོས་འགན། སྐུ་ཉིད་ཀྱི་ས་མུ་མཐུད་དུ་རྩོམ་བྱེད་རོགས།
རང་ལུས་མེ་རུ་བསྒྲོན་ཏེ་བོད་དོན་འཐབ་རྩོད་བྱེད་མཁན་དང་པོ་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཡིན་པས། དེ་ལུགས་ཐུགས་སྣང་གནང་གལ་ཆེ། ཁོང་གིས་༢༠༩༨ ཕྱི་ཟླ་༤ ཚེས་༢༧ ཉིན་མེར་བསྲེག་བཏང་སྟེ། སྐུ་གྲོངས་ཡོད་པ་རེད།
དཔའ་བོ་ཚོར་བསྟོད་པ་བྱེད་ཁུལ་གྱིས་ཕན་ཚུན་ཕོག་ཐུག་གཏོང་རེས་བྱས་ན་ཁེ་ལས་གནོད་ཆེ་ཡི་རེད།
་་་་་་་་ཁོང་གིས་༢༠༩༨ ཕྱི་ཟླ་༤ ཚེས་༢༧ ཉིན་མེར་བསྲེག་བཏང་སྟེ། སྐུ་གྲོངས་ཡོད་པ་རེད།་་་་་་་་སང་སང་ལགས། ལོ་ཚིགས་་་འདི་ལ་ད་དུང་སླེབས་མི་འདུག་ཡ ཧཧཧཧཧཧཧཧཧཧཧཧཧཧཧཧཧ ཀུ་ཅོ་འདོན་པ་་་་མ་སྔ་ལགས། སྐྱོན་བཤད་འདོད་ན་་་་་་དང་པོ་་་རང་ཉིད་ནས་མི་ནོར་རྒྱུ་གལ་ཆེ།
སང་སང་ལགས། བོད་ཡིག་ཡག་པོ་ཤེས་ཤིང་་་་་ནང་དོན་ལ་གོ་བ་ལེན་ཐུབ་ཀི་ཡོད་ན། ད་དུང་གཤམས་ཀྱི་ཚིགས་བཅད་དེ་ཡང་བསྐྱར་ཐེངས་གཅིག་ཀློགས་དང་་་་་་ཁྱོད་ལ་ཁྱོད་རང་གིས་ལན་ཞིག་སྤྲོད་ངེས་རེད།
༣༤༽
གངས་ཅན་ལོ་རྒྱུས་ནང་དུ།།ཞི་རྒོལ་གསར་བཏོད་བྱེད་པོ།།
བཙན་བྱོལ་དཔའ་བོའི་ཐོག་མ།།ཐུབ་བསྟན་དངོས་གྲུབ་ཁོང་རེད།།
ལོ་དུས་ནོར་འདུག་དགོངས་དག།
༡༩༩༨ ལོ་རེད། དཔའ་བོ་ཐུབ་བསྟན་དངོས་གྲུབ་བོད་ཀྱི་རྩ་དོན་ཆེད་བོད་མི་རིགས་ནང་ནས་ཡོངས་གྲགས་སུ་རང་ལུས་མེར་བསྲེག་གཏོང་མཁན་ཐོག་མ་ཡིན་པས། དེའི་མཚན་སྙན་ཆུང་དུ་གཏོང་དགོས་དོན་མི་འདུག
རྩོམ་ཡིག་འབྲི་མཁན་ཚོས་དྲང་མོ་བྱེད་རོགས། སོ་སོས་ལས་འགུལ་སྤེལ་མ་ཐུབ་ཀྱང་། དཔའ་བོ་ཚོའི་བརྒྱུད་རིམ་མ་དཀྲིག་རོགས། ཁ་དྲོ།
ཕོ་རོགས་དཀར་པོས་ནོར་མཛུབ་སྟོན་བྱས་པར་བཀའ་དྲིན་ཆེ།
འོད་སྟོང་འབར་བའི་ལེའུ་གསུམ་་། ཞེས་པ་ལ་བསྔགས་བརྗོད་དང་རྗེས་སུ་ཡི་རིང་ཡོད་།
མེ་ནང་བསྐལ་བ་རྒྱ་མཚོར་གནས་དགོས་ཀྱང་། །ཞེས་པ་བཞིན་དཔའ་བོ་དེ་དག་གིས་ཐུ་བྷོད་མི་རིགས་ཀྱི་རང་དབང་སླད་གཞན་ལ་འཚེ་བ་སྤངས་ཏེ་རང་སྲོག་བློས་གཏོང་གི་ཉམས་ལེན་བྱས་པས་ན་དེ་རྣམས་དོན་ངོ་མའི་དཔའ་མཛངས་ལྡན་པ་ཤ་སྟག་རེད། ཆུ་ངོགས་གཏམ་རྒྱུད་ནང་གི་དཔའ་བོ་གཞན་སྐེ་རྩྭ་འབྲེག་འབྲེག་བྱེད་མཁན་དག་གླེན་དཔའ་རེད་འདོད་གི
ང་ཚོའི་ངོས་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ༌ཚོར་རྗེས་དྲན་དང་གདུང་སེམས་མཉམ་སྐྱེད་ཀྱི་ཆེད་དུ་ཡིག་འབྲུ་རྐང་གཅིག་ལས་འབྲི་མ་ཐུབ་ཀྱང་མཉམ་ཞུགས་བྱེད་གལ་ཆེ་སྙམ། དེས་སྟབས་ཀྱིས་འདི་ལྟར་རྗེས་དྲན་བྲིས་པར་རྗེས་སུ་ཡི་རང་ཡོད།
ལྷག་བསམ་དང་ཕྱོགས་རིས་གཉིས་ནོར་དོག་ཡོད་པས་ཟབ་གལ་ཆེ། རྩོམ་པ་པོ་ཞིག་གི་ངོས་ནི་དུང་ཞེན་ཆེན་པོས་ངང་ནས་གོང་འཁོད་དག་ལས་རང་ལུས་མེར་བསྒྲོན་གྱི་ལས་འགུལ་དང་པོ་སྤེལ་མཁན་དེ། སུ་དང་སུ་ཡིན་མིན་དང་། གོ་རིམ་ལེགས་པོ་དང་དག་པོ་ཞིག་མ་མཁྱེན་ཡང་འཛམ་གླིང་གང་ས་རུ་ཆབ་སྒྲགས་བྱེད་རྒྱུའི་དགོ་མཁོའི་ཆེད་དུ། གཙོ་བོ་བཀར་ཏེ་གང་བྱུང་དུ་རྩོམ་རིགས་སྣ་ཚོགས་ཤིག་སྤེལ་ཚེ། གཞིས་ལུས་བོད་མི་དང་རྒྱ་ཆེའི་མི་དམངས་རྣམས་ཀྱི་ངོས་སུ། དེ་ལས་ལྡོག་ཏེ་ཡིད་ཆད་དང་། བློ་ཕམ་དུ་མ་ཞིག་བཟོ་སྲིད་པ་དང་། དེའི་དབང་ལས་མི་རིགས་དང་ཆོལ་ཁ་སོགས་སོགས་ཀྱིས་འཐེན་འཁྱེར་ཡང་མེ་དང་ཆུ་ནང་བཞིན་ཆེ་རུ་འགྲོ་བས་འཐེན་ཐག་ཞིག་འགྱུར་ངེས་ན། བརླབ་ཆེ་བའི་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་དུ་མ་ཞིག་གིས། བྱེད་དཀའ་བའི་གཅེས་པའི་ཚེ་སྲོག་ཀྱང་དམར་མོའི་མེ་དོང་དུ། བོད་མི་རིགས་ཀྱི་ལ་རྒྱ་དང་། དྲང་བདེན་གྱི་ཆེད་དུ་དམིགས་ནས་ཕུལ་བས་དོན་གོ་མི་ཆོད་བས་ཆུད་ཟོས་དང་། ཁོང་རྣམས་ཀྱིས་རེ་བས་བོད་དོན་གྱི་བདེན་མཐའ་གསལ་རྒྱུ་ལས་ཟློག་ཏེ། རྒྱ་དམར་གྱི་འདོད་པ་འཁེལ་བའི་རྣག་ཐོག་གཙག་ལས་མི་འདའ་བས་ངེས་པ་དྲོད་མོ་ཞིག་རང་རེ་སུས་ཀྱང་སྟེར་མི་ནུས་ལ། མ་ཟད་དམར་པོའི་གཙན་འོག་དུ་གནས་པའི་གཞིས་ལུས་སྤུན་ཟླ་་རྣམས་ལ། དྲང་བདེན་གྱི་རྩོད་པའི་བདེན་པའི་ལམ་འདི་ཉིད་། སུན་འབྱིན་གྱི་མདའ་མོ་ཞིག་དང། ཆོལ་གསུམ་ཆིག་སྒྲིལ་ལ་ཁ་འཐོར་གཏོང་བའི་སྟ་རེ། སེམས་ཁར་སྨྲས་སྐྱོན་བྱེད་པས་གྲི་ཆུང་དག་ལས་ཁྱེད་པར་མེད་པས། ཕན་པ་བས་གནོད་པ་མི་མངའ་བས་མ་རྒྱུ་རུ་མ་མཆིས་པས་མ་བྲིས་ན་ལེགས།
ཡག་པོ་བྲིས་འདུག་་་་་་་དཔའ་བོ་དཔའ་མོ་ཚོས་བོད་སྤྱི་དོན་ལ་ཚེ་སྲོག་མཆོད་མེར་ཕུལ་བའི་སྐབས་འདི་འདྲ་ལ་ང་ཚོས་འདིར་གོ་རིམ་བརྩོད་པ་ནི་བྱབ་ཆུང་གི་ལས་ཀ་རེད།
དེ་བས་རྩོམ་འབྲི་བ་ལས་འགན་མང་ཙམ་འཁེལ་རོགས། མང་གཙོ་ལ་ཁག་མ་གཡར།
སྐུ་ཞབས་ཐབས་མཁས་ལགས། བཙན་བྱོལ་བོད་གཞུང་གི་མི་ལོ་ལྔ་བཅུའི་མཛད་རྗེས་ཀྱང་གཟི་བརྗིད་ལྡན་པའི་ལེའུ་ཞིག་ཏུ་བགྲང་ན་ཅི་འདྲ་རེད།
བརྗོད་བྱ་དོན་དང་བརྗོད་བྱེད་ཚིག་གང་གི་ཆ་ནས་བཤད་ནའང་སྙན་རྩོམ་འདི་ཧ་ཅང་ཡག་པོ་བྲིས་འདུག
མ་གཞི་ནས་ཁོང་གི་སྙན་རྩོམ་དེ་ཚོར་ཡིད་དུ་འོངས་པའི་སྒྱུ་རྩལ་གྱི་ཆ་མང་པོ་ཡོད་ལ། ལྷག་ཏུ་ད་ཐེངས་ཀྱི་སྙན་རྩོམ་ཚིགས་བཅད་མ་འདི་ཡང་ཡག་པོ་བྲིས་འདུག་གོ།
དྲྭ་གྲོགས་མང་པོ་ཞིག་གིས་བསམ་ཚུལ་བྲིས་འདུག འོག་ཀྱང་།གོ་རིམ་ནོར་སོང་ཟེར་མཁན་ཡང་མང་པོ་འདུག ཡིན་ཡང་།བོད་ཕྱི་ལོག་དང་ནང་ལོག་གི་དབྱེ་བ་བྱས་ནས་བྲིས་ཚེ། གོ་རིམ་ནོར་སོང་ཟེར་རྒྱུ་ཁག་པོ་རེད།རྒྱུ་མཚན་ནི།དཔའ་བོ་ཐུབ་བསྟན་དངོས་གྲུབ་སྔོན་མ་མེ་སྲེག་བྱས་པས་སྔོན་དུ་འབྲི་དགོས་ན།འཇམ་དབལ་ཡེ་ཤེས་འཇུག་ཏུ་འབྲི་དགོས་པ་མཐོང་བས།དེ་ལྟར་བྲིས་ཚེ།ཕྱི་ལོག་དང་ནང་ལོག་གི་དབྱེ་བ་མེད་པས་ཡག་པོ་མཐོང་མཁན་མེད་མོད།རྩོད་པ་མེད་ས་ནས་རྩོད་པ་བྱས་ན་རྒྱུ་མཚན་མེད་ཀི། སྙན་ངག་པ་ལགས་ཐུགས་རྗེ་ཆེ།ཡང་ཡང་ཡང་འབྲི་རོགས།
འདིའི་དོན་ཤེས་དགོས་པ་ཞིག་ལ། དེ་སྔོན་རང་ཅག་ལ་གླིང་ལོང་དང་རྩོད་རྙོག་མི་ཉུང་བ་ཞིག་བྱུང་ཟིན་པའི་ཕལ་ཆེར་རིགས་གཅིག་པ་ཡིན་ཙང་སླད་མ་རྩོམ་ཡིག་འདི་འདྲའི་སྤེལ་ཚེ། ངས་ཟབ་ཅེས་བྱེད་རོགས་ཞེས་རེ་བསྐུལ་ལས་གཞན་དམིགས་ཡུལ་གལ་མེད། གལ་རེ་ཟེར་ན་གོ་རིམ་མ་་ནོར་མཛད་གལ་ཆེ་སྙམ།