གཅན་ཡུ་མོ།
མེ་ལྕེ་ཁྲོད་ཀྱི་ཁྱེད།
ངས་དེ་རིང་གསང་ལམ་འདིའི་གྲུ་ཟུར་ཏུ།
ཁྱེད་ཀྱི་སྙིང་སྟོབས་ལ་ཡིད་སྤོབས་སྐྱེས་ཏེ།
དྲི་མེད་དྭངས་གཙང་གི་ཁ་བཏགས་ཞིག་ལག་ཏུ་བཟུང་བཞིན་ཁྱེད་ཉིད་ལ་སྒུག
དུས་རྒྱུན་ཟིང་ཟིང་བྱེད་པའི་མི་ཚོགས་དག
དེ་རིང་ཁུ་སིམ་མེར་ལམ་འགྲམ་དུ་ལྐོག་སུབ་སུབ་ཀྱི་མིག་ཆུ་འབྱིན་བཞིན་ཁྱེད་ལ་ལྟ།
མེ་ལྕེ་ཁྲོད་ཀྱི་ཁྱེད།
ཚེ་སྲོག་གི་དབྱངས་རྟ་འདི་ང་ཚོའི་འཇིག་རྟེན་དུ་སྒྲོག་པ་ནས་བཟུང་།
སྙིང་སྟོབས་དང་དྲང་བདེན་ཞིག་དམ་པོར་བཅངས་བ་ཚོར་ལ།
ངོ་མཚར་གྱི་རྨི་ལམ་གསོན་པོ་ཤིག་མི་རབས་འདིར་བཞག་པའང་རྟོགས་སོང་།
ཡིན་ཡང་། དཀའ་སྡུག་དང་ན་ཟུག་གྲངས་མེད་ཅིག
ང་ཚོས་འཆར་ཡན་གྱི་རྟོགས་བརྗོད་ཁྲོད་འབུལ་དགོས་བ་རྨི་ལམ་དུའང་མེད་པ་ཅི་ཡིན་ནམ།
མེ་ལྕེ་ཁྲོད་ཀྱི་ཁྱེད།
གློ་བུར་དུ་འབར་བའི་མེ་རུ་ལྟར།
བདག་གི་མདུན་དུ་ཚ་སོབ་སོབ་ཀྱི་ཚོར་བ་སྦྱིན་དོན་ཅི་ཡིན།
བདག་མིག་གི་མདུན་དུ་ཁྱེད་ཉིད་ཏིང་འཛིན་གྱི་མཛོད་དུ་བཞུད་དུས།
སྙིང་གསོན་པོར་ལྕགས་གསིར་བྱས་པ་ལྟར།
ངའི་རྩྭ་འཁུམ་ཏེ་དྲན་པ་ཡང་ཉམ་པར་གྱུར།
མེ་ལྕེ་ཁྲོད་ཀྱི་ཁྱེད།
འུ་གཉིས་ལ་བརྩེ་དུང་གི་གཏམ་རྒྱུད་མེད་ལ།
གཉེན་འབྲེལ་གྱི་ཁྲག་རྒྱུན་ཀྱང་མེད་མོད།
ཁྱེད་རང་ཕྱིར་ཡོང་མེད་པའི་འཇིག་རྟེན་ཞིག་ཏུ་འགྲིམ་སོང་བའི་ཚིག་རྐང་དེ་རྣ་བའི་གཏིང་རིམ་དུ་ལྷུང་མ་ཐག
ཁྱེད་དང་འུ་གཉིས་ཁ་སང་གི་ལོ་ཟླ་ནས་བཞུད་མྱོང་བའི་ཤྭ་བ་ཆ་འགྲིག་ཤིག་གི་སྣང་བ་སྟེར་ཏེ།
ཡིད་སྐྱོ་བའི་མིག་ཟུང་གིས་ནམ་མཁར་ལྟ་བཞིན།
བཞུད་ཟིན་པའི་ཁྱེད་ཉིད་སེམས་ངོར་ཟགས།
མེ་ལྕེ་ཁྲོད་ཀྱི་ཁྱེད།
ཁྱེད་རང་བསམ་ཏེ་མྱ་ངན་གྱིས་གཏམ་པའི་སེམས་པ་ཉམ་ཐག་གེར།
དཔའ་ངར་གྱི་རྐང་རྗེས་འཚོལ་གྱིན། སྙིང་སྟོབས་དང་མེ་ལྕེ་སྒོམ་བཞིན།
ཡ་ཆུང་སེམས་ཀྱི་ན་ཟུག་བརྩེགས་མས་ཁྱེད་ཀྱི་རྣམ་ཤེས་གཉོར་འདོད། འོན་ཀྱང་།
ཆར་བ་བཞིན་འབབ་པའི་མིག་ཆུ་དེའི་འུ་ཐུག་ཁྲོད།
ནུས་མེད་ཀྱི་སེམས་པ་གྲངས་མེད་དཀྲོགས་རྗེས། ད་གཟོད།
ཁྱེད་ཉིད་མེ་ལྕེ་ཁྲོད་འཐིམས་ཟིན་པ་ཚོར་བྱུང་།
མེ་ལྕེ་ཁྲོད་ཀྱི་ཁྱེད།
ཞེ་རྨོངས་བའི་གཏམ་རྒྱུད་མང་པོ་ཞིག ལོ་ཟླ་དང་འགྲོགས་ཏེ་བཞུད་འགྲོ་འང་།
སྤྲོ་དགོས་བའི་ལ་རྒྱའི་སྙིང་སྟོབས་ཤིག་ང་ཚོིའི་སེམས་ཁོང་ཏུ་བརྐོས་ཡོད།
ཁྱེད་ཉིད་དྲང་བདེན་ཞིག་གི་ཆེད་དུ་བཞུད་ཡོད་ལ།
སྙིང་སྟོབས་དང་ཆོད་སེམས་གཙང་མས་འབུལ་བའི་ཚེ་སྲོག་དེས།
དུག་ལྔ་གདོན་གྱིས་གཟིར་བའི་མི་ཡུལ་འདིར་བག་ཆགས་ཟབ་མོ་ཞིག་བཞག་ཡོད།
མེ་ལྕེ་ཁྲོད་ཀྱི་ཁྱེད།
རྣམ་ཤེས་ཤིག་གི་བཞག་པ་ང་ཚོས་མཐོང་བའི་འདྲ་པར་དེའི་གཟི་བརྗིད་མིན་ལ།
ངོ་མི་ཤེས་བའི་མི་གཤིས་ཀྱང་མིན་པར།
དྭངས་གཙང་གིས་ཕུལ་བའི་རིན་བྲལ་གྱི་ཚེ་སྲོག་དེ་ཡིན་པས།
འོད་སྣང་དེ་ཡིས་མི་ཡུལ་འདིར་སྐྱ་རེངས་དང་ཉི་གཞོན་གྱིས་འབོད་པ་གཏོང་བ་ལྟར།
དུས་ངེས་མེད་ལ་གཉིད་ལས་སང་བ་ལྟ་བུའི་ཅོང་བརྡ་ཞིག་སྒྲོགས་སོང་།
མེ་ལྕེ་ཁྲོད་ཀྱི་ཁྱེད།
དེ་རིང་། ངས་ཁུ་སིམ་མེར་མདུན་དུ་ཡོད་པའི་བེམ་པོ་ཞིག་ལ་ལྟ་བཞིན།
ཡིད་སེམས་ཀྱི་སྟེང་རིམ་དུ་བཅུག་པའི་ལོ་རྒྱུས་ཀྱི་རྨ་ཁ་གྲངས་མེད་ཅིག་སྔོགས་ཏེ།
སྟོད་སྨད་དབུས་གསུམ་གྱི་སེམས་ཅན་ཚོར།
མ་དང་སྲུ་མོས་སྐྱོ་བའི་མིག་ཆུ་ཤོར་བའི་གཏམ་རྒྱུད་དང་།
སྤུན་དང་ཉེ་ཚན་གྱིས་ན་ཟུག་གི་སྙིང་ཁོངས་གཤེགས་པའི་ལོ་རྒྱུས་སོགས་བརྗོད་འདོད་དེ།
ཁྱེད་ཀྱི་རེ་སྙེག་ལྟར། རང་དབང་དང་དྲང་བདེན། ཚེ་སྲོག་དང་སྤུན་ཟླ།
ནམ་ཡང་གཉེར་ཁམས་ལྟ་བུའི་གྲོང་དུ་མི་ཁོམ་པའི་གྲོག་མ་ཇི་བཞིན།
ཡུལ་གྱར་བའི་ཕྱི་རྟིང་མ་ཟད་བར་དུ། ང་ཚོའི་འཐབ་རྩོད་ཀྱང་འཇགས་མི་སྲིད་པར།
ཁྱེད་ཅག་གི་ཕུལ་བའི་ཚེ་སྲོག་གི་མེ་ལྕེ་དང་བཙན་པོའི་གདུང་རྒྱུད་ཀྱང་ག་ལ་བོར་སྲིད།
མེ་ལྕེ་ཁྲོད་ཀྱི་ཁྱེད།
ང་ཚོའི་སེམས་ཀྱི་རྩིག་ལྡེབས་ངོས་སུ་འབྱར་བའི་མི་གཤིས་དེ་ཡིན་ལ།
མཚན་མོ་རྨི་ལམ་དུ་མངོན་ཡོང་བའི་དཔའ་ངར་ཆེ་བའི་གེ་སར་དེ་འང་ཡིན་སོང་།
དེའི་དེ་རིང་། སྒྱུ་འཕྲུལ་གྱི་ཕྱུགས་པའི་ལྷ་ཚོགས་ཅིག་ཡོད་ཕྱིར།
དད་འདུན་དང་ཉམ་ཆུང་གིས་འཚོ་བའི་བདག་ཅག་ལ་སྡུག་བསྔལ་དང་སོམ་ཉི་ཡི་འཇིག་རྟེན་འདི་རུ།
བདེ་སྐྱིད་ཀྱི་ཞིང་ཁམས་ཞིག་ཏུ་འཁྲིད་ཆོག་པའི་དུས་ལ་སླེབས་འདུག
མེ་ལྕེ་ཁྲོད་ཀྱི་ཁྱེད། བོད་མི་ས་ཡ་དྲུག་གི་བདེ་སྡུག་བསམ་བཞིན།
གསེར་རྡོག་སུམ་ཅུའི་ཕྱུགས་པའི་རིག་གཞུང་དེ་སྐྱོར་བཞིན།
རང་ཉིད་ཀྱི་ཚེ་སྲོག་ཁུར་ཏེ།
ད་དུང་ཕྱི་མ་ནས་ཕྱི་མར་འཐབ་རྩོད་དུ་བཞུད་སོང་།
མེ་ལྕེ་ཁྲོད་ཀྱི་ཁྱེད།
ཁྱེད་ནི་བརྗོད་དུ་མེད་པའི་གངས་རིའི་དཔའ་བོ་ཤིག་ཡིན་ལ།
གངས་རིའི་རྩེ་མོ་ནས་འབར་བའི་མར་མེ་རྐང་ཅིག་ཡིན་སོང་།
༠༥.༠༤.༢༠༡༢ལོའི་མཚན་མོར་བྲིས།
གཅན་ཡུ་མོ་ལགས། སྙན་ངག་ཡག་པོ་བྲིས་འདུག་ལ། ཀློག་པ་པོ་ང་འདྲ་བོ་ལ་སེམས་ཚོར་ཡང་དམིགས་བསལ་ཞིག་བསྟེར་ཐུབ་ཀྱིས་འདུག མུ་མཐུད་སོ་སོའི་དགའ་ཕྱོགས་ཀྱི་རྩོམ་རིག་ཐད་འབད་བརྩོན་བྱེད་པ་དང་། སྙན་རྩོམ་གང་མང་དྲ་ཐོག་ཏུ་སྤེལ་ཐུབ་པར་རེ། ཐུགས་རྗེ་ཆེ།
འོ་སྙན་ངག་ཟེར་ནོ་བྲིས་འདུག་ཀོ གཅིག་ཀློག་པ་དང་ར་བཟི་འགྲོ་ཀི ཡིག་ནོར་ཁ་ཤས་ཡོད་ཀི དགེ་རྒན་གྱིས་ཞུ་དག་མ་བཏང་གོང་ལ་ཁྱེད་རང་གིས་ཞུ་དག་ཐོངས་འ། ཧཧཧ
གཅན་ཡུ་མོས་མུ་མཐུད་འབྲི་བའི་ཡིད་ཆེས་ཡོད།
སྙན་ངག་རྣ་བར་ལྷུང་སོང་།
སྙན་ངག་མིག་གིས་མཐོང་སོང་།
མིག་ལ་མཆི་མ་བསྐྱིལ་སོང་།
སྙན་ངག་སེམས་ལ་མཛུལ་སོང་།
སེམས་ལ་རི་མོ་བྲིས་སོང་།
སྙན་ངག་ཡིན་མིན་མི་ཤེས་ཀྱང་། བསམ་བློ་གཏོང་སྟངས་དེ་འགྲིག་འདུག ཚང་མར་བསམ་བློའི་ཁ་ཕྱོགས་འདི་ཡོད་པ་ཡིན་ན། བོད་དོན་དེ་ང་ཚོའི་སེམས་ངོར་འཇགས་པ་ཞིག་ཡོང་གི་རེད། སེམས་ངོར་འཇགས་པའི་བོད་དོན་དེ་སུ་གང་གིས་གཞོམ་ཐུབ་ཀྱི་མ་རེད། ང་ཚོའི་འཐབ་རྩོད་ཀྱི་སྐུ་ཚེ་ནི་འདི་ལྟར་བསྲིངས་དགོས།
གཅན་ཡུ་མོས་ཡིག་ནོར་ལ་གཟབ་དགོས་པར་མ་ཟད། གཅན་དཔལ་ལྡན། གཅན་བཟོད་རྒྱམ་ཟེར་བ་ཚང་མས་གཟབ་དགོས། འདི་ང་ཚོ་གཅན་ཚ་བ་ཚོས་ཡར་རྒྱས་གཏོང་དགོས་པའི་རིགས་ཤིག་ཆགས་ཡོད།
དུས་རབས་ཉེར་གཅིག་གི་དུས་འདིར་བོད་གངས་ཅན་ནས་འབར་བའི་སྙིང་སྟོབས་དང་ལ་རྒྱ་ཡི་མེ་ལྕེ་འདིས་རྒྱལ་ཞེན་མེད་པའི་སྲང་ལམ་གསེང་གྱི་ལྡོམ་པོ་ཚོའི་སེམས་པ་ལ་ཡང་འགུལ་སྐྱོད་ཅིག་ཐེབས་སུ་བཅུག་སོང་། དམར་ལྷང་ལྷང་གི་མེ་ལྕེ་འདིས་སྲ་ཞིང་མཁྲེགས་པའི་སེམས་པ་དེ་ཡང་གཉེན་པོར་བཏང་བྱུང་། ནམ་རྒྱུན་སུ་ཞིག་གི་ཆེད་དུ་ངུ་མ་མྱོང་བའི་མིག་ཟུང་དེ་ད་ཐེངས་དཔའ་བོ་ཁོང་གི་ཕྱོགས་སུ་ཅེར་ཐེངས་རེར་རྒྱུན་མ་ཆད་པའི་མཆི་མ་ཞིག་ཆུ་མོའི་རྒྱུན་བཞིན་ལྷུང་བྱུང་། བོད་པའི་མེ་ལྕེ། དམར་པོ་སྲོག་གྱི་མེ་ལྕེ། དྲང་བདེན་དང་ལ་རྒྱའི་མེ་ལྕེ། དཔའ་ངར་དང་སྙིང་སྟོབས་ཀྱི་མེ་ལྕེ། ས་ཡ་དྲུག་གི་ཆེད་དུ་ཕུལ་བའི་མེ་ལྕེའི་ཚ་རླབས་ཤིག
སྙན་ངག་ཟེར་ན་འདི་འདྲ་ཞིག་ཡིན་རྒྱུ་རེད། ཀློག་ན་ཡང་ཚ་མེད་ཀྱི་ཆུ་འཐུང་བ་ལྟ་བུའི་སྙན་ངག་དེ་ཚོ་འདྲ་མ་ཡིན་པར་ཚ་ཡོད་པའི་ཇ་ཞིག་ཐུང་བ་ལྟ་བུའི་ཚོར་བ་སྟེར་སོང་།
ཀློག་བཞག་ཡོད། སེམས་ལ་འབབ་ནི་ཞིག་བྲིས་འདུག
སྙན་ངག་ཟེར་ན་སོ་བཤད་ཤེས་ཀྱི་མི་འདུག་ གང་ལྟར་རྙོག་གཏམ་ཞིག་གླེང་འདུག་
ཨ་རོགས་མེ་འབར་ལགས། གཅན་ཡུ་མོས་སྙན་ངག་ཡག་པོ་མེད་པ་དང་། ཉོག་བཤད་འདྲ་རྒྱབ་ཡོད་ཀི་རེད་ཟེར་ན། འོ་ན་ཁྱོད་ཀྱི་སྙན་ངག་ངོ་མ་ཞིག་དང་རྩོམ་རྩལ་ཧ་ལས་བ་ཞིག་བསྟེན་ཡོད་པ་ད་བར་མཐོང་མ་སོང་བ་ཅི་ཡིན། གཞན་ལ་ཁ་འབར་ཤེས་ན་རང་ཉིད་ཀྱི་དེའི་ཡན་ཞིག་འབྲི་ཤེས་དགོས་ཡ། གནུབས་ནས།