༼བོད་ཀྱི་བང་ཆེན་དྲ་ཚིགས་ནས་འདྲེན་བཀོད་ཞུས༽
འདི་ལོར་སྔ་ཕྱིར་ཁམས་ནགས་ཤོད་འབྲི་རུ་རྫོང་གི་བོད་མི་ཤེས་ཡོན་པ་མང་དག་ཅིག་རྒྱ་ནག་གཞུང་གིས་ཉེས་མིང་འདྲ་མིན་འོག་འཛིན་བཟུང་བྱས་པ་དང་། ད་ལྟའི་ཆར་གནས་སྟངས་ག་འདྲ་ཆགས་ཡོད་མེད་དང་། གང་དུ་བཀག་ཉར་བྱས་ཡོད་མེད་ཤེས་རྟོགས་མེད་པ་རེད།
དེ་ཡང་ཁམས་འབྲི་རུ་རྫོང་ཁོངས་ནས་སྨན་པ་ཨོ་རྒྱན་བསྟན་འཛིན་ལགས་དང། དགེ་རྒན་བསྟན་འཛིན་ཐབས་མཁས། དགེ་རྒན་མགོན་པོ་ཀླུ་དབང་། དགེ་རྒན་མར་རིལ་པ་སངས། ཚོང་པ་ཉི་མ་ཚེ་རིང་བཅས་རྒྱ་གཞུང་གིས་སྔ་ཕྱི་འཛིན་བཟུང་བཀག་ཉར་བྱས་རྗེས། ད་ལྟའི་གནས་སྟངས་གསལ་པོ་མི་འདུག་ཅེས་འབྲེལ་ཡོད་ཀྱིས་འགྲེལ་བརྗོད་བྱས་སོང་།
འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ལོ་འདིའི་ཟླ་བ་༢ པའི་༡༨ ཉིན་ཁམས་འབྲི་རུ་རྫོང་ཁུལ་དུ་གྲགས་ཆེ་བའི་གསོ་རིག་མཁས་པ་ཨོ་རྒྱན་བསྟན་འཛིན་ལགས་ས་གནས་ཉེན་རྟོག་པའི་འདྲི་རྩད་བྱས་པ་དང་། དེ་རྗེས་ལྷ་ས་རུ་བོད་སྨན་ཉོ་བར་འགྲོ་དགོས་པ་སོགས་ཁ་གཡར་ནས་ལྷ་སར་ཁྲིད་དེ་ལྷ་སའི་སྤྱི་བདེ་ལས་ཁུངས་སུ་མུ་མཐུད་འདྲི་རྩད་དང་བཀག་ཉར་བྱས་ཡོད་འདུག
དོན་དམ་དུ་སྨན་པ་ཨོ་རྒྱན་ལགས་ལ་ནག་ཉེས་གང་ཡང་མ་རྙེད་པར་གང་བྱུང་དུ་འཛིན་བཟུང་བྱས་པ་ཁོ་ན་ཡིན་འདུག བོད་སྨན་མཁས་པ་ཨོ་རྒྱན་བསྟན་འཛིན་ལགས་ནི་ཁམས་འབྲི་རུ་རྫོང་བོམ་ཕན་ཤང་གི་མི་ཡིན་པ་དང་། ད་ལྟ་རང་ལོ་༥༥ ཙམ་ལ་སླེབས་ཡོད་ཅིང་། ཁོང་ནི་བོད་ཀྱི་རིག་གཞུང་སྤྱི་དང་། ལྷག་པར་དུ་བོད་ཀྱི་གསོ་བ་རིག་པའི་གཞུང་ལ་ཧ་ཅང་མཁས་པ་དང་། ཡང་སྒོས་སུ་ལོ་ངོ་ ༣༠ ཙམ་གྱི་རིང་ས་གནས་ཀྱི་ནད་པ་འབོར་ཆེན་ཞིག་སྨན་བཅོས་བྱེད་ཀྱི་ཡོད་པ་རེད། ནད་པ་ཉམ་ཐག་སུ་ཡིན་ལ་རིན་མེད་སྨན་བཅོས་བྱེད་ཀྱི་ཡོད་ལ། གྲྭ་བཙུན་ཚོ་དང་སློབ་གྲྭ་བ་སོགས་ཤེས་ཡོན་པའི་སྡེ་ལ་དཔལ་འབྱོར་གྱི་མཐུན་རྐྱེན་སྦྱར་བ་སོགས་སྤྱི་ཚོགས་ལ་ཕན་པའི་བྱ་གཞག་རླབས་ཆེན་སྒྲུབ་མཁན་ཞིག་ཡིན་པ་རེད།
ཡང་ལོ་འདིའི་ཕྱི་ཟླ་༢ པའི་ཚེས་༢༥ ཙམ་ལ། ཕ་ཡུལ་ཁམས་འབྲི་རུ་རྫོང་བརླན་ཆུ་ཤང་ནས་ཡིན་པའི་བསྟན་འཛིན་ཐབས་མཁས་ལགས་ལྷ་ས་ནས་གློ་བུར་དུ་ལྷ་སའི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག ཁོང་ལ་ནག་ཉེས་ཅི་གང་མེད་མོད་སྤྱི་ཚོགས་བརྟན་ལྷིང་དཀྲུག་མཁན་གྱི་དོགས་གཞིའི་འོག་འཛིན་ཟུང་བྱས་པ་རེད་ཟེར། ཁོང་དེ་སྔོན་བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་ཏེ་རྗེས་སུ་བོད་ཀྱི་ས་ཁུལ་ཁ་ཤས་ལ་བོད་ཡིག་དགེ་རྒན་བྱེད་མྱོང་ཞིང་། ད་སྐབས་ཀྱང་ལྷ་སར་ཡོད་པའི་སྒེར་གཉེར་བོད་ཡིག་སློབ་གྲྭ་ཞིག་གི་དགེ་རྒན་ཡིན་པ་རེད།
ཡང་ཟླ་བ་༢ པའི་ཚེས་༢༦ ཙམ་ལ་འབྲི་རུ་རྫོང་འབྲི་ལུང་ཤང་ནས་ཡིན་པའི་རྒན་མགོན་པོ་ཀླུ་དབང་དང་འབྲི་རུ་རྫོང་བོམ་ཕན་ཤང་ནས་ཡིན་པའི་རྒན་མར་རིལ་པ་སངས་གཉིས་ཀྱང་ཉེས་མིང་ཅི་ཡང་མེད་པའི་ཐོག་མཉམ་དུ་ས་གནས་འབྲི་རུ་རྫོང་ནས་འཛིན་བཟུང་བྱས་ཡོད་པ་རེད། ཁོང་གཉིས་ནི་ཁམས་འབྲི་རུ་རྫོང་ཐོག་ཏུ་སྒེར་གཉེར་བོད་ཡིག་སློབ་གྲྭའི་དགེ་རྒན་ཡིན་པ་དང་། སློབ་གྲྭ་དེ་ནི་ཡིག་རྨོངས་མང་ཚོགས་ཚོའི་སླད་དུ་བཙུགས་པ་ཞིག་ཡིན་འདུག་པ་མ་ཟད། སློབ་གྲྭ་དེ་གཉེར་ནས་ཕལ་ཆེར་མི་ལོ་༡༠ ཙམ་ཟིན་གྱི་ཡོད་པ་རེད།
ཕྱི་ཟླ་༣ པའི་ཚེས་༢༣ ཙམ་ལ། ཕ་ཡུལ་ཁམས་ནགས་ཤོད་འབྲི་རུ་རྫོང་བོམ་ཕན་ཤང་ནས་ཡིན་པའི་ཚོང་པ་ཉི་མ་ཚེ་རིང་ལགས་ནག་ཉེས་ཅི་ཡང་མེད་པར་གློ་བུར་དུ་འཛིན་བཟུང་བྱས་འདུག ཚོང་པ་ཉི་མ་ཚེ་རིག་ལགས་ནི་ཐོག་མར་ཁོང་གིས་དབྱར་རྩྭ་དགུན་འབུ་དང་ས་ཁང་ཚོང་གཉེར་བྱས་པ་དང་། རིམ་པས་འབྲི་རུ་རྫོང་ཐོག་ཏུའང་ཐོག་བརྩེགས་ཅན་གྱི་སྤུས་ལེགས་ཟ་ཁང་དང་རྩེད་ཁང་སོགས་ཀྱང་གཉེར་ཡོད། དེང་སྐབས་ཁོང་གིས་རྒྱ་ནག་སོགས་ལའང་དབྱར་རྩྭ་དགུན་འབུ་ཚོང་འབྲེལ་བྱས་ཏེ། ཁམས་ཁུལ་གྱི་དཔལ་འབྱོར་རྩེ་གྲས་སུ་སླེབས་པའི་ཚོང་པ་ཞིག་ཡིན་པ་རེད།
ཤེས་ཡོན་པར་བཀག་སྡོམ་བྱེད་པ་འདི་ནི་ཡང་སྐྱར་རིག་གནས་གསར་བརྗེ་ཆེན་པོ་གཉིས་པ་ཞིག་ཡོང་རྒྱུའི་སྔོན་བརྡ་རེད།
ཁམས་ནགས་ཤོད་འབྲི་རུའི་ཤེས་ཡོན་པ་དེ་དག་ལ་གདུང་སེམས་མཉམ་སྐྱེ་དང་། མྱུར་དུ་གློད་བཀྲོལ་ཡོང་བའི་རེ་སྨོན་བཅས།
འདིའི་མིང་ལ་འབུར་འཇོམས་ཟེར།
ངོ་མ་ཁྱི་རྒོད་ལས་སྐྱོ་བ་རྒྱ་མི།
འབྲི་རུ་རྫོང་གི་དགོན་པ་རྣམས་ལ་རྒྱ་གཞུང་གིས་ལས་འགུལ་རབ་དང་རིམ་པ་སྤེལ་ནས་དགོན་པ་རྣམས་ཀྱི་ནང་དུ་ད་ལྟ་བླ་སེར་འདུག་མཁན་མེད་པའི་གནས་ཚུལ་ཐོན་བྱུང་།