དྲུག་གཅིག་བྱིས་པའི་དུས་ཆེན་ནི་བོད་རང་གི་སྲོལ་རྒྱུན་ལ་འབྲེལ་བ་ཅི་ཡང་མེད་ཅིང་། རྒྱ་ནག་གུང་ཁྲན་རང་གིས་གཏན་འབེབས་བྱས་པའི་བྱིས་པའི་དུས་ཆེན་ཞིག་ཡིན། ཡིན་ན་ཡང་བོད་འདི་རྒྱ་འོག་ལ་ཤོར་ནས་བཟུང་། བྱིས་པའི་དུས་ཆེན་འདི་བཏང་བཏང་ནས་བོད་ཕྲུག་རྣམས་ལ་་དུས་ཆེན་འདི་ནི་རང་གི་མ་ཡིན་པའི་ཚོར་སྣང་ཅི་ཡང་མེད། རྒྱ་ཕྲུག་རྣམས་དང་འདྲ་བར་བོད་ཕྲུག་རྣམས་ཀྱང་དུས་ཆེན་འདི་ལ་དགའ་འུར་ཆེན་པོ་ལངས། འདས་པའི་དུས་རབས་ཕྱེད་ཙམ་གྱི་རིང་ལ་རྒྱ་མི་གུང་ཁྲན་གཞུང་གིས་བོད་ལ་རྩུབ་སྤྱོད་ཇི་འདྲ་སྤེལ་ན་ཡང་། བོད་ཕྲུག་རྣམས་ཀྱིས་དུས་ཆེན་འདི་ལ་དགའ་སྣང་བྱེད་པ་ལ་ཅི་ཡང་གནོད་ཐུབ་མེད། ན་ནིང་དང་དོ་ཙིག་ནི་རྒྱ་ནག་དམར་གཞུང་གིས་བོད་ཕྲུག་རྣམས་ཀྱི་སེམས་ལ་ཡང་ཕོག་ཧ་ཅང་ཆེན་པོ་བཏང་བའི་དུས་སྐབས་ཤིག་ཡིན། ད་ལོ་བླ་བྲང་ལ་སློབ་ཆུང་གི་སློབ་མས་རྒྱ་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་བྱས་པ་ནི་དེའི་མངོན་རྟགས་གསལ་པོ་ཞིག་ཡིན། ཡིན་ན་ཡང་འདིས་ཀྱང་བོད་ཕྲུག་རྣམས་རྒྱ་ནག་དམར་གཞུང་གིས་གཏན་འབེབས་བྱས་པའི་དུས་ཆེན་འདིའི་དགའ་སྣང་འཇོམས་ཐུབ་མེད་པ་འདྲ། ཡིན་ན་ཡང་རྒྱ་ནག་གཞུང་ན་ནིང་དོ་ཙིག་བོད་པ་མི་རྒན་རྣམས་ཀྱི་འདུ་འཛོམས་ལ་གཏན་ནས་མི་དགའ་བ་ལྟར། བོད་ཕྲུག་རྣམས་ཀྱི་འདུ་འཛོམས་ལ་ཡང་ཞེད་དེ་ད་ལོ་བོད་ཕྲུག་རྣམས་ཀྱིས་དུས་ཆེན་འདི་བཏང་མི་ཆོག་པའི་བཀའ་ཁྱབ་ཅིག་བཏང་འདུག་ཚུལ་གྱི་ཁྲོམ་གཏམ་ཞིག་ངས་ཉིན་བཅུ་ཙམ་གྱི་སྔོན་ལ་གོ་སོང་།
དེ་རིང་དྲུག་གཅིག་བྱིས་པའི་དུས་ཆེན་རེད། དྲ་གྲོགས་རྣམས་ཀྱིས་བོད་ཕྲུག་རྣམས་དེ་རིང་འདུ་འཛོམས་བྱེད་ཐུབ་ཀྱི་ཡོད་མེད་སྐོར་ལ་ཅང་གོའམ།
དྲུག་གཅིག་བྱིས་པའི་དུས་ཆེན་ལ་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ཡང་ཟེར། དུས་ཆེན་འདི་ ༡༩༤༩ ལོའི་ཟླ་བཅུ་གཅིག་པར་རྒྱལ་སྤྱིའི་དམངས་གཙོ་བུད་མེད་ལྷན་ཚོགས་ཟེར་བ་ཞིག་གིས་ཨུ་རུ་སུའི་རྒྱལ་ས་མའོ་སི་ཁོ་ལ་གཏན་འབེབས་བྱས་འདུག ༡༩༤༩ ལོའི་ཟླ་ ༡༢ པའི་ཚེས་ ༢༣ ཉིན་ རྒྱ་གམར་གཞུང་གིས་དུས་ཆེན་སྲུང་བརྩི་བྱེད་རྒྱུ་གཏན་འཁེལ་བྱས་པ་རེད་ཟེར། ང་ཚོ་རྒྱུས་ཡོད་པའི་རྒྱ་གར་དང་ཨ་རི་ལྟ་བུ་ན་དུས་ཆེན་འདི་སྲུང་བརྩི་བྱེད་སྲོལ་མེད་པ་ལ་བལྟས་ན། གོང་དུ་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་གྱི་རྒྱལ་སྤྱི་ཟེར་བ་དམར་ཕྱོགས་མནའ་མཐུན་གྱི་རྒྱལ་སྤྱི་དང་། རྒྱལ་སྤྱིའི་དམངས་གཙོ་བུད་མེད་ལྷན་ཚོགས་ཟེར་བ་དེ་ཡང་དམར་ཕྱོགས་རྒྱལ་ཁབ་ཁག་གི་བུད་མེད་ཀྱི་ཚོགས་པ་ཞིག་ཡིན་དགོས་སམ།
ངས་ཝི་ཀེ་པི་ཌི་ཡ་ནང་ལ་བལྟས་པ་ཡིན། དེར་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་དེ་ ༡༩༢༠ ལོར་ཏུར་ཀེ་ནང་བྱུང་བར་བཤད་ལ། ཕྱིས་སུ་ སུད་སིའི་ཇི་ནི་ཝ་ས་ཆར་ ༡༩༢༥ ལོར་བྱུང་བར་བཤད། དྲུག་གཅིག་དེ་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་དུ་འདེམས་དགོས་པའི་རྒྱུ་མཚན་དེ་གསལ་པོར་མེད་སྐོར་དང་། འཛམ་གླིང་ཁྱོན་ཡོངས་ཀྱི་ཐད་ནས་ ༡༩༥༥ ལོ་ནས་མགོ་འཛུགས་བྱས་ཤིང་དུས་ཆེན་གྱི་ཉི་མ་ངེས་མེད་སྣ་ཚོགས་ཤིག་ཡིན་པར་བརྗོད། ཞིབ་གསལ་གྱི་གནས་ཚུལ་འདི་ན་འདུག
http://en.wikipedia.org/wiki/Children%27s_Day
རྒྱ་ཡིག་གི་དྲ་རྒྱ་ཞིག་ལས་ངས་གོང་དུ་བཀོད་པའི་གནས་ཚུལ་དེ་མཐོང་སོང་། གཅིག་བྱས་ན་རྒྱལ་སྤྱིའི་ཐོག་ན་སྔོན་མ་ནས་ཡོད་པའི་དུས་ཆེན་ཞིག་དམར་ཕྱོགས་རྒྱལ་ཁབ་ཁག་གིས་ཡང་སྐྱར་གཏན་འཁེལ་ཞིག་བྱས་ན་ཡང་ཐང་།
ད་ལོ་དྲུག་གཅིག་དང་ལྔ་བའི་ལྷ་ཚོད་ (端午节) ཟེར་བའི་དུས་ཆེན་གཉིས་ཉིན་མ་ཁ་ཤས་ཀྱི་སྔ་གཞུག་མ་གཏོགས་དུས་མཉམ་གཅིག་ཏུ་འཁེལ་ཡོད་ཅིང་། སྐབས་དེར་ངའི་ཁྱིམ་ནས་དྲུག་གཅིག་དང་ལྔ་བའི་ལྷ་ཚོད་གཉིས་ལས་ལྔ་བའི་ལྷ་ཚོད་ཀྱི་སྐོར་མང་དུ་བཤད་སོང་། སྔར་ཡིན་ན། ངའི་ཕ་ཡུལ་དུ་རྒྱ་ནག་གཞུང་གི་ལས་བྱེད་ཚོར་ལྔ་བའི་ལྷ་ཚོད་ཀྱི་སྐབས་སུ་གཞུང་འབྲེལ་གུང་གསེང་མེད་མོད། ད་ནི་གུང་གསེང་ཡོད་པ་འདྲ། ལྔ་བའི་ལྷ་ཚོད་ཟེར་བའི་དུས་ཆེན་དེ་ནི་རྒྱ་ནག་གི་རྒྱལ་གཅེས་སྙན་ངག་པ་ཆུའུ་ཡོན་ལ་དྲན་གསོ་བྱེད་པའི་དུས་ཆེན་ཞིག་ཡིན་པ་ལྟར། རྒྱ་ནག་གཞུང་གིས་ཀྲུང་ཧྭ་མི་རིགས་ཀྱི་དུས་ཆེན་དེ་དག་གལ་ཆེར་བརྩིས་པ་ན། སྔར་གྱི་རྒྱལ་སྤྱིའི་དུས་ཆེན་ཟེར་བ་དེ་དག་ཉམས་རྒུད་དུ་སོང་བ་མིན་ནམ། ཁ་ཤས་ཀྱིས་འདི་ནི་ཀྲུང་ཧྭ་ “མི་དམངས” ཟེར་བ་དེ་ད་སྐབས་ཀྲུང་ཧྭ་ “མི་རིགས” ལ་འགྱུར་བ་ཐེབས་པའི་རྐྱེན་གྱིས་རེད་ཟེར། དྲུག་གཅིག་ནི་ན་ནིང་དོ་ཚིགས་ཙམ་མིན་པར་དེའི་སྔོན་ནས་དཔེར་ན་རྫོང་གཅིག་གི་སློབ་ཆུང་སློབ་མ་རྣམས་མཉམ་འཛོམས་ཀྱིས་མཛད་སྒོ་ཚུགས་པ་ལྟ་བུའི་གཞུང་གི་བཀོད་སྒྲིག་དེ་མེད་པ་མ་ཟད། དྲུག་གཅིག་གི་སྐབས་སུ་སློབ་གྲྭ་སོ་སོ་སྤྲོ་གསེང་ལ་འགྲོ་བ་དེའང་མཚམས་ཆད་ཡོད་པ་བཅས་དྲུག་གཅིག་ནི་སྔར་གྱི་དྲུག་གཅིག་གི་ཚད་ན་མེད་པ་གསལ་བོ་རེད། ལྔ་བའི་ལྷ་ཚོད་ཀྱང་སངས་རྒྱས་སྨན་བླའི་བྱིན་རླབས་ཀྱི་སྨན་ཆུ་ཞེས་ཞོགས་པ་སྔ་མོ་ནས་བྱིས་པ་ཚོ་ཆུ་ལ་ཞུགས་པའི་དད་པ་དང་དགའ་སྣང་དེ་ཉམས་པ་མ་ཟད། བྱིས་པ་ཚོས་ཀེའུ་ཚོད་ཀྱི་ཚབ་ཏུ་ད་ནི་ཙོང་ཙི་(粽子)ཟ་འདོད་ཆེན་པོ་བྱེད་ཀྱི་འདུག
རྒྱ་ནག་གཞུང་གིས་དྲུག་བཞིའི་ལས་འགུལ་གྱི་རྗེས་ནས། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་གལ་ཆེན་པོར་བརྩིས་ཏེ་སློབ་མ་ཚོའི་བློ་ཁ་ནུབ་ཕྱོགས་ཀྱི་མང་གཙོའི་ཤེས་རིག་ནས་ཁ་བསྒྱུར་བྱེད་རྩིས་བསྟན་པའི་སྐབས་དེར། བོད་དུ་སྲིད་ཇུས་དེ་ཨ་ལགས་དོར་ཞི་སོགས་ཀྱི་ལག་ཆར་གྱུར་ནས། བོད་ཀྱི་དེང་རབས་པ་ཚོས་སྲོལ་རྒྱུན་གྱི་རིག་གནས་ལ་རྒོལ་རྡུང་བྱེད་མི་རུང་བ་ནི་རྒྱ་ནག་གཞུང་གིས་རང་གི་སྲོལ་རྒྱུན་གྱི་རིག་གནས་ཀྱི་རིན་ཐང་གཞི་ནས་ཤེས་ཀྱིན་ཡོད་པ་དེ་འདྲ་རེད་ཅེས་བསླབ་བྱ་བརྒྱབ་སོང་། གང་ལྟར། ད་སྐབས་དྲུག་གཅིག་ལྟ་བུའི་གུང་ཁྲན་གྱི་རྒྱལ་སྤྱིའི་བསམ་བློ་ཉམས་རྒུད་དུ་སོང་ཡོད་པ་ནི་གསལ་བོ་རེད།