གཅན་འོད་འབར།
ཁོར་མཚོན་ན་འཇིག་རྟེན་ནི་མུན་ནག་རྐྱང་རྐྱང་གི་ཞིང་ཁམས་ཤིག་སྟེ་གནམ་སའི་བར་གྱི་མཛེས་སྡུག་ནི་མཐོང་རེག་བྲལ་བའི་རྨི་ལམ་ཞིག་ལས་མ་འདས་མོད། ཁོ་མོའི་ཡོད་ཚད་ད་དུང་ཁོའི་སེམས་པའི་མིག་གོང་ན་གསལ་ལམ་མེར་’འོད་དུ་འཚེར། “ཤུ་་་་” ཁོས་དབུགས་རིང་ཞིག་འཐེན་རྗེས་འཁར་རྒྱུག་མདུན་དུ་བསྲིངས་ཞོར་དལ་ལྷོད་གྱི་གོམ་ཁ་མདུན་ཕྱོགས་ཀྱི་ཁང་ཆུང་དེའི་ཕྱོགས་སུ་བསྒྱུར་འགོ་ཚུགས།
ཁོས་རང་ཉིད་ཀྱི་མི་ཚེ་འདིའི་ལས་དབང་དང་ད་ལྟའི་གནས་སྟངས་སོགས་ཡིད་ལ་འཁོར་ཐེངས་རེར་འགོག་དཀའ་བའི་སྐྱོ་སྣང་གི་ཚོར་བ་དྲག་པོ་ཞིག་མེ་རི་བཞིན་སེམས་གཏིང་ནས་ཤུགས་ཀྱིས་འབར་ཡོང་ལ་སྡུག་ཡུས་ཀྱི་མཆི་མ་རྡོག་པོ་རེ་མིག་ཟུང་ནས་ཆར་ཐིགས་བཞིན་དབང་མེད་ལྷུང་ཡོང། འོན་ཀྱང་ཁོ་རང་ཉིད་འདི་འདྲ་ཞིག་ཆགས་པའི་ཐད་ལ་འགྱོད་སྣང་གི་ཚོར་བ་ཞིག་ནམ་ཡང་སྐྱེས་མ་མྱོང་། རྒྱུ་མཚན་ནི་ཁོའི་སེམས་ཁོང་ན་དྲག་ཏུ་འཕྱོ་བའི་དྭངས་གཙང་འགྱུར་མེད་ཀྱི་བརྩེ་སེམས་གསོན་ཡོད་པས་སོ།
༡
དེ་ནི་ཁ་བས་གཡོགས་པའི་དགུན་དུས་ཀྱི་ཉིན་མོ་ཞིག་སྟེ་དཔལ་འཛོམས་གྲོང་ཁྱེར་ནི་མཛེས་སྡུག་གི་གོས་དཀར་གྱོན་པའི་ཡུལ་ལྗོངས་ཤིག་དང་འདྲ་བར་ཧ་ཅང་ཡིད་དུ་འོང། མེ་ཏོག་སྲང་ལམ་གྱི་བག་ཕེབས་དྲ་ཁང་དུ་ཁོས་ནམ་རྒྱུན་དང་འདྲ་བར་བདུན་ཕྲག་གཉིས་ཀྱི་སྔོན་དུ་ངོ་ཤེས་པའི་བུ་མོ་དེ་དང་དྲ་རྒྱ་བརྒྱུད་གཏམ་གླེང་བྱེད་ཀྱིན་འདུག དངོས་གནས་འཇིག་རྟེན་འདིའི་སྒང་དུ་བརྗོད་མི་ཤེས་ཤིང་མིའི་རིགས་ཀྱི་བསམ་ཡུལ་ལས་འདས་པའི་ཡ་མཚན་དངོས་བྱུང་གི་དོན་དག་མང་པོ་ཞིག་ལ་ང་རང་ཉིད་ཀྱང་ཡིད་མི་ཆེས་མོད། འོན་ཀྱང་ཁོ་དང་བུ་མོ་དེ་གཉིས་ཀྱི་བརྩེ་དུང་གི་གཏམ་རྒྱུད་འདིས་ང་ལ་ཤེས་སུ་བཅུག་པ་ནི་ངའི་མཐོང་ཐོས་མྱོང་གསུམ་གྱི་ཤེས་རྒྱ་ཧ་ཅང་ཆུང་དྲག་པ་དེ་རེད། གང་ལྟར་ཡང་ཕན་ཚུན་ལ་བརྩེ་བ་ཟབ་པའི་གཞོན་ནུ་འདི་གཉིས་ཀྱི་བརྩེ་དུང་གི་ལེའུ་དེ་ཡང་དང་ཐོག་གློག་ཀླད་དྲ་རྒྱ་བརྒྱུད་ནས་འགོ་བརྩམས་པ་མ་ཡིན་ནམ།
ཁོའི་མིང་ལ་བདེ་ལྡན་ཟེར་ཞིང་རང་ལོ་ཉེར་གཉིས་ཡིན། སྤྱིར་ང་ཁོའི་གྲོགས་པོ་ཡག་ཤོས་ཤིག་མིན་ན་ཡང་ང་ཁོ་ལ་ཆ་རྒྱུས་ཧ་ཅང་ཡོད། ཁོ་སྔོན་ཆད་དྲ་ཁང་དུ་འགྲོ་རྒྱུ་མི་དགའ། རྒྱུ་མཚན་ནི་ཁོས་གློག་ཀླད་ནི་མིའི་རིགས་ཀྱི་ཀླད་པ་བེད་མེད་དུ་གཏོང་བྱེད་ཀྱི་རྒྱུ་ཞིག་ཏུ་བསམ་པས་རེད། ཡིན་ནའང། མི་ཞིག་གི་སེམས་ཁམས་ལ་ཚོད་དཔག་དང་ཁ་ཚོན་གཅོད་རྒྱུ་ནི་ཧ་ཅང་དཀའ་ཟེར་བ་དེ་ཅིས་མ་བདེན། ད་ལྟ་དྲ་ཁང་དུ་འགྲོ་རྒྱུ་གོམས་ཤིང་དགའ་བའི་ཁོའི་བྱ་སྤྱོད་འདིས་ཀྱང་ར་སྤྲོད་བྱེད་ཐུབ་པ་མ་ཡིན་ནམ། དེ་ནི་ཁོ་དགུན་ཁའི་གུང་གསེང་དུ་སླེབས་ནས་བདུན་ཕྲག་གཅིག་ལྷག་འགྲོ་བའི་ཉིན་མོ་ཞིག་སྟེ། ཁོའི་གྲོགས་པོ་ཀུན་དགས་ཨུ་ཚུགས་ཀྱིས་ཁོ་དྲ་ཁང་ཞིག་ཏུ་ཁྲིད་ནས་ཁོ་ལ་དྲ་རྒྱ་བརྒྱུད་ནས་འཕྲིན་ཡིག་བསྐུར་སྟངས་དང་གླེང་མོལ་བྱེད་ཚུལ་སོགས་བསླབས་པ་མ་ཟད་། ད་དུང་གློག་ཀླད་ཤེས་ན་དགེ་ཕན་འདི་དང་ཡོན་ཏན་དེ་ཡོད་ཚུལ་སོགས་ཀྱི་འགྲེལ་བཤད་མང་པོ་ཞིག་རྒྱབ་པས་གཞི་ནས་ཁོས་རང་ཉིད་ཀྱི་བག་འཁུམ་དང་རྗེས་ལུས་ཀྱི་བསམ་བློ་དེ་རྟོགས་པ་རེད། དེ་ནས་བཟུང་ཁོ་ཉུང་མཐར་ཡང་ཉིན་རེར་དྲ་ཁང་དུ་ཐེངས་གཅིག་གཉིས་རེ་འགྲོ་བ་ཡིན། དེ་ནི་གཟའ་ལྷག་པའི་ཉིན་མོ་ཞིག་སྟེ། ཁོ་ནམ་རྒྱུན་བཞིན་དྲ་ཁང་ཞིག་ཏུ་འཛུལ་ནས་མི་ཞིག་དང་གླེང་མོལ་བྱེད་བཞིན་འདུག ཁོས་གླེང་མོལ་བྱེད་ཀྱིན་པའི་མི་དེ་བུ་མོ་ཞིག་རེད་ལ་མོའི་གློག་འཕྲིན་མིང་བྱང་ལ་”སྦྲང་རྩི”་ཟེར།
“ཁྱོད་ཀྱི་དངོས་མིང་ལ་ཅི་ཞིག་ཟེར་རམ། ལོ་ག་ཚོད་ཡིན། ཁྱོད་ག་རེ་ལ་དགའ་པོ་ཡོད།”མོས་དབྱིན་ཡིག་གིས་དེ་ལྟར་དྲིས། ”ངའི་མིང་ལ་བདེ་ལྡན་ཟེར་ཞིང་རང་ལོ་ཉེར་གཉིས་ཡིན། གླུ་གཞས་དང་ཞབས་བྲོ་། ད་དུང་རོལ་ཆས་དཀྲོལ་རྒྱུར་ཧ་ཅང་དགའ། དེ་ན་ཁྱོད་རང།” ”ངའི་དངོས་མིང་ལ་བདེ་སྐྱིད་ཟེར། ད་ལོ་ལོ་ཉེར་གཅིག་ཡིན་ལ་ང་ཡང་གླུ་གཞས་གཏོང་རྒྱུ་དང་དཔེ་དེབ་ཀློག་རྒྱུ་ཤིན་ཏུ་དགའ།” ཟེར། འདི་ལྟར་དྲ་རྒྱའི་འཕྲིན་ཡིག་དང་གླེང་མོལ་གྱི་བརྒྱུད་རིམ་ཁྲོད་ནས་ཁོས་བུ་མོ་དེ་ནུབ་ཕྱོགས་ཀུན་དགའི་ཡུལ་ནས་ཡིན་པ་ཤེས་པ་མ་ཟད། ད་དུང་རྒྱུ་སྟོབས་ཆེ་བའི་ཁྱིམ་ཚང་ཞིག་གི་སྲས་མོ་ཡིན་པ་ཡང་རྟོགས་པ་རེད། གང་ལྟར་ཡང་ཕན་ཚུན་རྒྱུས་མངའ་དང་མཐོང་མྱོང་མེད་པའི་གཞོན་ནུ་འདི་གཉིས་ཀྱིས་ཕན་ཚུན་ལ་བརྗོད་མི་ཤེས་པའི་ཚོར་བའི་བག་ཆགས་ཟབ་མོ་ཞིག་བཞག་པ་དང། བག་ཆགས་དེ་ཉིན་རེར་ཇེ་མཐུག་ནས་ཇེ་མཐུག་ཏུ་འགྲོ་བཞིན་གདའ། དྲ་རྒྱ་བརྒྱུད་བདེ་སྐྱིད་དང་ཁ་ཐུག་པ་ནས་བཟུང་དྲ་ཁང་དུ་འགྲོ་རྒྱུ་ནི་བདེ་ལྡན་ལ་མཚོན་ན་ཆེས་དགའ་ཤོས་ཀྱི་གོམས་གཤིས་ཤིགཏུ་གྱུར་བ་མ་ཟད། ཁོ་མོ་དང་ལྷན་དུ་ཡར་མར་གླེང་མོལ་བྱེད་རྒྱུ་ནི་ཁོའི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ནས་ཉིན་གཅིག་ཁོ་མོ་ལྷན་དུ་གླེང་མོལ་མ་བྱས་ཚེས་སེམས་པ་འདི་ཅི་ཞིག་བོར་བ་དང་མཚུངས་བར་སྡོད་མི་ཚུགས་པའི་གནས་སུ་གྱར་འགྲོ ”ཁྱོད་ཀྱིས་ང་མི་ཅི་འདྲ་ཞིག་རེད་བསམ་གྱི་འདུག་གམ།” ཁོས་མོར་དེ་ལྟར་དྲིས། ”ངས་ཁྱོད་མི་ཁ་སངས་པོ་དང་ཁྱད་མཚར་པོ། དེ་བཞིན་བསམ་ཤེས་བྱ་ཐུབ་མཁན་ཞིག་རེད་བསམ་གྱིན་འདུག དེ་ན་ཁྱོད་ཀྱིས་བལྟས་ན་ང་བུ་མོ་ག་འདྲ་ཞིག་རེད་དྲན་གྱིན་འདུག་གམ།” ”ཨུན་་་་ངས་ཚོད་དཔག་བྱས་པ་ནོར་མེད་ན། ཁྱོད་འགྲོགས་བདེ་ཞིང་འདྲིས་སླ་བའི་བུ་མོ་ཡ་རབས་ཤིག་རེད་བསམ།” འདི་ལྟར་གླེང་མོལ་དང་འཕྲིན་ཡིག་མང་པོ་ཞིག་གི་བརྒྱུད་རིམ་བར་ནས་ཕན་ཚུན་དངོས་སུ་མཐོང་མ་མྱོང་བའི་གཞོན་ནུ་འདི་གཉིས་ཀྱི་སེམས་པའི་ཞིང་སར་སུ་ཞིག་གིས་ཀྱང་མི་མཐོང་བའི་བརྩེ་དུང་གི་མྱུ་གུ་གསར་པ་ཞིག་འབུས་འགོ་ཚུགས་ཤིང། བརྩེ་དུང་གི་མྱུ་གུ་དེར་ཕན་ཚུན་ལ་བཅངས་བའི་དགའ་ཚོར་གྱི་བག་ཆགས་ཁྲོད་ནས་ཞེ་འདང་གི་མེ་ཏོག་བཞད་དེ་དུང་ཞེན་གྱི་འབྲས་བུ་ཞིག་ཁུ་སིམ་སིམ་དུ་སྨིན་པ་འདི་ནི་ཅི་འདྲའི་ཡིད་དབང་འཕྲོག་ཅིང་མཛེས་སྡུག་ལྡན་པའི་བརྩེ་དུང་གི་གཏམ་རྒྱུད་གསོན་པོ་ཞིག་རེད་ཨང།
གློག་ཀླད་དྲ་རྒྱའི་གླེང་མོལ་དང་འཕྲིན་ལམ་ནས་བདེ་སྐྱིད་ཀྱིས་ཁོ་མོའི་འདྲ་པར་མང་པོ་ཞིག་བདེ་ལྡན་ལ་བཏང་བ་མ་ཟད། རང་ཉིད་ཀྱི་ལག་ཐོགས་ཁ་པར་ཨང་གྲངས་ཀྱང་ཁོ་ལ་སྤྲད། ཁོས་ཀྱང་རང་ཉིད་ཀྱི་འདྲ་པར་གང་ཡག་འགའ་ཁོ་མོར་བསྐུར། འདི་ལྟར་ཁོང་གཉིས་ཀྱིས་ཕན་ཚུན་ལ་བཅངས་བའི་བརྩེ་སེམས་ནི་ཉིན་རེ་བཞིན་ཇེ་ཟབ་ནས་ཇེ་ཟབ་ཏུ་གྱུར་ཞིང། ཕན་ཚུན་དྲན་པའི་གདུང་བ་ནི་མཚན་རེ་བཞིན་ཇེ་ཆེ་ནས་ཇེ་ཆེར་གྱུར། སྐབས་འདིར་ངས་དེ་རིང་ཁ་སང་ཧ་ཅང་དར་ཁྱབ་ཆེ་བའི་ལྷོ་ཀོ་རེ་ཡའི་བརྩེ་དུང་གློག་བརྙན་ཟེར་བ་ཡང་འདི་འདྲ་ཞིག་ལོས་ཡིན་སྙམ་པའི་ཚོར་བ་ཞིག་སེམས་ལ་བཅོས་མིན་དུ་སྐྱེས་བྱུང། མེ་ལྕེ་ལྟ་བུའི་བརྩེ་དུང་གི་གཏམ་རྒྱུད་འདི་དང་ཐོག་གློག་ཀླད་དྲ་རྒྱ་བརྒྱུད་ནས་འགོ་བརྩམས་པ་དང་ད་ལྟ་ཁ་པར་གྱི་སྐུད་ཐག་སྟེང་དུ་སླེབས་པའི་ངང་ཚུལ་ནི་ཅི་འདྲའི་དགོད་བྲོ་བའི་དོན་དག་ཅིག་རེད་ཨང།
༢
ཕྱི་ལོགས་ན་ཁ་བ་འབབ་ཀྱིན་འདུག་ལ་བུ་ཡུག་ཀྱང་ལྡང་བཞིན་འདུག བདེ་ལྡན་གྱིས་སྒེའུ་ཁུང་ལས་ཕྱི་ལོགས་ཀྱི་ཁ་བའི་ཁྲོད་ན་རྩེད་མོ་རྩེ་བཞིན་པའི་བྱིས་པ་དེ་དག་ལ་བལྟ་ཞོར་བདེ་སྐྱིད་ལ་ཁ་བརྡ་བྱེད་ཀྱིན་འདུག “བདེ་ལྡན་། ད་ལོ་ཕྱི་ཟླ་བཞི་བར་ང་ཁྱོད་ལ་བལྟ་རུ་ཡོང་གི་ཡིན།” ཁོ་མོའི་སྐད་ཆ་འདི་གློ་བུར་དུ་བརྒྱབ་པའི་ས་ཡོམ་ཞིག་དང་འདྲ་བར་ཁོའི་ལུས་སེམས་ཀྱི་ས་གཞི་ཐེ་ཚོམ་དང་དོགས་པས་ཡོམ་ཡོམ་དུ་བཏང་བས་ཁོ་ར་བཟི་ཞིག་དང་འདྲ། ”ཝེ་་་བདེ་ལྡན་ད་ལོའི་ཕྱི་ཟླ་བཞི་བའི་ཚེས་བཅུ་བཞི་ལ་ང་ཁྱོད་ཡོད་སར་འབྱོར་ངེས་ཡིན་པས་ཁྱོད་ངེས་པར་དུ་ང་ལེན་དུ་ཤོག་ཨ་་་། ངས་གནམ་གྲུའི་འཛིན་བྱང་ཡང་ཉོས་ཚར།” མོས་ཡང་བསྐྱར་དེ་ལྟར་བཤད་པས། གཞི་ནས་རྨ་བྱའི་རྣ་ཡིས་འབྲུག་སྒྲ་གོ་བ་ལྟར་ཁོའི་སེམས་ཁོང་ནས་གནོན་དཀའ་བའི་དགའ་སྤྲོའི་ཚོར་རླབས་དྲག་པོ་ཞིག་རྒྱས་ཤིང་མིག་ཟུང་ནས་སེམས་འགུལ་གྱི་མཆི་མ་རྡོག་པོ་རེ་འགྲམ་པའི་མཁུར་ཚོས་བརྒྱུད་ས་ལ་ཟགས་པས་ཁོ་ཡུད་ཙམ་ལ་སྨྲ་བ་མེད་པར་ལྷག་སོང།
“ཝེ། ཁྱོད་ཁ་མི་གྲགས་དོན་ཅི་ཡིན། ཁྱོད་ང་ལ་ཐུག་འདོད་མེད་པ་ཨེ་རེད།” ཁོ་མོའི་ཁོང་ཁྲོའི་ངག་གདངས་དང་འདྲེས་པའི་སྐད་ཆ་དེེས་ཁོ་ཧད་ཀྱིས་དཀྲོགས་པས་ཁོས་ལམ་སེང་ ”མ་རེད་་་་་མ་རེད། དེ་འདྲ་ཞིག་ག་ལ་ཡིན། ང་ཁྱོད་ལེན་དུ་ཡོང་ཆོག འདི་ནི་ང་ལ་མཚོན་ན་ཆེས་དགའ་འོས་པའི་དོན་བཟང་ཞིག་རེད།” ཅེས་དགའ་སྤྲོའི་ཚོར་བ་ཞིག་གིས་ཀུན་ནས་བསླངས་ཏེ་དེ་ལྟར་བརྗོད།
ཟླ་བཞི་པའི་ཚེས་བཅུ་བཞི་ནི་ཁོའི་དྲན་གདུང་གི་སེམས་ངོགས་སུ་ནམ་ཡང་གསལ་ལམ་མེར་གནས་པའི་ཁྱད་པར་ཅན་གྱི་དུས་ཚེས་ཤིག་ཡིན་པས་ཁོས་ཉིན་མོ་དེ་ནམ་ཐོན་ལ་རྟག་ཏུ་རེ་སྒུག་བྱས་འདུག
༣
དུས་ཚོད་ནི་ཐུར་དུ་འབབ་པའི་རྦབ་ཆུ་ཞིག་དང་འདྲ་བར་། རླུང་བུ་བསིལ་མོ་ཞིག་དང་བསྡོངས་ནས་དཔྱིད་ཟླ་བཞི་པ་ཚེས་སོང། བདེ་ལྡན་གྱིས་ཉིན་མཚན་དུས་དྲུག་ཏུ་སྨོན་ལམ་དང་རེ་སྒུག་བྱེད་བཞིན་པའི་ཉིན་མོ་དེ་ཡང་འདི་ལྟར་སླེབས་བྱུང། དཔལ་འཛོམས་གྲོང་ཁྱེར་ཆུང་ཆུང་འདིའི་རྒྱབ་ཕྱོགས་ཀྱི་ནགས་རི་དང་མདུན་ཕྱོགས་ཀྱི་སྤང་རི་སོགས་ལ་ལྗང་མདོག་གི་ཁ་དོག་གསར་བ་ཞིག་ངང་གིས་རྒྱས་ཤིང། ཚ་གྲང་སྙོམས་པའི་གནམ་གཤིས་འདིས་ཡོད་ཚད་ཀྱི་ལུས་སེམས་ལ་སྤྲོ་སྣང་ཕར་མ་ཞིག་སྟེར་བའི་དུས་ཚིགས་འདིར་བདེ་ལྡན་དང་བདེ་སྐྱིད་གཉིས་ཀྱང་དཔུང་བ་མཉམ་གཤིབ་དང་ལག་ཟུང་མཉམ་འཇུས་ཀྱིས་ཡུལ་ལྗོངས་འདིའི་དཔྱིད་ཀའི་མཛེས་སྡུག་གི་དཔལ་ཡོན་ལོངས་སུ་སྤྱོད་ཞོར་ཕན་ཚུན་ལ་མ་བཅོས་སེམས་ཀྱི་སྐད་ཆ་དག་ལྷུག་པོར་སྨྲ་བཞིན་འདུག དངོས་ནས་གློག་ཀླད་དྲ་རྒྱ་བརྒྱུད་ནས་ངོ་ཤེས་པའི་གཞོན་ནུ་འདི་གཉིས་ད་ལྟ་བརྩེ་སེམས་མཚོ་ལས་ཟབ་ཅིང་ཞེ་འདང་རི་ལས་ཆེ་བའི་བཟའ་ཟླ་ཞིག་དང་ཨ་ན་མ་ན་རེད། ཕྱི་ནས་བལྟས་ན་ཆ་འགྲིག་ཅིང་ནང་ནས་བརྗོད་ན་ཡིད་སེམས་མཐུན་པའི་གཞོན་ནུ་ཕོ་མོ་འདི་གཉིས་ཀྱིས་ཕན་ཚུན་ལ་བཅངས་བའི་ལྷད་མེད་དྭངས་གཙང་གི་བརྩེ་སེམས་དང་ཁ་ཞེ་གཉིས་མེད་ཀྱི་མཛའ་གཅུགས་ནི་ལྷ་མི་སུ་ཞིག་ཡིན་རུང་ཧ་ཅང་ཡིད་སྨོན་འཆོར་བའི་གནས་ཤིག་ཏུ་གདའ།
གང་ལྟར་ད་ལྟའི་མཉམ་འཛོམས་ཀྱི་དུས་ཡུན་འདིའི་ཁྲོད་དུ་ཁོང་གཉིས་ལ་བརྗོད་ཀྱི་མི་ལང་བའི་དགའ་སྐྱིད་ཀྱི་ཚོར་སྣང་ཧ་ཅང་མང་ན་ཡང། རྗེས་སུ་མཇུག་འབྲས་ཅི་ཡོང་གི་དོན་དག་མང་པོ་ཞིག་ང་ཚོ་སུས་ཀྱང་ཚོད་དཔག་བྱེད་དཀའ་ཞིང་སྡོམ་ཚིག་འགོད་མི་ཐུབ་པ་ཞིག་མ་ཡིན་ནམ།
སྐྱེས་ནས་འཆི་བ་དང་འཛོམས་ནས་བྲལ་བ་ནི་འཇིག་རྟེན་འདིའི་བཟློག་ཏུ་མེད་པའི་ཆོས་ཉིད་རློན་པ་ཞིག་ཡིན་པ་ཁོང་གཉིས་ཀྱི་སུ་ལ་དྲིས་ཀྱང་གསལ་མོད། འོན་ཀྱང་སྒྱུ་འཕྲུལ་ལྟ་བུའི་འཇིག་རྟེན་གྱི་སྣང་བ་དང་རྨི་ལམ་འདྲ་བའི་འཁོར་བའི་ཕུན་ཚོགས་ཀྱི་དབང་གིས་ཁོང་གཉིས་ཀྱིས་ད་ལྟའི་མཛེས་སྡུག་ལྡན་པའི་མཉམ་འཛོམས་ཀྱི་བདེ་སྐྱིད་ཙམ་ལས་གཞན་སུ་དང་གང་ལ་ཡང་ཁ་ཡ་བྱེད་མི་ངེས་ལ་བྱེད་རྒྱུ་འདོད་པ་ཡང་ག་ལ་ཡོད། འདི་ལྟར་ཉིན་མཚན་མང་པོ་ཞིག་དགོད་སྒྲ་དང་དགའ་སྤྲོའི་ཁྲོད་དུ་བསྐྱལ་ནས་ད་ནི་གྱེས་བྲལ་གྱི་ཉིན་མོ་སླེབས་པར་ཐག་མི་རིང་བས་ཁོང་གཉིས་ཀྱི་སེམས་པ་ཡང་སྐྱོ་གདུང་དང་སྡུག་ཡུས་ཀྱི་མུན་པས་གཡོགས་ཤིང། མུན་པ་དེ་ཉིན་རེར་ཇེ་མཐུག་ནས་ཇེ་མཐུག་ཏུ་འགྲོ་བཞིན་གདའ། ཁོང་གཉིས་ལ་ཁག་ག་ལ་ཡོད་དེ། དགའ་སྐྱིད་ལྡན་པའི་ལྷན་འཛོམས་ཤིག་གི་རྗེས་སུ་སྡུག་ཡུས་ཀྱིས་ཁེངས་བའི་གྱེས་བྲལ་ཞིག་གློ་བུར་དུ་དང་ལེན་བྱ་རྒྱུ་ནི་ཅི་འདྲའི་དཀའ་ཞིང་ཁག་པའི་ལས་འགན་ལྕི་མོ་ཞིག་རེད་ཨང། ཡིན་ན་ཡང་། བཀོད་པའི་ལས་ལ་ཟློག་ཐབས་བྲས་བས་གནམ་རྒན་མས་ཁོང་གཉིས་ལ་ཆོས་ཉིད་དང་ལས་དབང་ལས་བརྒལ་བའི་གདམ་ག་དང་རང་དབང་ཞིག་ནམ་ཡང་སྤྲོད་མི་ངེས།
དེ་རིང་བདེ་ལྡན་ཤམ་བྷ་ལའི་གནམ་ཐང་དུ་ཁོ་མོར་བསྐྱལ་མ་བྱེད་དུ་ཡོང་བའི་རྣམ་པ་ནི་ཅི་འདྲའི་སྙིང་རྗེ་བ་ཞིག་རེད་ཨང། ནམ་རྒྱུན་འཛུམ་གྱིས་ཁེངས་བའི་ངོ་གདོང་དེ་དེ་རིང་རིན་ཐང་ཆེ་བའི་དངོས་པོ་ཅི་ཞིག་བརླགས་པ་དང་མཚུངས་བར་ཡ་ང་བ་ཞིག་འདུག་ལ་། ནམ་རྒྱུན་འོད་མདངས་འཁྱུག་པའི་མིག་ཟུང་དེ་དེ་རིང་མཆི་མས་བསྒྲིབ་ཤིང་བསྐྲང་འདུག་པར་བསམ་ན་མདང་དགོང་མཚན་གང་ལ་མིག་ཆུ་བཏང་ནས་གཉིད་མ་ཁུག་པ་ཤེས་ཐུབ། ཡིན་ན་ཡང་། ཁོས་བཅོས་མའི་འཛུམ་མདངས་ཤིག་སྟོན་ཞོར་ཁོ་མོ་རང་གི་བྲང་ལ་ཡང་ཡང་སྦྱོར་ལ་བདེ་སྐྱིད་ཀྱིས་ཀྱང་སེམས་ཁོང་ན་མེ་ལྕེ་བཞིན་དྲག་ཏུ་འབར་པའི་སྐྱོ་གདུང་གི་ཚོར་བ་ཡོད་ཚད་ཁོག་ལ་འཇུག་ཞོར་ཁོའི་མདུན་དུ་སྐྱོ་བ་མེད་པའི་མདོག་ཞིག་བསྣམས་ནས་ཁོའི་ལག་པ་དམ་པོར་འཇུས་པའི་རྣམ་པ་ནི་སྙན་ངག་པ་ཞིག་གིས་འབྲི་དཀའ་ལ་རི་མོ་མཁན་ཞིག་གིས་དེ་བས་ཀྱང་བཞེང་མི་ཐུབ་པའི་སྣང་ཚུལ་གསོན་པོ་ཞིག་རེད། “ཀུན་དགའི་ཡུལ་དུ་ཕེབས་པའི་འགྲུལ་བ་རྣམ་པ། ཁྱེད་ཅག་གི་གནམ་གྲུ་ཨང་ ༡༢༣༤ ད་ལྟ་འཕུར་ལ་ཉེ་བས་མྱུར་དུ་འབྱོར་ཐོ་འགོད་དུ་ཕེབས་རོགས། ཀུན་དགའི་ཡུལ་དུ་ཕེབས་པའི་་་་་” རྣ་ལ་གཟན་པའི་འབོད་བརྡ་འདིས་ཁོང་གཉིས་ཀྱི་སེམས་ལ་བཟོད་དཀའ་བའི་ན་ཟུག་ཅིག་ལངས་སུ་བཅུག་པས་སྨྲ་བ་ཅི་ཡང་མེད་པའི་གཞོན་ནུ་ཕོ་མོ་འདི་གཉིས་ཀྱིས་ལག་ཟུང་དམ་དུ་བསྡམས་ཤིང་ངོ་གདོང་ལ་འབྲལ་མི་ཕོད་པའི་སྐྱོ་ཉམས་ཤིག་མངོན་བཞིན་མཆི་མས་ཁེངས་བའི་ཁྲ་ཆུང་མིག་ཟུང་གིས་ཕན་ཚུན་ལ་ཅེར་ནས་ཧད་འདུག་པའི་ངང་ཚུལ་ནི་ཅི་འདྲའི་ཡ་ང་བ་ཞིག་རེད་ཨང། ”བདེ་སྐྱིད། ཁྱོད་ས་ཆ་གང་ཞིག་ཏུ་སོང་རུང་ངའི་སེམས་པ་ནམ་ཡང་ཁྱོད་དང་མཉམ་དུ་ཡོད་པ་མ་བརྗེད།” ཁོས་ངུ་ངག་འདྲེས་མའི་སྐད་ཀྱིས་བདེ་སྐྱིད་ལ་དེ་ལྟར་བརྗོད། ”བདེ་ལྡན། ངས་ཁྱོད་ནམ་ཡང་བརྗེད་མི་སྲིད། ཁྱོད་ཀྱིས་ང་ལ་རེ་སྒུག་བྱ་རྒྱུའི་དམ་བཅའ་འཇོག་དགོས། ཁྱོད་ཀྱིས་ངེས་པར་དུ་་་་” ”ངས་དཀོན་མཆོག་གསུམ་པོ་དཔང་དུ་བཙུགས་ནས་ཁྱོད་ལ་ཁས་ལན་ཆོག ངས་མི་ཚེ་གང་བོར་ཁྱོད་ལ་རེ་སྒུག་བྱེད་དགོས་ཀྱང་བྱ་ངེས་ཡིན།”
དམ་བཅའ་དང་ཁས་ལེན། སྐྱོ་གདུང་དང་སྡུག་ཡུས། མིག་ཆུ་དང་ན་ཟུག་གསེབ་ནས་བརྩེ་སེམས་ཟབ་པའི་གཞོན་ནུ་འདི་གཉིས་འདི་ལྟར་ཁ་བྲལ་དགོས་པ་སུ་ཞིག་གི་བཀའ་རྒྱ་ཡིན་ནམ། ཞེན་ཆགས་དང་འཁྲེང་སེམས་ཁྲོད་ན་རྒྱང་དུ་འགྲོ་བའི་བདེ་སྐྱིད་ཀྱི་ཕྱིར་མིག་རེ་རེ་ནི་ཤིན་ཏུ་རྣོ་བའི་མདའ་མོ་ཞིག་དང་འདྲ་བར་ཁོའི་སྙིང་ཁར་ཟུག་དུས། བཟོད་དཀའ་བའི་ན་ཟུག་ཅིག་གིས་ཁོའི་ལུས་སེམས་ཡོངས་རྫོགས་ཡོམ་ཡོམ་དུ་བཏང། འདི་ལྟར་ཁོ་མོའི་མཛེས་སྡུག་གི་གཟུགས་རིས་དེ་མཆི་མས་བསྒྲིབས་མཐར་ཁོ་བོའི་མཐོང་ལམ་ནས་འཇའ་ལྟར་ཡལ་སོང། ”ཤུ་་་” ཁོས་དབུགས་རིང་ཞིག་འཐེན་རྗེས་ལྗིད་ཏིག་ཏིག་གི་གོམ་ཁ་ཕྱིར་བསྒྱུར་འགོ་ཚུགས། ༼མུ་འགོད།༽
འོད་འབར་ལགས། སྒྲུང་རྩོམ་འོད་འབར་བ་འདྲ་ཞིག་འདུག ལེགས་སོ་ཡོད།
འདི་ཚིག་སྦྱོར་ཅུང་མི་བདེ་བ་མཐོང་བྱུང་། ༼ང་ཁོ་ལ་ཆ་རྒྱུས་ཧ་ཅང་ཡོད༽
ཧ་ཅང་སྙན་པོ་བྱུང། རྗེས་མའི་ལེ་ཚན་བསྒུག་གི་ཡིན།
ཁྱེད་ཅག་གི་བསམ་འཆར་ལ་ཐུགས་རྗེ་ཆེ། མུ་མཐུད་དུ་ཕེབས་པར་དགའ་བས་བསུ།