གཅན་འོད་འབར།
༤
དུས་ཚོད་ནི་དུས་ཚོད་དེ་འཛིན་ཐབས་བྲལ་བའི་མདའ་མོ་ཞིག་དང་འདྲ་བར་ཟླ་བ་གཉིས་ངང་གིས་འདས་སོང། བདེ་སྐྱིད་ཀྱི་ལུས་པོ་རང་ཡུལ་དུ་ཡོད་རུང་ཁོ་མོའི་སེམས་པ་རྒྱང་ཐག་རིང་བའི་དཔལ་འཛོམས་གྲོང་ཁྱེར་དུ་ལྷག་འདུག ཁོ་མོར་མཚོན་ན་དྲན་གདུང་དང་ཁེར་རྐྱང་གིས་ཕུད་པའི་ཉིན་མཚན་དེ་ཚོ་ལོ་ཟླ་ལས་ཀྱང་རིང་བའི་སྣང་བ་ཞིག་འདུག་ལ་བསྐྱལ་དཀའ་བའི་དུས་ཡུན་དེའི་རིང་དུ་མོས་བདེ་ལྡན་ལ་གསང་བའི་ཐོགས་ནས་འབྲེལ་བ་གནང་ནས་ནང་མི་སུ་ཞིག་ལ་ཡང་ཁོང་གཉིས་ཀྱི་འབྲེལ་བའི་སྐོར་ཤེས་སུ་བཅུག་མེད་སྙམ་ནའང། ཤོད་སྟངས་ཤིག་ལ་ཆུ་ཚོགས་པའི་སྣོད་ཡོད་རུང། གཏམ་ཚོགས་པའི་སྣོད་ག་ལ་ཡོད་ཅེས་པ་བཞིན། མོའི་ཨ་ཕས་ཁོང་གཉིས་ཀྱི་འབྲེལ་བ་དེ་སྔ་མོ་ཞིག་ནས་ཧ་གོ་ཡོད་པ་མ་ཟད། བདེ་ལྡན་གྱི་མིང་དང་སྡོད་གནས། ད་དུང་ཁོའི་ཁྱིམ་ཚང་གི་གནས་བབ་སོགས་ཀྱང་ཤེས་ནས་ཁོ་མོར་བདེ་ལྡན་དང་འབྲེལ་བ་གཅོད་དགོས་ཚུལ་ནན་གྱིས་བརྗོད་ཀྱིན་འདུག འོན་ཀྱང་བདེ་སྐྱིད་ཀྱིས་ཨ་ཕས་ཅི་བཤད་ལ་ཁ་ཡ་མི་བྱེད་པར་མོ་དང་བདེ་ལྡན་གཉིས་ཕན་ཚུན་ལ་ཁ་ཞེ་གཉིས་མེད་ཀྱིས་དགའ་ཚུལ་དང་། ལྷག་པར་དུ་མོ་དང་བདེ་ལྡན་གཉིས་གསོན་ན་ཚེ་གཅིག་དང་ཤི་ན་སྲོག་གཅིག་ཡིན། ཞེས་ཨ་ཕ་ལ་གནས་ལུགས་དང་རྒྱུ་མཚན་མང་པོ་ཞིག་བཤད་ན་ཡང་། ཨ་ཕའི་ཨུ་ཚུགས་ཚ་བའི་རང་གཤིས་དང་རྡོ་ལས་མཁྲེགས་པའི་ལྟ་བ་ལ་འགྱུར་བ་གཏོང་རྒྱུ་ནི་ནམ་མཁའི་སྐར་མ་ལེན་རྒྱུ་ཟེར་བ་དང་གཉིས་སུ་མ་མཆིས། ”གལ་ཏེ་ཁྱོད་ཀྱིས་སྤྲང་ཕྲུག་དེ་དང་འབྲེལ་ཐག་མ་བཅད་ན་ཁྱོད་ངའི་བུ་མོ་མིན་ལ། རྗེས་ཕྱོགས་ཁོའི་མགོ་ཐོག་ཏུ་ཆག་སྒོ་ཅི་ཡོང་གི་ངེས་པ་ཡང་མེད་པ་ཁྱོད་ཀྱིས་ཡིད་ལ་བཟུང།” ཟེར། ཐོགས་དང་འདྲ་བའི་ཨ་ཕའི་སྐད་ཆ་དེས་མོའི་ཡ་ཆུང་ཁོག་གི་སྙིང་ཆུང་ལུ་གུ་འདྲ་བོ་དུམ་བུར་གཏང་ལ་ཁད་བྱས་ནའང། མོས་ཁུ་སིམ་མེར་སྐྱོ་གདུང་གི་མིག་ཆུ་གཏོང་བ་ལས་བྱ་ཐབས་གཞན་གང་ཡང་མ་རྙེད། དོ་དགོང་མོས་བདེ་ལྡན་ལ་ཁ་པར་གཏོང་གི་འདུག
“བདེ་ལྡན་། ང་ལོ་འདིའི་ལོ་མཇུག་ལ་ཁྱོད་ཡོད་སར་ཡོང་གི་ཡིན།” མོས་སྐྱོ་སྣང་དང་ངུ་ངག་འདྲེས་མའི་སྐད་ཆ་དེས་ཁོའི་སེམས་པ་ཐེ་ཚོམ་དང་སོམ་ཉིའི་རྒྱ་རུ་བཅུག་པས། ཁོས་ལམ་སེང། ”བདེ་སྐྱིད། ཁྱོད་ལ་ཅི་ཞིག་བྱུང་སོང་ངམ། གཟུགས་གཞི་མི་བདེ་རྒྱུ་མེད་དམ།” ཞེས་མོར་དྲིས་། ”མ་རེད། ངས་ཁྱོད་དྲན་དྲགས་ནས་སྡོད་ཚུགས་ཀྱིན་མི་འདུག ལྷག་ཏུ་ང་གནས་འདི་རུ་སྡོད་འདོད་ཀྱང་མི་འདུག་པས་མྱུར་དུ་ཁྱོད་ཡོད་སར་ཡོང་གིན་ཡིན།” དངོས་བྱུང་གི་དོན་དག་མང་པོ་ཞིག་མོས་བདེ་ལྡན་ལ་བརྗོད་མ་ཕོད། རྒྱུ་མཚན་ནི་མོས་ཁོ་ལ་སེམས་ཁྲེལ་བཟོ་མ་འདོོད་པས་ཡིན།
བདེ་སྐྱིད་ཀྱིས་བཤད་པའི་སྐད་ཆ་དེ་ཚོ་ལན་གདབ་དཀའ་བའི་གབ་ཚིག་ཅིག་དང་འདྲ་བར་ཁོའི་བསམ་གཞིགས་ཀྱི་སྒོ་ཁར་ཚང་དུས། ཁོ་རང་དབང་མེད་པར་སྟོང་འདང་གི་མཚོ་མོར་ལྷུང་འགྲོ་བདེ་སྐྱིད་ལ་ངོ་ནས་ཅི་ཞིག་བྱུང་བ་ཡིན་ནམ། ཁོ་མོའི་ནང་མི་ཚོས་ངེད་གཉིས་ཀྱི་འབྲེལ་བ་ཤེས་ནས་ངོ་རྒོལ་བྱེད་ཀྱིན་ཡོད་པ་མིན་ནམ། དེ་འདྲ་ཞིག་ཡིན་མི་སྲིད་། འདི་ལྟར་ཐེ་ཚོམ་དང་དྲི་གཞི་མང་པོ་ཞིག་སེམས་སུ་ཡང་ཡང་འཁོར་བའི་རྐྱེན་གྱིས་ཁོས་ཉིན་མོར་ཟས་ཀྱི་རོ་བཅུད་ཡག་པོ་ཞིག་མི་ཤེས་ལ་། མཚན་མོར་འཇིགས་རུང་གི་རྨི་ལམ་རྐྱང་རྐྱང་རྨིས་ནས་གཉིད་སྐྱིད་པོ་ཞིག་གཏན་ནས་ཁུག་མ་ཐུབ།
༥
མཛེས་སྡུག་ལྡན་པའི་སྟོན་ཀ་སླེབས་བྱུང། གངས་ལྗོངས་མཐོ་སློབ་ཀྱི་ཁོར་ཡུག་ནི་ཅི་འདྲའི་ཡིད་དུ་འོང་བ་ཞིག་རེད་ཨང། དཀར་དམར་སེར་གསུམ་གྱི་མེ་ཏོག་སྣ་ཚོགས་སློབ་གྲྭའི་ལྡུམ་རའི་ནང་དུ་རྣམ་པར་བཞད་ཅིང། དར་དིར་དང་གྱ་གྱུ་ཡི་གསུང་སྙན་སྒྲོག་པའི་བུང་བ་དང་བྱེའུ་ཚོ་འཕུར་ལྡིང་གི་གར་ལ་རྩེན། སྔོ་ལྗང་གི་འདབ་ལོ་དང་སིལ་དོག་ཐོགས་པའི་ཤུག་སྡོང་དང་སིལ་སྡོང་སོགས་ལམ་འགྲམ་ན་གྲལ་ལྟར་བསྒྲིགས་པའི་འོག་ཏུ་སློབ་ཕྲུག་ཁྱུ་དང་ཁྱུ་བྱས་ནས་ཕྱི་ནང་གི་ཤེས་བྱ་ལ་འབད་བཞིན་པའི་རྣམ་པ་ནི་ཧ་ཅང་བརྗིད་ཆགས་ཤིང་ཡིད་དབང་འཕྲོག་པ་ཞིག་རེད།
དེ་རིང་རེས་བཟའ་ལྷག་པ་རེད། བདེ་ལྡན་གྱིས་སློབ་གྲྭའི་དཔེ་མཛོད་ཁང་དུ་མཁས་དབང་དོན་གྲུབ་རྒྱལ་གྱིས་བརྩམས་པའི་༼སད་ཀྱིས་བཅོམས་པའི་མེ་ཏོག༽ཅེས་པའི་སྒྲུང་རྩོམ་དེ་ཀློག་བཞིན་པའི་སྐབས་སུ་ཁོའི་ཉལ་ཁང་གཅིག་པའི་གྲོགས་པོ་ཁྱུང་བཟང་འཚབ་འཚུབ་ཀྱིས་ཁོའི་སྡོད་སར་སླེབས་པར་བལྟས་ན་ཁོ་བཙལ་དུ་ཡོང་བ་རྟོགས་ཐུབ། ”ཨ་རོགསབདེ་ལྡན། ངོ་མི་ཤེས་པའི་མི་གསུམ་གྱིས་སློབ་གྲྭའི་ལྡུམ་རའི་འགྲམ་དུ་ཁྱོད་འཚོལ་གྱིན་འདུག” ཁོས་དེ་ལྟར་བརྗོད་པ་དང་བདེ་ལྡན་མྱུར་དུ་རྐུབ་སྟེགས་ལས་ལངས་ནས་དཔེ་དེབ་དཔེ་སྒྲོམ་ནང་དུ་ཕྱིར་བཞག་རྗེས་སློབ་གྲྭའི་ལྡུམ་རའི་ཕྱོགས་སུ་བསྐྱོད་འགོ་ཚུགས། ཁོའི་སེམས་སུ་གནས་འདི་རུ་ང་ལ་སློབ་གྲོགས་ཚོ་ལས་གཞན་ངོ་ཤེས་པ་ཞིག་མེད་པས་རང་ཉིད་འཚོལ་མཁན་གྱི་མི་དེ་ཚོ་སུ་ཡིན་ནམ་སྙམ། ཡང་ན་ཡུལ་ཕྱོགས་གཅིག་པའི་མི་འདྲ་མིན་ནམ་བསམ། འདི་ལྟར་བསམ་གཞིགས་དང་ཐེ་ཚོམ་ཞིག་གི་ཀློང་ནས་ཁོ་སློབ་གྲྭའི་ལྡུམ་རའི་འགྲམ་དུ་སླེབས་པ་ན། དེར་མི་གསུམ་ཡོད་པ་དང་འཕྲད་བྱུང། མི་གཅིག་གི་དཔྲལ་བར་རྨ་རྗེས་ཆེན་པོ་ཞིག་འདུག་ལ་ལག་ཏུ་འཐེན་མ་ཚར་བའི་ཐ་མག་ཞིག་བཟུང་འདུག་པ་ལས་ད་དུང་དུ་བ་འཕྱུར་བཞིན་འདུག ཁོའི་རོགས་པ་གཉིས་ཀྱི་སྐྲ་ལོ་ཕྲག་སྟེང་དུ་སླེབས་ཤིང་གཟུགས་སྟོབས་ཆེ་ཚུལ་ལ་བལྟས་ན་སློབ་གྲྭ་འདིའི་མི་མིན་པ་ཚོད་དཔག་བྱེད་ཐུབ་ལ་རང་ཉིད་དང་འབྲེལ་བ་ཡོད་པའི་མི་ནི་དེ་བས་ཀྱང་མིན་པ་ཤེས་ནུས། སྐབས་དེར་དཔྲལ་ངོས་ན་རྨ་རྗེས་ཅན་གྱི་མི་དེས་ཐ་མག་འཐེན་འཕྲོ་དེ་རྫིག་ཉམས་དང་བཅས་ས་ལ་་གཡུགས་རྗེས་ཁོའི་མདུན་དུ་སླེབས་བྱུང། ”ཝེ། ཁྱོད་དཔལ་འཛོམས་གྲོང་ཁྱེར་ནས་ཡོང་བའི་བདེ་ལྡན་ཟེར་བ་དེ་ཨེ་ཡིན་།” ཞེས་ཁོང་ལ་དྲིས་སོང། བདེ་ལྡན་གྱིས་ཀྱང་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་། ”ཡིན་། ང་བདེ་ལྡན་ཡིན། ཁྱེད་ཚོ་སུ་་་་་་་་” ཁོའི་སྐད་ཆ་མཇུག་མ་རྫོགས་གོང་གཟུགས་སྟོབས་ཆེ་བའི་མི་དེ་གཉིས་ཀྱིས་གཡས་གཡོན་གཉིས་ནས་ཁོའི་དཔུང་པ་ཤུགས་ཀྱིས་བཟུང་བྱུང། ”ཧུན་་་སྤྲང་ཕྱུག་ཁྱོད་སྤོབས་པ་ཆེ་བ་ལ། ང་ཚོའི་མགོ་བའི་སྲས་མོ་དང་འབྲེལ་བ་བཙུགས་ནས་ཁོའི་དགོངས་པ་དཀྲུགས་ཕོད་དམ། ཡ་་་ད་ཁྱོད་ཤུ་རུ་རྒྱུགས།” ”ཨ་ར་ར་་་་་་་་།” ཡོད་ཚད་ནག་འཐོམ་མེར་གྱུར་བ་དང་བདེ་ལྡན་ཡང་ཨག་སྐད་ཅིག་དང་ལྷན་དུ་ས་ལ་འགྱེལ་སོང།
༦
ཕན་བདེ་སྨན་ཁང་གི་ཁང་མིག་ཨང་བརྒྱད་པའི་ནང་དུ་ངོ་གདོང་དང་མགོ་བོ་ཡོད་ཚད་རྨ་རས་དཀར་པོས་བཏུམ་པའི་ནད་པ་ཞིག་ཉལ་ཁྲི་སྒང་དུ་བཙོག་པུར་བསྡད་ནས་ཅི་ཞིག་འཚོལ་བ་བཞིན་རང་ཉིད་ཀྱི་གཡས་གཡོན་ལ་ལག་སྙོབས་བྱེད་ཀྱིན་འདུག ནད་པ་དེ་ནི་གཞན་སུ་ཞིག་ཀྱང་མ་ཡིན་སྟེ། དེ་ནི་བདེ་ལྡན་རེད། བདུན་ཕྲག་བཞིའི་སྔོན་དུ་ཁོ་དྲན་པ་ཐེངས་གཅིག་སོས་དུས་མིག་གིས་ཅི་ཡང་མི་མཐོང་། ཁོས་མྱུར་དུ་རང་ཉིད་ཀྱི་མིག་དང་གདོང་ལ་ལག་པས་ག་ལེར་རེག་དུས་གཞི་ནས་ངོ་གདོང་དང་མགོ་བོ་ཡོད་ཚད་ཅི་ཞིག་གིས་བཀབ་པ་དང་འདྲ་ལ་ད་དུང་མིག་གཉིས་ལས་ན་ཟུག་ཅིག་ཀྱང་ཤུགས་ཀྱིས་ལངས་བཞིན་པ་ཚོར། ཡིན་ན་ཡང་དེའི་རྗེས་སུ་གནས་ཚུལ་ཅི་ཞིག་བྱུང་བ་དང་དུས་ཚོད་ག་ཚོད་ཅིག་ཕྱིན་པ་ཁོས་ད་ལྟ་དྲན་གྱི་མི་འདུག
དེ་རིང་ཁོ་གཞི་ནས་དྲན་པ་སོས་དུས། ཁོའི་མིག་གཉིས་སྔར་ལྟར་རྨ་རས་ཀྱིས་གཡོག་མེད་ནའང་ཅི་ཡང་མཐོང་གིན་མི་འདུག་པས། ཁོས་ལམ་སེང་ ”སྨན་པ་ལགས། ངའི་མིག་ལ་ཅི་ཞིག་བྱུང་བ་རེད་དམ། ངས་ད་ལྟ་ཅི་ཡང་མཐོང་གི་མི་འདུག་” ཅེས་རང་ཉིད་ད་ལྟ་ད་དུང་ཡང་སྨན་ཁང་དུ་ཡོད་སྙམ་ནས་དེ་ལྟར་འགྲམ་དུ་ཡོད་པའི་མི་དེར་དྲིས། མི་དེ་ནི་སྨན་པ་ཞིག་ག་ལ་ཡིན་ཏེ་དེ་ནི་ཁོའི་དྲིན་ཆེན་ཨ་མ་རེད། ཨ་མས་རང་ཉིད་ཀྱི་ཤ་ལས་མཆེད་པའི་བུ་གཅིག་པུའི་ད་ལྟའི་གནས་སྟངས་དེ་མཐོང་དང་སྐྱོ་གདུང་དང་ཕངས་སེམས་ཀྱིས་མཆི་མ་ཡང་བསྐྱར་གཏོང་འགོ་ཚུགས་སོང། ”བདེ་ལྡན། ང་ཁྱོད་ཀྱིཨ་མ་ཡིན། ད་ལྟ་ཁྱོད་ནང་དུ་ཡོད་པ་རེད།” ”ཨ་མ། དེ་ན་ངའི་མིག་ལ་ཅི་ཞིག་བྱུང་བ་རེད། ཨ་མ་་་་་་།” ཁོས་ཨ་མ་ལ་ཡང་བསྐྱར་འདི་ལྟར་དྲིས་པས། ཁོའི་ཨ་མས་ཀྱང་སྦ་གསང་གང་ཡང་མེད་པར་ངོ་མི་ཤེས་པའི་མི་གསུམ་གྱིས་ཁོ་ལ་རྡུང་རྡེག་ཚབ་ཆེན་བཏང་བའི་ཉེར་ལེན་གྱིས་མིག་ལ་སྐྱོན་རྒྱབ་ཚུལ་དང་དེ་དྲག་བསྐྱེད་ཡོང་བར་སྨན་པས་གཤགས་བཅོས་བྱས་ཀྱང་ཕན་མ་ཐོགས་པའི་མཇུག་འབྲས། ད་དུང་ཁོ་ཟླ་བ་གཅིག་མ་ཟིན་ཙམ་ལ་དྲན་པ་འཐོར་ནས་བསྡད་པ་སོགས་ཀྱི་གནས་ཚུལ་རྣམས་ཞིབ་ཀྱང་ཕྲ་བའི་སྒོ་ནས་བརྗོད་དུས། གཞི་ནས་ཁོས་རང་ཉིད་ལ་འཇིག་རྟེན་འདིའི་ཕུན་སུམ་ཚོགས་པའི་འབྱུང་བཞིའི་མཛེས་སྡུག་དང་ལྷག་པར་དུ་ལྟ་ན་སྡུག་ཅིང་ཡིང་དབང་འཕྲོག་པའི་ཁོ་མོའི་ཞལ་རས་སོགས་ལོངས་སུ་སྤྱོད་རྒྱུའི་ལས་དབང་མེད་པ་ཤེས་སོང་ལ། ལྷག་པར་དུ་རང་ཉིད་ལ་བཀའ་དྲིན་ཆེ་བའི་ཨ་མར་ཚེ་སྨད་དུ་མི་ཚེ་སྐྱིད་པོ་ཞིག་བསྐྱལ་དུ་འཇུག་རྒྱུའི་སྐལ་བ་ཡང་མེད་པ་ཚོར་བྱུང། དེ་དུས། ཁོའི་སེམས་པ་འདི་སྐྱོ་ནས་མིག་ཆུ་མི་ཐོན་ལ་གློ་སྙིང་མཆིན་གསུམ་མིད་ཁར་ཚང་ནས་དབུགས་ཀྱང་གཏོང་ལེན་བྱེད་མི་ནུས།
ད་ཁོ་མ་བུ་གཉིས་ཀྱིས་ཅི་ཞིག་བྱེད་དམ། གནམ་རྒན་མ། ཁྱོད་ལ་སྙིང་རྗེའི་སྤྱན་ཞིག་དང་བྱམས་པའི་སེམས་ཤིག་ཨེ་ཡོད། ཡོད་ན། ཁྱོད་ཀྱིས་ཁོང་མ་བུ་གཉིས་འདྲ་བའི་ཉམ་ཆུང་གི་མི་འདི་ཚོར་མགོན་སྐྱབས་ཤིག་མི་གནང་བ་ཅི་ཡིན། འདི་ལྟར་ཕན་ཚུན་ལ་དམ་དུ་འཐམས་ནས་ངུ་ངག་གི་སྒྲ་དབྱངས་བར་མེད་འདོན་བཞིན་པའི་མ་བུ་འདི་གཉིས་ཀྱི་སྐྱུར་ཞིང་སྐྱོ་བའི་ལས་དབང་ནི་ཅི་འདྲའི་བརྗོད་དཀའ་བའི་མྱ་ངན་གྱི་གཏམ་རྒྱུད་གསོན་པོ་ཞིག་རེད་ཨང།
བདེ་ལྡན་གྱི་ཕྱོགས་ནས་གོ་རྒྱུ་ཚོར་རྒྱུ་ཅི་ཡང་མེད་པར་ཟླ་གཅིག་ལྷག་འགོར་སོང་བས། བདེ་སྐྱིད་ཀྱིས་ཀྱང་ཉིན་མཚན་དུས་དྲུག་ཏུ་ཁོའི་ཕྱོགས་ལ་སེམས་ཁྲེལ་བྱེད་ཀྱིན་འདུག་ལ། ད་དུང་ཧ་ཅང་ཁུ་སིམ་ཞིང་ལྷིང་འཇགས་པའི་བདེ་ལྡན་གྱི་གནས་སྟངས་འདིའི་རྒྱབ་ན་ཁོ་མོས་མི་ཤེས་པའི་གསང་བ་ཅི་ཞིག་ཡོད་ན་སྙམ་ནས་ཁོའི་ཕྱོགས་ནས་གནས་ཚུལ་འདྲ་ཨེ་གོ་ལ་སྒུག་འདུག
༧
ཡང་བསྐྱར་དགུན་ཁ་སླེབས་བྱུང། རི་རྩེ་ཡོད་ཚད་ཁ་བས་མནན་ཞིང་ལུས་སེམས་ལ་འཁྱག་གྲང་གི་ཟུག་རྔུ་སྟེར་བའི་དགུན་ཁའི་ལྷག་རླུང་མྱ་ངན་གྱི་རོལ་དབྱངས་ཤིག་དང་འདྲ་བར་ཡུལ་གྲུ་འདིའི་ས་ཕྱོགས་ཀུན་ན་ཤུགས་ཀྱིས་ལྡང་བཞིན་འདུག
སྤྱིར་ཡིན་ན་དེ་རིང་བདེ་སྐྱིད་དཔལ་འཛོམས་གྲོང་ཁྱེར་ལ་ཡོང་བའི་ཉིན་མོ་དེ་རེད། འོན་ཀྱང། བདེ་ལྡན་མ་བུ་གཉིས་གྲོང་པ་ཁྱིམ་མཚེས་དང་གྲོགས་པོ་གྲོགས་མོ་སོགས་སུས་ཀྱང་མ་ཤེས་པ་བྱས་ནས་ལྷིག་འཇགས་ཀྱི་ཞི་བདེ་མཚོ་ཁར་གནས་སྤོར་བྱས་ནས་ཉིན་འགའ་འགོར་སོང་། ད་ལྟ་མཚོ་འགྲམ་གྱི་ཤིང་སྡོང་འདིའི་འོག་ན་ལག་ཏུ་འཁར་རྒྱུག་ཐོགས་པའི་ཕོ་གཞོན་ཞིག་ཀེ་རེར་བགྲེང་འདུག་པ་ནི་བདེ་ལྡན་རེད། སྔོན་ཆད་མཚོ་འགྲམ་འདི་དང་ཤིང་སྡོང་འདི་ནི་ཁོ་དང་བདེ་སྐྱིད་གཉིས་ཀྱིས་ཞིམ་མངར་གྱི་སྙིང་གཏམ་བཤད་ས་ཡིན་ལ་མཛའ་བརྩེ་ཡི་ལག་འཇུ་བྱེད་ས་ཡང་ཡིན། ཡིན་ན་ཡང་། ད་ལྟ་ཤིང་སྡོང་འདི་དང་མཚོ་འགྲམ་འདི་ནི་ཁོས་རང་ཉིད་ཀྱི་ལས་དབང་བསམ་ནས་སྐྱོ་སྣང་གི་དངན་པ་གྲངས་མེད་ལྷོད་ཀྱི་ཟགས་ཀྱིན་པའི་སྡོང་ལོ་དང་ལྷན་དུ་འཐེན་ས་ཡིན་ལ། རྒྱང་ཐག་རིང་བའི་ཁོ་མོ་དྲན་དུས་དྲན་གདུང་གི་མཆི་མ་གང་མང་དལ་གྱི་འཕྱུར་བའི་མཚོ་མོའི་རླབས་ཕྲེང་ལ་བསྐུར་ས་ཡང་ཡིན། ཁོས་བདེ་སྐྱིད་བརྗེད་མི་སྲིད། བདེ་སྐྱིད་ནི་ནམ་ཡང་ཁོའི་སེམས་པའི་མིག་གོང་ན་འོད་དུ་འཚེར་བའི་ནུབ་མེད་ཀྱི་ཟླ་བ་ཡིན། ཡིན་ན་ཡང། ཁོས་རང་ཉིད་ཀྱི་གནས་སྟངས་འདི་ཁོ་མོར་དུས་ནམ་ཡང་ཤེས་སུ་འཇུག་མི་འདོོད་ལ་མཐོང་དུ་དེ་བས་ཀྱང་འཇུག་མི་ངེས། འདི་ནི་ཁོས་རང་ཉིད་ལ་བཞག་པའི་འགྱུར་མེད་ཀྱི་དམ་བཅའ་གསོན་པོ་རེད། ”བདེ་སྐྱིད་ཁྱོད་ང་ལ་སྡང་ཆོག་ལ། ཁྱོད་ཀྱིས་ང་མི་ཁྲེལ་མེད་ཅིག་ཏུ་རྩིས་ཀྱང་ཆོག འོན་ཀྱང་ང་ཤི་ན་ཁྱོད་ལ་དགའ་བའི་འདྲེ་དང་གསོན་ན་ཁྱོད་ལ་དུངས་བའི་མི་ཡིན་པས། ང་ནམ་ཡང་ཁྱོད་ལ་དགའ་ཞིང་ཁྱོད་ལ་དུང། རྒྱུ་མཚན་ནི་ང་ནི་ནམ་ཡང་ང་སྟེ་ཁྱོད་ཁོ་ནར་དགའ་བའི་འགྱུར་མེད་ཀྱི་བདེ་ལྡན་ཡིན་པས་སོ། བདེ་སྐྱིད་ལགས། ཁྱོད་དགོངས་པ་མ་ཚོམ།” ཁོས་སྐད་ཆ་འདི་དག་རང་ཉིད་ཀྱི་མདུན་དུ་ཕར་གཡོ་ཚུར་གཡོ་བྱེད་བཞིན་པའི་མཚོ་མོའི་རླབས་ཕྲེང་ལ་བརྗོད་དུས། མུ་ཏིག་ལྟ་བུའི་མིག་ཆུ་ཐིག་པ་རེ་འོད་མདངས་དབེན་ཞིང་གཡོ་འགུལ་བྲལ་བའི་མིག་གོང་ལས་དལ་གྱི་མཚོ་འགྲམ་གྱི་བྱེ་མའི་སྟེང་དུ་ཟེགས་སོང།
༨
ཁ་བ་ལྷབ་ལྷུབ་དུ་འབབ་བཞིན་པའི་དེ་རིང་། ལུས་ཀྱི་གོན་པ་དག་རལ་ཧྲུལ་དུ་གྱུར་ཞིང་སྐྲ་ལོ་གནམ་ལ་གཟེངས་བ། ད་དུང་རྐང་ན་ལྷམ་ཡ་གཅིག་ལས་མེད་པའི་བུ་མོ་ཞིག་གིས་དཔལ་འཛོམས་གྲོང་ཁྱེར་གྱི་སྒོ་རྟགས་ཨང་སུམ་བརྒྱ་དང་བརྒྱད་ཅན་གྱི་ཁང་སྟོང་དེའི་སྒོ་འགྲམ་ན་སུ་ཞིག་ལ་སྒུག་པའི་ཚུལ་གྱིས་ཕར་འགྲོ་ཚུར་འོང་བྱེད་བཞིན་འདུག་ལ། གོ་ཐོས་ལྟར་ན་བུ་མོ་དེས་གནས་འདིར་རང་ཉིད་ཀྱིས་མཛའ་བོར་རེ་སྒུག་བྱས་ནས་ལོ་ཟླ་གང་མང་ཞིག་ཕྱིན་པ་རེད་ཟེར།
ཁ་བ་སྔར་བཞིན་འབབ་ཀྱིན་འདུག་ལ་གྲང་ངར་ཡང་སྔར་ལྟར་ལྡང་བཞིན་འདུག་་་་་་་་
སྙན་པོ་འདུག