དེ་རིང་ཁ་བརྡའི་ཐོག་བཀོད་པའི་སངས་རྒྱས་རྒྱལ་གྱི་པར་དེ་མཐོང་བ་དང་གསུང་བཤད་གོ་རྗེས། ཁོང་ཡང་ཡང་ཡིད་ལ་དྲན་ཞིང་སེམས་ལ་སྐྱོ་བ་སྐྱེས་བྱུང་བས་ཁོང་ལ་རྗེས་སུ་དྲན་པའི་ཆེད་དུ་རང་དབང་མེད་པར་ཚིག་འགའ་ཤོར། དགེ་རྒན་ཆེན་མོ་སངས་རྒྱས་རྒྱལ་ལགས་ནི་སྐུ་གཤེགས་ཟིན་ཡང་ཁོང་གི་མི་རིགས་ཀྱི་སློབ་གསོའི་ཆེད་གནང་བའི་བཀའ་སློབ་དག་ནི་ད་རུང་ང་ཚོས་རྣ་བས་ཉན་ཐུབ་པ་འདིའང་བསྐལ་བ་བཟང་། ན་ནིང་སློབ་གྲོགས་ཤིག་གི་ཁ་ནས་ཁོང་སྐུ་གྲོངས་པ་གོ་རྗེས་ཡིད་ལ་ཕངས་སེམས་ཡང་ཡང་སྐྱེས་ཀྱང་དེ་ལ་བྱ་ཐབས་ཅི། ཨོཾ་མ་ཎི་པདྨེ་ཧྰུཾ། ཨོཾ་མ་ཎི་པདྨེ་ཧྰུཾ། ཨོཾ་མ་ཎི་པདྨེ་ཧྰུཾ།
གལ་སྲིད། ང་ཚོའི་རྣམ་ཤེས་འདིར་ཆད་པ་མེད་པའི་རྒྱུན་ཞིག་ཡོད་པ་ཡིན་ན། གལ་སྲིད། ང་ཚོའི་ཚེ་འདིའི་ནམ་རྒྱུན་གྱི་བསམ་བློ་གཏོང་ཕྱོགས་དེ་སྐྱེ་བ་ཕྱི་མ་ལ་འབྲེལ་བ་ཞིག་ཡོད་པ་ཡིན་ན། ཁྱེད་རང་སྐྱར་དུ་བོད་མི་ཞིག་ཏུ་སྐྱེ་རྒྱུ་ཡིན་པ་མ་ཟད་ལོ་ཤས་རྗེས་སུ་སྐྱར་དུ་བྱ་རྒྱལ་རྒོད་པོ་ཞིག་བཞིན་མི་རིགས་ཀྱི་སློབ་གསོའི་མཁའ་དབྱིངས་སུ་གཤོག་འགྱུར་བྱེད་ཅིང་ལྡིང་སྐོར་བརྒྱབ་ནས་སླེབས་ཡོང་གི་རེད་འདོད།
ངས་ཤེས་པའི་སངས་རྒྱས་རྒྱལ་ནི། མི་ཞི་ཞིང་དུལ་བ། བབ་ཆགས་ཤིང་གཤིས་བཟང་། དད་སེམས་ཅན། མི་རིགས་ཀྱི་ལར་ཞེན་ཆེ་བ། རང་གི་རིག་གཞུང་ལ་དང་དོད་ཆེ་བ། ཁ་ཙམ་མིན་པར་མི་རིགས་ཀྱི་སློབ་གསོའི་ལས་དོན་ལ་ཕྱག་རྗེས་ཡོད་མཁན་ཞིག་ཡིན། ངས་ཐེངས་དང་པོར་ཁོང་ངོ་ཤེས་པའི་དུས་ནི། ཆིག་སྟོང་དགུ་བརྒྱ་བརྒྱད་ཅུའི་མགོ་སྟོད་དུ་ཁོ་བོ་རེབ་གོང་དུ་ཡོད་པའི་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭར་འཛུལ་ཞུགས་བྱེད་སྐབས་ཡིན། དེ་སྐབས། ཁོང་ནི་དགེ་རྒན་ཕལ་བ་ཞིག་སྟེ་འཛིན་གྲྭ་གོང་མ་ཞིག་གི་ཨང་རྩིས་དགེ་རྒན་ཡིན་པ་ཤེས་པ་ཙམ་ལས་གཞན་ང་དང་འབྲེལ་བ་མེད།
ཡིན་ན་ཡང་། ངའི་སེམས་ན་ད་ལྟ་ད་རུང་རི་མོ་བཞིན་གསལ་ལམ་མེར་ཡལ་རྒྱུ་མེད་པ་ཞིག་ནི། པཎ་ཆེན་རིན་པོ་ཆེ་བཙོན་གྲོལ་ཐོབ་ནས་གང་འཚམས་རྗེས། བོད་བསྟན་སྲིད་ཀྱི་ཆེད་དུ་བོད་ཕྱོགས་གང་སར་ཆིབས་བསྒྱུར་བསྐྱངས་པ་ལྟར། རྨ་ལྷོ་ཁུལ་དུ་ཕེབས་གནང་སྐབས། ཉིན་ཞིག་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭར་ཕེབས་ནས་དགེ་སློབ་ཡོངས་ལ་བཀའ་སློབ་ཟབ་མོ་ཞིག་གནང་བ་རེད། དེ་སྐབས། སློབ་གྲྭའི་ནང་ཁོང་གི་བཀའ་སློབ་ལ་ཉན་སྡོད་རྒྱུ་ཙམ་ལས་བླ་མ་ཞིག་བཞིན་ཁོང་ལ་མཇལ་ཁ་ཞུ་རྒྱུའི་གོ་སྐབས་དགེ་སློབ་སུ་ལའང་མེད་པ་ལྟ་བུར་འདུག བར་སྐབས་ཤིག སངས་རྒྱས་རྒྱལ་ལགས་ནས་བོད་ལྭ་སྤུས་གཙང་ཞིག་བསྣབས་ཤིང་ཕྱག་ཏུ་ཁ་བཏགས་འདོམ་གང་བ་ཞིག་དང་མཉམ་ཤོག་ཐུམ་མཐུག་པོ་ཞིག་བསྣམས་ནས་ཤར་མར་མི་མང་གི་མདུན་གཤགས་ཏེ་ཕེབས་ཕྱིན་ནས་ཁོང་ལ་ཁ་བཏགས་འཐེན་ཞིང་མཇལ་ཁ་ཞུས། ཤོག་ཐུམ་དེ་ཡར་ཕུལ་ཏེ་ཚུར་ཕེབས་ཡོང་སོང། རྗེས་སུ་མིས་བཤད་པ་ལྟར་ན། དེ་སྐབས་ཁོང་གི་ཕ་ཡུལ་ཞོན་ཧྭ་རྫོང་ཁོངས་རྡོ་སྦིས་སོགས་བོད་ས་དག་ཏུ་བོད་ཡིག་སློབ་ཚན་རྩ་ནས་མེད་པ་འདྲ་བས་དེ་དག་ཏུ་བོད་ཡིག་ངེས་པར་སློབ་དགོས་པའི་སྙན་ཞུ་ཞིག་ཕུལ་བ་རེད་ཟེར། དེའི་སྐབས་ཀྱི་སངས་རྒྱས་རྒྱལ་གྱི་ངང་ཚུལ་དེ་ནམ་ཡང་བརྗེད་རྒྱུ་མི་འདུག
རྨ་ལྷོ་དགེ་ཐོབ་སློབ་གྲྭར་ངས་ཁོང་གི་མཚན་ཙམ་དང་ཁོང་དེར་ཨང་རྩིས་དགེ་རྒན་ཕལ་བ་ཞིག་ཡིན་པ་ཙམ་ལས་གཞན་ཁོང་ལ་ཆ་རྒྱུས་མེད། ང་ཁོང་དང་འབྲེལ་བ་ཆེ་ཤོས་དེ། རྗེས་སུ་ཕ་ཡུལ་དུ་དགེ་རྒན་ཡིན་སྐབས་སུ། ཟི་ལིང་དུ། མཚོ་སྔོན་སློབ་གསོའི་སློབ་གྲྭ་ཆེན་མོའི་མི་རིགས་སྡེ་ཁག་ནང་ལོ་གསུམ་ལ་དགེ་རྒན་འོས་སྦྱོངས་སུ་འགྲོ་ཐུབ་པའི་གོ་སྐབས་ཤིག་རེག་སོང་། དེ་སྐབས་ཁོང་ནི་མི་རིགས་སྡེ་ཁག་ནང་གི་དགེ་རྒན་དང་མགོ་གཙོ་ཡང་རེད།
འདི་རུ་ངེས་པར་བཤད་འདོད་པ་ཞིག་ནི། ཁོང་གིས་དབུ་ཁྲིད་པའི་མི་རིགས་སྡེ་ཁག་འདིའི་ནང་མཐོ་རིམ་གྱི་ཨང་རྩིས་ཚང་མ་བོད་ཡིག་ནང་འཁྲིད་ཀྱི་ཡོད་པ་དེ་རེད། ད་རུང་དྲན་ཡུལ་དུ་ཡོད་པ་ཞིག་ནི། དེ་སྐབས་ཁོང་གིས་རང་འགན་འཁུར་བའི་ཞོར་དུ ་་དབྱིབས་རིག་ཞིབ་འགྲེལ་་ ཞེས་པའི་མཐོ་སློབ་ཀྱི་ཨང་རྩིས་ཀྱི་དེབ་དེ་བོད་ཡིག་ལ་བསྒྱུར་གནང་བ་རེད། རྗེས་སུ་ཤེས་པ་ལྟར་ན། ཁོང་གིས་དེང་རབས་ཨང་རྩིས་ཀྱི་དེབ་ཁ་ཤས་ཤིག་བོད་ཡིག་ལ་བསྒྱུར་གནང་འདུག ཁོང་གིས་ཐེངས་གཅིག་གསུང་བཤད་དུ། ངས་དེབ་དེ་སྒྱུར་སྐབས། རྒྱའི་དགེ་རྒན་ཁ་ཤས་ཀྱིས་ཨང་རྩིས་རྒྱ་ཡིག་སློབ་ཚན་ལྟར་སློབ་ཁྲིད་བྱེད་ཆོག་པ་ལ་ཁྱེད་ཀྱིས་ཨུ་ཚུགས་ཀྱིས་ཡིན་གཅིག་མིན་གཅིག་དེ་བོད་ཡིག་ལ་ག་རེ་བྱས་ནས་བསྒྱུར་དགོས་པ་རེད་ཅེས་དྲི་བ་འདྲི་ཡི་འདུག་ཟེར་ནས་གསུངས།
ཁོང་གི་དགོངས་གཞི་ནི། སློབ་ཚན་གང་ཞིག་ཡིན་ཡང་གཞན་སྐད་ནང་སློབ་རྒྱུ་དེ་འུ་ཐུག་པའི་བྱ་བ་ཞིག་ཏུ་ངོས་འཛིན་གྱི་འདུག་ལ། བོད་ཀྱི་ས་ཁུལ་ཚང་མར་དེང་རབས་ཀྱི་བསླབ་གཞི་ཚང་མ་བོད་ཡིག་ནང་སློབ་ཁྲིད་བྱེད་དགོས་པར་མཐོང་གི་ཡོད་པ་ལྟར། དེ་སྔོན་མདོ་སྨད་ཀྱི་ས་ཆ་མང་པོ་ཞིག་ཏུ་དེང་རབས་ཀྱི་བསླབ་གཞི་ཚང་མ་བོད་ཡིག་ནང་འཁྲིད་ཐུབ་པ་བྱུང་བ་དེར་ཁོང་གིས་ནུས་པ་ཐོན་ཡོད་པ་རེད། དེར་མ་ཟད་བོད་ཁུལ་ཚང་མར་དེ་ལྟར་ཡོང་བར་ཁོང་གིས་འབད་བརྩོན་གནང་བ་རེད། ཡིན་ན་ཡང་། ལྗོངས་ལྔའི་མི་རིགས་སློབ་གསོ་དང་འབྲེལ་བའི་ཚོགས་འདུ་ཞིག་གི་ཐོག་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མིས་དེ་ལ་ངོ་རྒོལ་བྱས་པས་དེ་ཁུལ་དུ་དེ་ལྟར་ལག་ལེན་བྱེད་ཐུབ་མེད་པ་རེད།
བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོས། འབྱུང་ཁམས་རིག་པ། རྫས་འགྱུར་རིག་པ། ཨང་རྩིས་སོགས་བོད་ཡིག་ནང་འཁྲིད་པར་དགག་བྱ་བྱེད་དོན་ནི། བསླབ་གཞི་དེ་དག་བོད་ཡིག་ནང་སྦྱངས་པ་ཡིན་ན་དཀའ་ངལ་ཞིག་ཡོད་པ་ནི། རྗེས་སུ་མཐོ་རིམ་སློབ་གྲྭ་སོགས་སུ་ཡིག་རྒྱུགས་གཏོང་སྐབས་སུ། དྲི་གཞི་ཚང་མ་རྒྱ་ཡིག་ནང་ཡོང་གི་ཡོད་པས་དྲི་ལན་ཡང་རྒྱ་ཡིག་གིས་འབྲི་དགོས་པས། རྒྱལ་ཡོངས་ཡིག་རྒྱུགས་སྐབས་བོད་སློབ་དག་ལ་དཀའ་ངལ་ཐལ་བ་ཞིག་འཕྲད་ཀྱི་ཡོད་པས་ཡིན་འདུག ཁོང་གིས་དཀའ་ངལ་དེ་ནི་དངོས་ཡོད་ཀྱི་དཀའ་ངལ་ཞིག་ཏུ་མཐོང་གི་འདུག་ལ་དེ་སེལ་ཐབས་ལ་དགོངས་པ་ཡང་ཡང་བཞེས་ཀྱི་འདུག་པ་མ་ཟད་འབྲེལ་ཡོད་ཀྱི་མི་སྣ་དང་ཚོགས་འདུ་སོགས་སུ་ཤུགས་ཆེན་པོས་གསུངས་པ་རེད། རྗེས་ཤིག་ལ། སློབ་གྲྭ་ཆེན་མོར་ཡིག་རྒྱུགས་གཏོང་སྐབས། མཚོ་སྔོན་ཕྱོགས་སུ། གོང་གསལ་དེང་རབས་ཀྱི་བསླབ་གཞི་དེ་དག་གི་དྲི་གཞི་རྒྱ་བོད་སྐད་གཉིས་ཤན་སྦྱར་ཡིན་པས་སློབ་ཕྲུག་ཚོས་རང་ལ་སྐད་གང་བདེ་བ་དེའི་ཐོག་ཡིག་རྒྱུགས་འབྲི་ཆོག་པའི་གདམ་ང་ཅན་གྱི་དྲི་ཤོག་ཅིག་སླེབས་པ་དེ་ནི་ངོ་མ་དགའ་འོས་པ་ཞིག་ཏུ་མཐོང་ཡང་ད་ལྟ་ཕལ་ཆེར་དེ་ལྟར་མིན་པ་འདྲ། འདི་ལའང་ཁོང་གིས་ཤུགས་རྐྱེན་ཏན་ཏན་ཐེབས་ཡོད་པར་འདོད། རྒྱུ་མཚན་ནི། ཁོང་ནི་མི་རིགས་ཀྱི་སློབ་གསོ་དང་འབྲེལ་བའི་ཚོགས་འདུ་ཁག་ལ་ཡང་ཡང་ཕེབས་ཞུགས་གནང་གི་ཡོད་པ་མ་ཟད་བོད་ཀྱི་རིག་གནས་དང་འབྲེལ་ཡོད་མགོ་ཁྲིད་དང་མཁས་དབང་མང་པོ་ཞིག་ལ་འབྲེལ་བ་ཡོད་པ་རེད།
མཚོ་སྔོན་སློབ་གསོའི་སློབ་གྲྭ་ཆེན་མོ་ནི་ཕྱོགས་མཐའི་དགེ་རྒན་རྣམས་འོས་སྦྱོངས་བྱེད་དུ་ཡོང་ས་ཞིག་ཡིན་པས་མི་རིགས་སྡེ་ཁག་གི་སློབ་མ་ཚང་མ་མཚོ་སྔོན། ཀན་སུའུ། སི་ཁྲོན་ཁོངས་ཀྱི་མདོ་སྟོད་སྨད་ཀྱི་ས་ཆག་ཁག་ཏུ་དགེ་རྒན་བྱེད་མྱོང་བ་རྐྱང་ཡིན་པ་རེད། དགེ་རྒན་སངས་རྒྱས་རྒྱལ་ལགས་ཀྱིས་འདི་གའི་སློབ་མ་ཚོའི་རྒྱུད་ལ་བག་ཆགས་ཡག་པོ་ཞིག་བཞག་ཡོད་པས་ཁོང་ལ་མཐོང་ཚུལ་ཡག་པོ་ཡོད་པ་རེད། ཐེངས་ཤིག སློབ་གླིང་ཆེན་མོ་འདིའི་རྒྱ་སྐད་དུ་ཡོན་ཀྲང་ངམ་བོད་སྐད་དུ་གླིང་གཙོ་སུ་བཀོད་ལ་འོས་འདེམས་ཤིག་བྱེད་བཅུག་པ་དྲན། ངས་ལམ་སང་སངས་རྒྱས་རྒྱལ་གྱི་མཚན་བྲིས་པ་ཡིན། ཕྱི་ལོགས་སུ་ཐོན་རྗེས། གཡས་གཡོན་ཕྱོགས་གང་སར། ངས་སངས་རྒྱས་རྒྱལ་འདེམས་པ་ཡིན། ངས་ཀྱང་ཁོང་འདེམས་པ་ཡིན་ཞེས་གང་སར་ཤོད་ཀྱི་ཡོད་པར་བལྟས་ན་མི་རིགས་སྡེ་ཁག་གི་སློབ་མ་ཚོས་ཕལ་ཆེ་བས་སངས་རྒྱས་རྒྱལ་འདེམས་ཡོད་པ་འདྲ་བསམས་སོང་། དོན་དངོས་སུ། སློབ་གླིང་འདིར་སྡེ་ཁག་མང་པོ་ཞིག་ཡོད་པ་དང་། སངས་རྒྱས་རྒྱལ་ནི་སྡེ་ཁག་ཆུང་ཆུང་ཞིག་གི་མགོ་གཙོ་ལས་ཅང་མིན་པས་གླིང་གཙོ་བྱེད་པར་བར་ཐག་རིང་པོ་དང་གླིང་གཙོའི་ཆ་རྐྱེན་ཡང་ཚང་མིན་མི་ཤེས་ཀྱང་། མི་རིགས་སྡེ་ཁག་གི་སློབ་མ་ཚོས་གླིང་གཙོར་ཁོང་ལ་འོས་འཕངས་པ་ནི། ཁོང་ལ་བཅངས་པའི་དགའ་སྣང་དང་རིགས་ཞེན་ཁོ་ནས་ཡིན་པར་འདོད། དངོས་སུ་ན། སློབ་གཙོ་གཞོན་པ་ཨ་ཡོན་ཀྲང་ནི་མདོ་སྨད་ཇོ་ཚང་ས་ཆའི་བོད་མི་ཞིག་ཡིན་པ་མ་ཟད་ཡོན་ཀྲང་གཙོ་བོར་འདེམས་ཆོག་ཆོག་ལྟ་བུར་ཡོད་ཀྱང་ཁོང་འདེམས་པ་ཡིན་ཟེར་མཁན་རེ་ཟུང་ཞིག་ལས་མ་ཐུག
ད་དུང་བཤད་འདོད་པ་ཞིག་ནི། ཁོང་ནི་བོད་མི་དགེ་རྒན་མང་པོ་ཞིག་གི་སེམས་ལ་མི་རིགས་ཀྱི་ལར་ཞེན་སླེབས་པའི་འབྱུང་ཁུངས་ཤིག་ཏུའང་མཐོང་། ཁོང་གིས་སློབ་མ་ཚོར་གསུང་བཤད་ནམ་གནང་ནའང་། རང་མི་རིགས་ཀྱི་ལོ་རྒྱུས། རིག་གནས། སྐད་དང་ཡི་གེ་དང་འབྲེལ་བ་ཡོད་པ་རྐྱང་གསུང་གི་རེད། ཐེངས་ཤིག་ཁོང་བོད་རང་སྐྱོང་ལྗོངས་སུ་མི་རིགས་ཀྱི་སློབ་གསོ་དང་འབྲེལ་བའི་ཚོགས་འདུ་ཞིག་ལ་ཕེབས་ནས་ཕྱིར་སླེབས་མ་ཐག་ཅིག་རེད། དེ་ནི་མི་རིགས་སྡེ་ཁག་གི་སྤྱི་ལོའི་ལོ་གསར་གྱི་དགོངས་ཚོགས་ཤིག་དང་སྐབས་ཁེལ། དེ་སྐབས། ཁོང་གིས་སློབ་མ་རེ་རེ་བཞིན་སེམས་ཤུགས་འཕར་བའི་བཀའ་སློབ་ཅིག་གནང་སོང་། ཐོག་མར་བོད་མི་རིགས་ཀྱི་སློབ་གསོའི་ལས་དོན་ལས་འཕྲོས་ཏེ་བར་སྐབས་ཤིག་རྒྱལ་བ་རིན་པོ་ཆེའི་མཛད་པ་འཕྲིན་ལས་ཀྱི་སྐོར་ཡང་ཞོར་དུ་ཟུར་ཙམ་གསུངས་སོང་བའི་ནང་། ངའི་སེམས་ནསབརྗེད་ཐབས་མེད་པའི་ཚིག་གཅིག་ཡོད་པ་ནི། ནམ་མཁའི་ཉི་མ་ཤར་ཡོང་བའི་འོད་དེ་ལག་པའི་སྦར་མོས་འགེབས་ཐུབ་ཀྱི་མ་རེད་གསུངས་སོང་བ་དེ་རེད། དེའི་རྗེས་སུ་ཁོང་གིས། འདི་ནི་ད་ཐེངས་ངས་ཁྱེད་ཚོར་ཁྱེར་ཡོང་བའི་དྲན་རྟེན་ཡིན་ཟེར་ནས། སིད་སི་ནས་དར་ཡོང་བའི་ ་་གཡང་གི་གངས་རི་དཀར་པོ། མཐོང་བས་ཕ་ཡུལ་དྲན་སོང་་ ཟེར་བའི་གཞས་ཏེ་བཏང་སོང་བས་སློབ་མ་ཚོར་སེམས་འགུལ་ཐེབས་ཏེ་དགའ་འབོད་བར་མེད་དུ་སྒྲོགས་སོང་། སྤྱིར་བཏང་ཁོང་ནི་ཉམ་ཆུང་ཆུང་ལྟ་བུར་ཡོད་ཀྱང་། མི་རིགས་ཀྱི་དོན་དག་ཅིག་གླེང་ཡོང་སྐབས་སྔར་མེད་པའི་སྤོབས་པ་ཞིག་དང་སྙིང་སྟོབས་ཤིག་ཀྱང་ཁོང་གི་ཐོག་ཏུ་མཐོང་རྒྱུ་ཡོད།
ང་ཚོའི་མི་རིགས་སྡེ་ཁག་ནང་འབྱུང་ཁམས་རིག་པའི་འཛིན་གྲྭ་གཅིག་མ་གཏོགས་གཞན་ཚང་མ་ཨང་རྩིས་འཛིན་གྲྭ་རེད། ཁོང་ཡང་ཨང་རྩིས་དགེ་རྒན་ཞིག་ཡིན་པས་མཐོ་རིམ་གྱི་ཨང་རྩིས་བོད་སྒྱུར་ཞུ་བ་དང་སློབ་ཁྲིད་སོགས་ལ་ཁོང་གི་ནུས་པ་མང་ཤོས་དེ་བཏོན་ཡོད་པ་རེད་འདོད། ཡང་དེ་དང་ཞོར་དུ། རང་མི་རིགས་ཀྱི་རིག་གནས་དེ་གལ་ཆེན་པོར་བརྩིས་ནས་སྒྲ་དང་སྐར་རྩིས་སོགས་བོད་ཀྱི་ཆོས་དང་རིག་གནས་ལ་མཁས་པོ་མང་པོ་ཞིག་བསྟེན་ནས་འབད་པ་ལྷོད་མེད་ཀྱིས་སྦྱངས་ཡོད་པ་མ་ཟད་ཁོང་གིས་སྔ་ཕྱིར་མི་རིགས་སྡེ་ཁག་གི་སློབ་མ་ཚོར་དཔེ་ཁྲིད་དང་བཀའ་སློབ་གནང་བར་མཁས་དབང་དུ་མ་ཞིག་གདན་དྲངས་ཏེ། ངེད་ཚོ་ལའང་སྒྲ་དང་སྐར་རྩིས་སོགས་སྦྱོང་བའི་གོ་སྐབས་བཟང་བོ་ཡང་ཡང་གནང་བྱུང་བ་དྲན། མཁས་དབང་ཁག་གདན་འདྲེན་ཞུ་སྐབས་ཀྱི་ཁོང་གི་བཟོ་ལྟ་དང་རྣམ་འགྱུར་དག་ནི་ཁ་སང་བྱུང་བ་བཞིན་ད་ལྟའང་སེམས་ནང་ལ་གསལ་ལྷང་ངེར་བྱེད། མགོ་ཡི་ཞྭ་མོ་ཕུད་ཅིང་ལག་པ་གཡས་པའི་ནང་བཅུག རྟག་པར་བཞར་ནས་གཙང་རིལ་ལེར་བྱེད་པའི་དབུ་དུད་ཙམ་དང་། གཟུགས་པོ་སྒུར་སྒུར་གྱིས་དད་གུས་ཆེན་པོ་དང་བཅས་མཁས་དབང་གདན་འདྲེན་ཞུས་ཡོང་བའི་ཁོང་གི་ངང་ཚུལ་དང་བཀའ་དྲིན་དེ་དག་ཀྱང་ད་ལྟ་བསམ་ན་སྙིང་ལ་ལྕི།
ང་རང་སྒེར་ངོས་ནས་ཁོང་ལ་འབྲེལ་བ་བྱུང་བ་ནི། ཐེངས་ཤིག་གཞན་གྱི་ཁ་ནས་གོ་བར། སངས་རྒྱས་རྒྱལ་ལ་༧རྒྱལ་བ་རིན་པོ་ཆེས་མཛད་གནང་བའི་ ་་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་་ ཟེར་བའི་དེབ་དེ་འདུག་ཟེར་ནས་གོ ང་ལ་མཚོན་ན། དེབ་དེ་དང་ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་གཉིས་ནི་སྐོམ་པའི་ཆུ་འདོད་པ་ལྟར་སྒུག་ཐབས་བྲལ་བའི་ཀློག་འདོད་ཅན་གྱི་དེབ་གཉིས་ཡིན། དགོང་མོ་ཞིག་ལ་ང་ཁོང་གི་ནང་དེབ་དེ་གཡར་དུ་ཕྱིན་པ་ཡིན། ཁོང་གིས་དར་ཅིག་ལ་དགོངས་པ་ཅུང་ཟད་བཞེས་སོང་། དེར་བལྟས་ན་ཕལ་ཆེར། གསང་གནས་ཆེས་ཆེར་བྱེད་དགོས་པའི་དེབ་དེ་ཕྱི་ལོགས་སུ་འཁྱེར་འགྲོ་བར་འཚེར་སྣང་ཅུང་ཟད་སྐྱེ་གི་ཡོད་པ་འདྲ་པོ་འདུག དེ་ནས་ཁོང་གིས་ཁྱེད་རང་དགོང་མོ་དགོང་མོ་ངའི་ནང་ལ་དེབ་དེ་བལྟ་བར་ཤོག་གསུངས་སོང་བས་དེ་ལྟར་དགོང་མོ་རེ་རེ་བཞིན་ཁོང་ཚང་དུ་སོང་ནས་དེབ་དེ་བཀླགས་པ་ཡིན། དེ་ཙམ་ལས་རང་ངོས་ནས་དམིགས་བསལ་གྱི་འབྲེལ་བ་ཅང་མེད།
དེ་ནས་རིང་བོ་མ་ཐོགས་པར་པཎ་ཆེན་རིན་པོ་ཆེའི་དགོངས་གཞི་ལྟར། ཁོང་པེ་ཅིང་ནང་བསྟན་སློབ་གླིང་ལ་ཕྱག་ལས་གནང་བར་ཕེབས་པ་ནས་ཁོང་ལ་མཇལ་བའི་བསྐལ་བ་ལྡན་མ་སོང་ཡང་། ལོ་རེ་ཟུང་གོང་། ངས་ཨ་རིའི་ཝ་ཤིང་ཀྲོན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དུ་ཕྱག་ལས་གནང་བཞིན་པའི་སློབ་གྲོགས་རིན་ཆེན་བཀྲ་ཤིས་ལ་ཁ་པར་ཅིག་གཏོང་སྐབས། ཏག་ཏག་ཁོང་དང་ཨ་རིའི་བོད་སྐད་རླུང་འཕྲིན་ཁང་གི་པད་མ་རྡོ་རྗེ་ལགས་གཉིས་ཀྱིས་སངས་རྒྱས་རྒྱལ་བསྐྱལ་ནས་གནམ་ཐང་ལ་འགྲོ་གི་ཡོད་ཟེར་བས། དེ་སྐབས་སངས་རྒྱས་རྒྱལ་ལགས་ལ་བཀའ་མོལ་འཁྱུག་ཙམ་གནང་ཐུབ་པའི་གོ་སྐབས་རེག་སྐབས། ང་ཕ་ཡུལ་ལ་ཐེངས་གཅིག་གཉིས་ཤིག་ལ་ཡོང་ཡང་ཁྱེད་ལ་མཇལ་བའི་གོ་སྐབས་ལྡན་མ་སོང་། རྗེས་སུ་ཡོང་སྐབས་ཁྱེད་ལ་མཇལ་འདོད་ཆེན་པོ་ཡོད་ཞུས་པ་ཡིན་ཡང་། ཁོང་ལ་མཇལ་རག་བར་ཁོང་ནི་ང་ཚོའི་འཇིག་རྟེན་མི་ཡུལ་དང་བྲལ་ཚར་འདུག
སྨྲས་པ། སྐྱེ་བའི་མཐའ་མ་འཆི་བ་རེད།།
ནམ་འཆིར་ངེས་པ་མེད་པ་རེད།།
སྐྱེ་བར་གོ་རིམ་ཡོད་ན་ཡང་།།
འཆི་བར་གོ་རིམ་མེད་པ་རེད།།
མཁས་དབང་འདི་རྗེས་སུ་དྲན་པའི་བྱ་བ་ནི་དངོས་ནས་དྲན་རིན་ཡོད་པ་ཞིག་རེད། འདིར་མཁས་དབང་ཁོང་ངོ་སྤྲོད་བྱས་པར་བཀའ་དྲིན་ཞུ།
དེ་རིང་འདི་ན་ཀློག་འདོད་པའི་ཡིད་ཚོར་ངོ་མ་ཞིག་བྲིས་འདུག
བོད་མི་རིགས་ཀྱི་རིག་གཞུང་ལ་ཞབས་ཞུ་བླ་ན་མེད་པ་ཕུལ་མྱོང་པའི་དགེ་རྒན་སངས་རྒྱས་རྒྱལ་ངོ་མ་བཤད་ན་བཤད་རིན་ཡོད་པ་དང་དྲན་ན་དྲན་རིན་པའི་མཁས་པ་དང་མཛད་རྗེས་ཆེ་བའི་སྐྱེ་བུ་ཞིག་རེད་མོད། མཁས་པའི་རིན་ཐང་ཚོར་མཁན་དང་ལྷག་པར་འདས་པོར་བཀའ་དྲིན་རྗེས་དྲན་ཞུ་ཤེས་མཁན་ནི་དཀོན་པའི་ཚོད་དུ་འདུག་ན། སྐབས་འདིར་ཏག་ཏག་མདའ་ཚན་ཁྱོད་ཀྱིས་དམ་པ་ཁོང་ངོ་སྤྲོད་ངང་འབྲེལ་ནས་རྗེས་སུ་དྲན་པ་ནི་ངོ་མ་བསྔགས་པར་འོས་པ་ཞིག་ཏུ་འདོད། བཀའ་དྲིན་ཆེ་ཞུ།
འདི་འདྲའི་ཟིན་ཐོ་ནི་ཀློག་རིན་ཡོད་པ་ཞིག་རེད། དགེ་རྒན་ཁོང་བདེ་བ་ཅན་དུ་སྐྱེ་བར་ཤོག ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། སངས་རྒྱས་འོད་དཔག་མེད་ལ་གསོལ་བ་འདེབས། །བདེ་བ་ཅན་དུ་སྐྱེ་བར་སྐྱེ་བར་བྱིན་གྱིས་རློབས། །
དགེ་རྒན་ཆེན་མོ་བ་སངས་རྒྱས་རྒྱལ་ལགས་ཀྱིས། བཅུ་ཕྲག་གནས་ལ་དབང་འབྱོར་བའི་མཁས་པའི་དབང་པོ་ཚེ་རྟན་ཞབས་དྲུང་རིན་པོ་ཆེ་དང་ཨ་ལགས་ཤར་གདོང་ཚང་། སྐར་རྩིས་མཁས་པ་ཨ་ཁུ་བསམ་གྲུབ་ཚང་། དེ་མིན་བོད་མདོ་སྨད་ཀྱི་མཁས་དབང་མང་པོ་ཞིག་གི་ཞབས་ལ་གཏུགས་ནས་བོད་ཀྱི་རིག་གནས་ཀྱི་ཉིང་བཅུད་མངོན་པར་རྟོགས་པ་ཙམ་དུ་མ་ཟད། རྒྱའི་མཁས་དབང་མང་པོ་ཞིག་ལ་བརྟེན་ནས་ཀྱང་དེང་དུས་ཤེས་ཡོན་གྱི་ལེགས་ཆ་མི་ཉུང་བ་ཞིག་མངོན་རྟོགས་ཐུབ་ནས་བོད་སྐད་ཡིག་གི་ཐོག་ཏུ་ཕབ་བསྒྱུར་བྱས་པ་སོགས་བོད་ཀྱི་རིག་གནས་འཕེལ་རྒྱས་ཀྱི་ཐད་ལ་བྱས་རྗེས་ཡོད་པའི་མི་སྣ་ཞིག་རེད། ངས་ཐེངས་དང་པོར་ཁོང་ལ་མཇལ་དུས་ཁོང་ང་ཚོའི་ཤག་ཏུ་བསླེབས་ནས་ང་ཚོ་གྲྭ་ཆུང་ཁ་ཤས་ལ་སློབ་གསོ་གནང་ཞོར་དུ་རྒྱལ་བ་རིན་པོ་ཆེའི་གསོལ་འདེབས་ཚིག་བཅད་ཅིག་བསླབས་སོང་། ངག་གི་དབང་ཕྱུག་བློ་བཟང་རྒྱལ་བའི་བསྟན།།འཛིན་མཁས་རྒྱལ་བ་རྒྱ་མཚོའི་གངས་རིའི་མགོན།།སྲིད་གསུམ་དབང་བསྒྱུར་ཕན་བདེའི་མཛོད།།མཚུངས་བ་མེད་པའི་སྡེ་ལ་གསོལ་བ་འདེབས།།ཞེས་པའི་གསོལ་འདེབས་འདི་རེད། ཁོང་གིས་འཇམ་པའི་ངག་གིས་འགྲེལ་བཤད་ཡག་པོ་ཞིག་གནང་སོང་། རང་གི་མི་ཚེའི་ནང་རྒྱལ་བ་རིན་པོ་ཆེའི་སྐོར་ལ་དེ་ཙམ་དོ་སྣང་མེད་ཅིང་ཤེས་རྟོགས་མེད་ལ་ཁོང་གི་གསུང་བཤད་ཉན་རྗེས་རྒྱལ་བ་རིན་པོ་ཆེའི་སྐོར་ལ་དོ་སྣང་ཆེ་རུ་ཕྱིན་སོང་། བོད་ལ་མཚོན་ན་རྒྱལ་བ་རིན་པོ་ཆེ་དེ་འདྲའི་རྩ་ཆེན་པོ་ཞིག་དང་གནད་འགག་ཅིག་ཡིན་པ་གང་ནས་ཤེས། བོད་རིགས་ལས་བྱེད་དག་གིས་ཀྱང་ནམ་རྒྱུན་སྐབས་རྒྱལ་བ་རིན་པོ་ཆེའི་སྐོར་ལ་གླེང་མོལ་མང་ཙམ་བྱེད་གི་འདུག་ལ། དེ་ནས་བཟུང་བོད་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་ཚོ་བོད་ཀྱི་རིག་གནས་དང་འབྲེལ་བ་ཡོད་པར་མ་ཟད། དམིགས་བསལ་རྒྱལ་བ་རིན་པོ་ཆེ་དང་པཎ་ཆེན་རིན་པོ་ཆེ་སོགས་ཀྱི་བོད་ཀྱི་བླ་ཆེན་དག་ལ་འགན་དབང་ཡོད་པར་ཤེས་རྟོགས་བྱུང་།
སྲིད་གསུམ་དབང་བསྒྱུར་ཕན་བདེའི་བདུད་རྩིའི་མཛོད།། ཞེས་པར་བཅོས།
དགེ་རྒན་ནམ་ཡང་ང་ཚོའི་སེམས་ལ་རྟག་པར་གནས་ཡོད།
ངོ་སྤྲོད་ལྟ་བུའི་རྩོམ་ཡིག་འདི་ལ་རིན་ཐང་འདུག
འདིར་གསལ་འདེབས་བྱེད་དགོས་པ་ཞིག་ལ་པེ་ཅིན་དུ་དྲུག་བཞིའི་ལས་འགུལ་སྐབས། ཁོང་པེ་ཅིན་ནང་བསྟན་སློབ་གྲྭར་བཞུགས་འདུག དེ་སྐབས་ཁོང་གི་མཚོ་སྔོན་སློབ་གསོའི་དགེ་རྒན་གྱི་ལས་གནས་ནས་ད་དུང་རྩ་དགོངས་ཞུས་མེད་པ་འདྲ། ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་རིགས་སློབ་མ་དང་རྒྱ་རིགས་སློབ་མ་འཁྲུག་འཛིངས་ཤོར་དུས། མཚོ་སྔོན་སློབ་གསོའི་བོད་རིགས་སློབ་མ་རྣམས་ནུབ་བྱང་སློབ་ཆེན་གྱི་བོད་རིགས་སློབ་མ་རྣམས་ཀྱི་རྒྱབ་རོགས་སུ་ཟི་ལིང་ནས་ལན་ཀྲུག་བར་མེ་འཁོར་ནང་སྐུ་བཞེངས་ངང་ཕེབས་འདུག་ཅེས་ཁོང་གི་ཞལ་དྲོན་མོ་ནས་ང་ཚོར་གསུངས་མྱོང་། ཁོ་བའི་སྐྲ་ནམ་རྒྱུན་སྐྲ་གྲྭ་བ་ལྟར་བཞར་ཡོད་པ་དང་། སྐྱབས་རྗེ་ཨ་ལག་ཤར་གདོང་ཚང་པེ་ཅིན་དུ་བཞཱུགས་རིང་གཟིམ་ཤག་ལ་ཡང་ཡང་ཕེབས་པ་མ་ཟད། ཁོང་གི་མདུན་ནས་དགེ་བསྙེན་ཡང་བསྒྲུབས་འདུག
རྩོམ་ཡིག་ལེགས། བཀླགས་པས་ཡིད་འཕྲོག་པ་ཞིག་བྱུང་། སངས་རྒྱས་རྒྱལ་མཆོག་གི་བོད་རིག་གཞུང་དང་། སྐད་ཡིག་ལ་ཐུགས་གཅེས་ཡོད་པ་ལ་རང་ཅག་ཡོངས་ཀྱིས་ལད་མོ་བྱེད་དགོས། ངའི་དཔེ་ཁྲོད་ན། བོད་ཡིག་གི་གྲངས་རིག་ཚིག་མཛོད། རྒྱལ་ཚང་སྙིང་པོ་རྒྱལ། གཙོ་སྒྲིག་པ་ཡིན་འདུག་པ་དེ་སྐུ་གཤེགས་སངས་རྒྱས་རྒྱལ་དང་གཅིག་པ་ཡིན་ནམ། དེ་དག་སོ་སོ་ཡིན། རྩོམ་ཡིག་འདི་ལེགས་པར་བྲིས། བདག་རང་གིས་དེ་འདྲ་ཁ་གསལ་ལ་ཞིག་ཚགས་འབྲི་མི་ཐུབ་ཀྱང་། གཤམ་གསལ་མིང་སྒྲ་ཁ་ཤས་ལ་དཔྱད་པ་ཞུ་ཆོག་པ། བསྐལ་བ་བཟང་། དུས་ཀྱི་བསྐལ་ལ་བ་སྔོན་འཇུག་དང་། བསོད་ནམས་ཀྱི་སྐལ་བ་ལ་སྔོན་འཇུག་མེད་སྙམ། པ་མ་ཟད། ཅེས་པར་དེར་མ་ཟད་ཅེས་པ་དང་འདྲ་བར་རིག་གཞུང་རྣམས་སུ། ཡིན་པར་མ་ཟད། ཅེས་ཡོད་ཀྱང་། དིང་སང་འབྲི་བ་པོ་མང་པོས་རིག་གཞུང་དཔེ་ལ་ཁྱད་བསད་ཀྱིས་ར་ཡིག་དོར་བ་མཐོང་། གནང་བ་རེད། བོད་ནུབ་ཕྱོགས་པ་ཚང་མས་གོ་མི་ཐུབ། དེས་ན། མཛད། ཅེས་འབྲི་ན། ཆོས་སྐད་དང་མཐུན་ཞིང་། བོད་ཡོངས་ཀྱིས་གོ་ཐུབ། ཕལ་བ་ཞིག་ཅེས་པར་ཡིག་སྐད་ཀྱི་དཔེ་གཞུང་དུ། ཕལ་པ། ཞེས་གསལ། རེག་སོང་། ཞེས་པ་དང་། རག་སོང་། དོན་གཅིག་གམ་མི་གཅིག འདི་ལ་ངའི་ལུང་པའི་ཁ་སྐད་དུ་ཐོབ་སོང་ཟེར། ཡོང་། ཞེས་པ་ངའི་ཁ་སྐད་དུ་ཡང་ཡོད། ཡིག་སྐད་དང་མཐུན་པར་འོང་ཞེས་དགོས། འདི་ཁམས་སྡེ་དགེ་སོགས་སུ་ཁ་སྐད་དུ་ཡང་དུ་། འོང་ཞེས་པ་ཡོད་ཅེས་ཐོས། ངོ་མ། དངོས་མ་ཡིན་དགོས་ཀྱང་། སུས་ཀྱང་དེ་ལྟར་མི་འབྲི་བ་ཁ་སྐད་གཙོ་བོར་འཛིན། བོད་ནུབ་ཕྱོགས་པས་ཁ་སྐད་དུ་ཡང་། དངོས་མ་ཟེར། འབྲེལ་བ། ཞེས་པར་བཀའ་བསྟན་གསུང་འབུམ་དག་ན། འབྲེལ་པ་ཞེས་པ་མཐོང་། ལོ་གསར་གྱི་དགོངས་ཚོགས་ཤིག ཅེས་པ་ན་ཡོད་པའི་དགོངས་དེའི་དོན་ཅི་ཡིན་ནམ། དགོང་མོ། མང་པོས་འབྲི་ཡང་། བཀའ་བསྟན་འབུམ་རྣམས་དང་མཐུན་པར་བསྒྲིགས་པའི་དག་ཡིག་ཟ་མ་ཏོག་དང་། ངག་སྒྲོན་སོགས་ལ་མི་བརྩི་བ་མ་ཡིན་ནམ།
མདའ་ཚན་པས་ཡག་པོ་དཔེ་མེད་ཅིག་བྲིས་འདུག རྩོམ་ཡིག་འདི་བརྒྱུད་ནས་ང་ལ་ཡང་ཚོར་བ་མ་འདྲ་ཞིག་བྱུང་། བཀའ་དྲིན་ཆེ།
༼ཁོང་གི་དགོངས་གཞི་ནི། སློབ་ཚན་གང་ཞིག་ཡིན་ཡང་གཞན་སྐད་ནང་སློབ་རྒྱུ་དེ་འུ་ཐུག་པའི་བྱ་བ་ཞིག་ཏུ་ངོས་འཛིན་གྱི་འདུག་ལ། བོད་ཀྱི་ས་ཁུལ་ཚང་མར་དེང་རབས་ཀྱི་བསླབ་གཞི་ཚང་མ་བོད་ཡིག་ནང་སློབ་ཁྲིད་བྱེད་དགོས་པར་མཐོང་གི་ཡོད་པ་ལྟར། དེ་སྔོན་མདོ་སྨད་ཀྱི་ས་ཆ་མང་པོ་ཞིག་ཏུ་དེང་རབས་ཀྱི་བསླབ་གཞི་ཚང་མ་བོད་ཡིག་ནང་འཁྲིད་ཐུབ་པ་བྱུང་བ་དེར་ཁོང་གིས་ནུས་པ་ཐོན་ཡོད་པ་རེད། དེར་མ་ཟད་བོད་ཁུལ་ཚང་མར་དེ་ལྟར་ཡོང་བར་ཁོང་གིས་འབད་བརྩོན་གནང་བ་རེད། ཡིན་ན་ཡང་། ལྗོངས་ལྔའི་མི་རིགས་སློབ་གསོ་དང་འབྲེལ་བའི་ཚོགས་འདུ་ཞིག་གི་ཐོག་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མིས་དེ་ལ་ངོ་རྒོལ་བྱས་པས་དེ་ཁུལ་དུ་དེ་ལྟར་ལག་ལེན་བྱེད་ཐུབ་མེད་པ་རེད།༽ གནས་ཚུལ་འདི་ཚོ་ལ་ཚང་མས་ངེས་པར་དུ་བསམ་བློ་གཏོང་དགོས། །
༼རྗེས་ཤིག་ལ། སློབ་གྲྭ་ཆེན་མོར་ཡིག་རྒྱུགས་གཏོང་སྐབས། མཚོ་སྔོན་ཕྱོགས་སུ། གོང་གསལ་དེང་རབས་ཀྱི་བསླབ་གཞི་དེ་དག་གི་དྲི་གཞི་རྒྱ་བོད་སྐད་གཉིས་ཤན་སྦྱར་ཡིན་པས་སློབ་ཕྲུག་ཚོས་རང་ལ་སྐད་གང་བདེ་བ་དེའི་ཐོག་ཡིག་རྒྱུགས་འབྲི་ཆོག་པའི་གདམ་ང་ཅན་གྱི་དྲི་ཤོག་ཅིག་སླེབས་པ་དེ་ནི་ངོ་མ་དགའ་འོས་པ་ཞིག་ཏུ་མཐོང་ཡང་ད་ལྟ་ཕལ་ཆེར་དེ་ལྟར་མིན་པ་འདྲ།༽ གང་ལྟར་བུ་རང་གིས་འཇོན་ན་ལས་ཀ་ལས་རྒྱུ་ཡོད་པ་དེ་ཡང་ཤེས་དགོས་པར་སེམས། །
གངས་ཅན་པའི་ལ་རྒྱ་ཡོད་ས། མི་རིགས་ཀྱི་ཤ་ཞེན་ཡོད་ས། སྐད་ཡིག་ལ་དུང་བ་ཡོད་མཁན། ཁ་བའི་ལོ་རྒྱུས་ཁྲོད་བྱས་རྗེས་ཀྱི་གཟི་འོད་འབར་བའི་མཁས་པ་འདི་ལྟ་བུ་ཞིག་གི་ལོ་རྒྱུས་དང་འབྲེལ་ནས་རྗེས་དྲན་གྱི་རྩོམ་ཡིག་འདི་ལྟ་བུ་ཞིག་རེད་བྲིས་པར་མདའ་ཚན་ལ་ཐུགས་རྗེ་ཆེ་ཞུ། ང་བོད་པའི་ཕྱི་རབས་གཞོན་སྐྱེས་ཚོར་ངོ་མ་བོད་མི་རིགས་ལ་ཤ་ཞེན་དང་། སྐད་ཡིག་ལ་ཞེན་ཁོག་ཅིག་ཡོད་ན། ལྷག་པར་བཙན་བྱོལ་ནང་གི་གཞོན་སྐྱེས་ཚོར་དེ་ལྟ་བའི་བསམ་བློ་ཞིག་ཡོད་ན། དགེ་རྒན་སངས་རྒྱས་རྒྱལ་ལྟ་བུའི་བོད་རང་གི་མཁས་དབང་གོང་མ་རྣམས་ཀྱི་མཛད་རྗེས་ལ་བལྟས་ནས་སློབ་སྦྱོང་ཐོག་འབད་བརྩོན་དང་། མི་རིགས་རང་གི་ཐུན་མོང་མ་ཡིན་པའི་ཡ་རབས་བཟང་སྤྱོད་དང་བཅས་པར་གཅེས་སྤྲས་བྱེད་རྒྱུ་འདི་ཤིན་ཏུ་གལ་ཆེ།
ནམ་རྒྱུན་ཉམ་ཆུང་འགྲོ་འདུག་ཅན། །
གནད་ལ་ཐུག་དུས་སྤོབས་པའི་མགོ །
མཐོ་བའི་སྐྱེ་བོ་དམ་པ་ཁོང་། །
ཁ་བའི་སློབ་གསོའི་སློབ་དཔོན་ཉིད། །
ཨ་དགེ་རྒན་བཀའ་དྲིན་ཅན། དངོས་གནས་སངས་རྒྱས་རློན་པ་ཞིག་རེད་འདུག
རྒན་མདའ་ཚན་པས་རང་གི་དགེ་རྒན་གྱི་བྱམས་བརྩེས་བྱུག་པའི་རྩོམ་ཞིག་བྲིས་འདུག ཐུགས་རྗེ་ཆེ།
རྒན་ལ་དྭགས་ལགས་འདིར་ཕེབས་པར་གློ་བ་དགའ། ངས་དུས་ཀྱི་བསྐལ་བ་དང་བགོ་སྐལ་གཉིས་ནོར་བ་ལ་ཞུ་དག་གནང་བར་བཀའ་དྲིན་བླ་ལྷག་ཏུ་ཆེ།
མིང་མཐའི་པ་བའི་སྐོར་དེ་མགོ་རྙོག་ཆེ། ད་བར་དུ་དེ་ལ་གཅིག་གྱུར་གྱི་སྒྲིག་གཞི་ཞིག་མི་འདུག་པས་གནས་སྐབས་བྱ་ཐབས་བྲལ།
ངོ་མ་དང་དངོས་མ་གཉིས་ནི་ཁ་སྐད་ཀྱི་དབང་གིས་སྐབས་རེར་དོན་གཅིག་ལ་འགྲོ་བ་ཡོད་སྲིད་ཀྱང་དོན་ཁ་ཁར་འགྲོ་བ་ཡང་ཡོད་པ་འདྲ། མ་བཅོས་མ་ལྷད་པའི་དངོས་པོའི་ངོ་བོ་དངོས་མ་དེ་ངོ་མ་ཡིན་དགོས་པར་འདུག་སྙམ། ངོ་མ་ཡིན་ན་དངོས་མ་ཡིན་དགོས་འདུག །ངོ་མ་མིན་ན་དངོས་མ་ཅི་ལ་ཡིན། ངོ་མ་ཟེར་བ་ངོ་བོ་ཉིད་ཡིན་སྙམ།། དངོས་མ་ཟེར་བ་ངོ་བོའི་བདེན་རྫུན་འདྲ།།
སངས་རྒྱས་ལགས་གྲོངས་བ་ཐོས་བས་སེམས་ལ་ག་ཅང་སྐྱོ། ཁོང་ཅི་ལྟར་གྲོངས་བ་རེད། བརྙན་འཕྲིན་ལ་ལྟོས་ན་དགུང་ལོ་དེཙམ་མཐོ་པོ་མིན་པ་མ་ཟད། འཕྲོད་བསྟེན་ཡང་ཡག་པོ་ཡོད་པའི་བཟོ་འདུག
ཁོང་སྐུ་གཤེགས་པ་མ་བཟང་ཟིག ངོ་མ་བོད་པ་ཞིག་རེད་འདུག
ངེས་པ་དོན་གྱི་དགེ་རྒན་ཆེན་མོ་ཁོང་ལྟ་བའི་ཞིག་ལ་རྗེས་དྲན་དང་བསྔགས་བརྗོད་ཞུ་འོས་པ་ཞིག་རེད་ཁོང་མི་ཡུལ་ནས་གཤིན་ཡུལ་དུ་ཆས་པ་ཐོས་ཚེ་བློ་ཕམ་ཆེན་པོ་བྱུང་སོང་ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཨོྃ་མ་ཎི་པདྨེ་ཧཱུྃ་ཧྲཱི།