སྐར་ཆེན།
སྤྱི་ཟླ་དྲུག་པའི་ཚེས་ཉེར་གཉིས་དང་ཉེར་གསུམ་གཉིས་ལ་ལས་ཁུངས་གུང་གསེང་ཡིན་པས་ང་ལ་ཡང་ལས་ཀ་དམིགས་བསལ་མེད། འོན་ཀྱང་། ང་ལ་ངལ་གསོ་རྒྱུའི་ཆུ་ཚོད་མེད། རྒྱུ་མཚན། ངའི་གྲོགས་པོས་སྔོན་ཚུན་ནས་ཉིན་མ་འདི་གཉིས་ཀ་ཁོང་གི་ལས་དོན་གྱི་ཆེད་དུ་གཏོང་དགོས་བའི་ངག་བཅོལ་བྱས་སོང་། གྲོགས་པོའི་གདོང་གི་ཆེད་དུ་ངས་ཀྱང་དེ་ལྟར་མ་བྱས་ཐབས་མེད་ཆགས་སོང་། ངའི་གྲོགས་པོ་སློབ་ཕྲུག་ཡིན་ལ་ང་ཡང་སློབ་ཕྲུག་ཡིན། ངེད་གཉིས་ལ་མཚོན་ན་། ཉིན་འདི་གཉིས་ཀྱི་རིང་མེག་ལོར་གྱི་སྲང་ལམ་གཡས་གཡོན་ན་དམིགས་བསལ་གྱི་སྡོད་ས་ཞིག་མེད་ལ་ཤ་ཁྲག་གི་འབྲེལ་བ་ཟབ་པའི་གཉེན་ཉེ་སོགས་ཀྱང་མེད། དེ་ནི་གཞན་ཞིག་ལ་མ་བརྟེན་རང་བརྟེན་རེད། ངེད་གཉིས་ཀྱིས་གྲོགས་པོ་ཁོང་གི་ངོ་ཤེས་ཤིག་ལ་གནས་ཚང་གཡར་དགོས་བྱུང་། ངེད་གཉིས་ཀྱི་ལས་ཀར་མཚོན་ན་ས་ཆ་ཁུ་སིམ་པོ་དང་ལྷིང་འཇགས་པོ་ཞིག་དགོས་ཀྱི་ཡོད་མོད། སོ་སོར་སྡོད་ས་མེད་པའི་གནས་སྟངས་ཤིག་གི་འོག་ལ་གནས་ཁང་དེ་འདྲ་ཞིག་རེག་རྒྱུ་ནི་ཧ་ཅང་ཁག་པོ་རེད། གང་ལྟར། གྲོགས་པོའི་རྗེས་ལ་ངས་ཀྱང་མགོ་སྒུར་ནས་ཕྱིན་པ་ཡིན། ངེད་གཉིས་ཀ་གནས་ཚང་ཞིག་རེག་སོང་། གནས་བདག་མ་ཟ་ཁང་ཆུང་ཆུང་ཞིག་བདག་མོ་ཡིན་ཙང་ཁ་ལག་ནང་ལ་བཟོ་གི་མི་འདུག གནས་བདག་མས་ངེད་གཉིས་ལ་། ཞོགས་པ་དང་ཉིན་གུང་། དགོང་དྲོ་གསུམ་ལ་ཁ་ལག་ཟ་ཁང་ལ་ཟ་རུ་ཤོག་ཟེར། འོན་ཀྱང་། ངེད་གཉིས་ཕྱིན་མེད། རྒྱུ་མཚན་ངེད་གཉིས་ལ་དངུལ་མང་དྲགས་པས་མ་ཡིན་པར་ཅུང་ཙམ་ངོ་ཚ་བས་རེད། ངེད་གཉིས་གནས་བདག་མའི་ཟ་ཁང་ལ་མ་ཕྱིན་པར་ཟ་ཁང་གཞན་ལ་ཁ་ལག་ཟ་རུ་ཕྱིན། ཁ་ལག་ཟ་ཁང་གཞན་ནས་ཟ་དགོས་བའི་གནས་སྟངས་དང་ལས་ཀ་ཉིན་གཉིས་ཀྱི་ནང་ཚུན་ལ་འགྲུབ་དགོས་བའི་དབང་གིས། ངེད་གཉིས་ལསྤྱོད་བྱའི་དངུལ་དང་གྲོན་བྱའི་ཚུ་ཚོད་གཉིས་ཀྱིས་ཕྱོགས་གང་ས་ནས་བཙུར་གྱི་འདུག ཚེས་ཉེར་གཉིས་ཉིན་གྱི་དགོང་དྲོར་ངེད་གཉིས་ཟ་ཁང་ནས་སྒོ་ཐོན་ཁར། གྲོགས་པོ་ངོ་ཤེས་ཤིག་ལ་ཐུག་སོང་།
ཁོང་ནི་ད་ལྟ་བར་དུ་དྭང་བླངས་ཀྱིས་བོད་པའི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་མཁན་ཞིག་ཡིན་པར་མ་ཟད་སྤྱི་ཚོགས་ཀྱི་གནས་སྟངས་ཇི་སྙེད་ཅིག་ལ་རྒྱུས་ཡོད་མཁན་ཞིག་ཀྱང་རེད།
ངེད་གཉིས་ཁོང་ལ་ཐུག་ཐེངས་རེར་ཁོང་ལ་སྐད་ཆ་ཉན་སྤྲོ་བ་རེ་བཤད་རྒྱུ་ཡོད།
ཐེངས་འདིར་ངེད་ཚོ་འགྲམ་གྱི་ཇ་ཁང་ཞིག་ལ་འཛུལ། ང་ཚོས་གླེང་མོལ་གྱི་འགོ་བཙུགས། སེམས་སྐྱོ་བ་ཞིག་ལ་ཁོང་ལས་གནས་ནས་དགོངས་ཞུ་བྱས་འདུག འོན་ཀྱང་།
དགོངས་ཞུ་བྱེད་དགོས་རྐྱེན་ཁོང་གིས་གསུངས་མ་སོང་ལ་ངེད་གཉིས་ཀྱིས་ཀྱང་དྲིས་མེད། ཐ་མག་ཞིག་ལ་མེ་སྒྲོན་ཞོར་ཁོང་གིས་གླེང་མོལ་གྱི་འགོ་བཙུགས་སོང་། སྔོན་མ་ང་སཱ་ར་མཐོ་སློབ་ནས་རིག་གནས་རབ་འབྱམས་པ་ཐེངས་གཉིས་པ་ཐོན་ཚར་བའི་་རྗེས་ལ། ཉིན་ཞིག་མེག་ལོར་གྱི་སྲང་བར་ནས་བཙན་བྱོལ་ནང་སྐད་གྲགས་ཆེ་བའི་རྩོམ་པ་པོ་ཞིག་ལ་ཐུག་སོང་།
སྤྱིར་བཏང་མི་གཤིས་ཀྱི་ཐད་ནས་ངས་ཁོང་ལ་གདེང་འཇོག་དེ་ཙམ་བྱེད་ཀྱི་མེད། ཁོང་གིས་ང་ལ། སློབ་གྲའི་ནང་གི་སློབ་སྦྱོང་དེ་སློབ་སྦྱོང་དངོས་གནས་བ་དེ་མ་རེད། སློབ་སྦྱོང་དངོས་གནས་བ་དེ་སྤྱི་ཚོགས་ནང་ལ་ཡོང་ན་གཞི་ནས་རེག་གི་རེད་ལབ་སོང་། དེ་དུས་ཕོ་གསར་གྱི་སྣང་བ་ཡིན་ནམ་ཡང་ན་སོ་སོས་ཅུང་ཙམ་ཤེས་བའི་ང་རྒྱལ་གྱི་དབང་གིས་ཡིན་ནམ། གང་ལྟར།
ངས་ཁོང་གི་སྐད་ཆ་དེར་དེ་ཙམ་གྱིས་དང་དོད་སྤྲད་མེད། འོན་ཀྱང་། ད་ལྟ་སོ་སོ་དངོས་སུ་སྤྱི་ཚོགས་ཀྱི་ནང་ལ་འཛུལ་ནས་ཉམས་མྱོང་མང་པོ་ཞིག་བསགས། སྤྱི་ཚོགས་གནས་སྟངས་མང་པོ་ཞིག་དངོས་སུ་མིག་གིས་མཐོང་དུས། རྩོམ་པ་པོ་དེའི་སྐད་ཆ་དེ་ཉམས་མྱོང་གི་སྐད་ཆ་རང་རེད་འདུག་དྲན་བྱུང་། དེར་བརྟེན། ཁྱེད་གཉིས་ལ་མཚོན་ན་ཡང་། ད་ལྟ་སློབ་གྲ་ན་ཡོད་དུས་ནས་སྤྱི་ཚོགས་ཀྱི་འགྲོ་འདུག་ཕྱོགས་ལ་དོ་སྣང་སྤྲོད་དགོས་རྒྱུ་ཧ་ཅང་ནས་གལ་ཆེན་པོ་རེད། སྤྱི་ཚོགས་ཀྱི་འགྲོ་སྟངས་འདུག་སྟངས་ཡག་པོ་མ་ཤེས་ན་དེ་རིང་སང་ཉིན་བོད་པའི་སྤྱི་ཚོགས་ནང་ལ་ཡོད་ནས་དྲང་བདེན་དང་ལྷག་བསམ་ཡིན་ལབ་ནས་ལས་ཀ་བྱས་ན། ཉིན་མ་གཅིག་ཁྱེད་ཀྱི་ལྷག་བསམ་དང་དྲང་བདེན་དེ་གཞན་གྱིས་དུག་བཟོ་གི་རེད། དེ་དུས་སོ་སོའི་ངོས་ནས་དྲང་བདེན་དང་ལྷག་བསམ་ཡིན་ལབ་རུང་། གཞན་གྱིས་དུག་ལ་བརྩི་གི་རེད། དྲང་བདེན་དང་ལྷག་བསམ་ཡོད་པའི་སྒོ་ནས་བོད་པའི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་འདོད་ན། སྤྱི་ཚོགས་ཀྱི་གནས་སྟངས་རྒྱུས་ལོན་པའི་སྒོ་ནས་ག་ལེར་ག་ལེར་སོ་སོའི་དམིགས་དོན་བསྒྲུབ་དགོས་བ་རེད་མ་གཏོགས་། གཞན་ང་ལ་ལྷག་བསམ་དང་དྲང་བདེན་ཡོད་ལབ་ནས་སྤྱི་ཚོགས་ལ་ཁ་གཏད་གཅོག་ཐུབ་རྒྱུ་ཁག་པོ་རེད། དཔེར་ན། ལྷ་བཟང་ཚེ་རིང་ལ་ལྟོས་དང་། བོད་མིའི་ཞེན་ཁོག་དང་མི་རིགས་ཀྱི་ལར་ཞེན་ཧ་ལས་བ་ཡོད་མཁན་དེ་འདྲ་རེད། ཡིན་ན་ཡང་། སྤྱི་ཚོགས་ལ་ཁ་གཏད་གཅོག་ཐུབ་ཀྱི་མེད་པ་དེ་རིང་སང་ཉིན་གྱི་ཁོང་གི་འགྲོ་འདུག་ལ་བལྟས་ན་ཤེས་གསལ་རེད།
ལྷག་པར་དུ་བོད་ནས་ཡོང་མཁན་གསར་འབྱོར་བ་མང་པོ་ཞིག་གིས་སྤྱི་ཚོགས་རྒྱུས་མ་ལོན་པར་གོམ་པ་སྤོ་གི་ཡོད་ཙང་། དེ་རིང་སང་ཉིན་རྡ་ལམ་ས་ལའི་རི་ཁུག་འདིར་། གསར་འབྱོར་བ་ཚོ་ཆབ་སྲིད་ཀྱི་ལག་ཆ་ཆགས་བསྡད་ཡོད་པ་རེད། ད་དུང་བོད་མིའི་སྤྱི་ཚོགས་འདི་ཧ་ཅང་གི་རྙོག་འཛིང་ལྡན་པ་ཞིག་ཡིན་པ་མ་ཟད་འགྲེལ་བརྗོད་བྱེད་མ་ཤེས་བ་ལྟ་བུ་ཞིག་རེད། ངས་ཁྱེད་གཉིས་ལ་དཔེ་མཚོན་ཁ་ཤས་ཞུས་ན། བཀའ་བློན་ཁྲི་བ་ལོ་བཅུ་གྲངས་ལ་བྱས་མྱོང་བའི་སྐུ་ངོ་ག་གེ་མོ་ཞིག་ལ་འབྲི་ྐློག་སློབ་སྦྱོང་གི་ཆུ་ཚད་མཐོན་པོ་ཡོད་མ་རེད་དེ། ཁོང་གིས་བཙན་བྱོལ་སྤྱི་ཚོགས་འདིའི་ཕྱི་ནང་བར་གསུམ་རྒྱུས་ལོན་གྱི་ཡོད་ཙང་། ཁོང་གིས་ས་འོག་དར་ཐག་ཅི་ལྟར་འཐེན་གྱི་ཡོད་མེད་དང་འཆར་གཞི་ཇི་ལྟར་བསྒྲིགས་ཡོད་མེད་ང་ཚོས་མཐོང་ན་ཧང་སངས་དགོས་བ་དེ་འདྲ་རེད། ད་དུང་བཙན་བྱོལ་བོད་གཞུང་གི་མཐོ་རིམ་མི་སྣ་ཚོའི་ནང་ན་བཙན་བྱོལ་བོད་གཞུང་འདི་ཚོང་བསྒྱུར་བྱེད་རྒྱུའི་འཆར་གཞི་འཐེན་མཁན་ཡང་བྱུང་མྱོང་ཡོད་པ་རེད།
དེ་འདྲ་སོང་ཙང་། སྤྱི་ཚོགས་ལ་ཞབས་འདེགས་ཞུ་ན། ཐོག་མར་སྤྱི་ཚོགས་རྒྱུས་ལོན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཞིབ་ཚགས་པོས་ཞིབ་འཇུག་བྱས་ནས་བལྟས་བ་ཡིན་ན།
ད་དུང་ཡང་བཙན་བྱོལ་བོད་གཞུང་གི་རྐུབ་སྟེགས་མང་པོ་ཞིག་གཅིག་ལ་གཅིག་བརྟེན་ཡིན་ཙང་། སྐྱོན་འཛུགས་པ་ལས་སླ་རུང་ར་སྤྲོད་པ་ཁག་པོ་རེད། མདུན་ལོག་ནས་ཁྱེད་ཀྱིས་བཤད་པ་དེ་ཧ་ཅང་ཡག་པོ་འདུག་ལབ་ཀྱི་རེད་དེ། རྒྱབ་ནས་ཁྱེད་རང་མེད་པ་བཟོ་རྒྱུའི་འཆར་གཞི་བསྒྲིག་གི་རེད། ཐ་ན་ཁྱེད་རང་སྤྱི་ཚོགས་ནས་ཕྱིར་འབུད་གཏོང་རྒྱུའི་ཉེན་ཁ་ཡང་ཡོད་པ་རེད། དཔེར་ན། ད་ལོར་ང་ཚོས་བོད་རིགས་གཞོན་སྐྱེས་༥༠༠༠ལྷག་ལ་ནང་ཆོས་ངོ་སྤྲོད་བཀོད་བསྒྲིགས་བྱས་བའི་བརྒྱུད་རིམ་ཁྲོད་དཀའ་ངལ་ཇི་སྙེད་ཅིག་འཕྲད་པ་མ་ཟད་ཐ་ན་བོད་པའི་སྤྱི་ཚོགས་རང་གི་ཁོངས་ནས་ཡིག་ངག་བརྒྱུད་དེ་ང་ཚོར་ལས་གཞི་འདིའི་རིགས་མཚམས་ཞོག་མ་གཏོགས་དཀའ་ངལ་བཟོ་གི་ཡིན་ཟེར་མཁན་དངོས་སུ་བྱུང་བ་རེད།
ཁྱེད་གཉིས་ཀྱི་བསམ་བློ་ཐོངས་དང་། སྐུ་ངོ་ཞྭ་སྒབ་པའི་ཕྱི་བསྐྱོད་ལག་འཁྱེར་ད་ལྟ་བར་དུ་ག་རེ་བྱས་ནས་ས་ཁར་མ་བུད་པ་རེད། དེ་ནི་གཞན་ཅི་ཡང་མ་ཡིན་པར་སྒང་གི་མི་སྣ་འགས་སྦས་བཞག་པ་རེད། ད་དུང་༧གོང་ས་མཆོག་གི་མཚན་རྟགས་བེད་སྤྱད་ནས་ཡང་སྤྲུལ་ཐུགས་ཐག་གཅོད་པ་སོགས་སྐབས་འཚོལ་གྱི་ལས་ཀ་མང་པོ་བྱས་ཡོད་པ་རེད། འདི་དག་བརྩད་གཅོད་དགོས་ན་ལས་སླ་བོ་རེད་དེ་ཁ་གཏད་གཅོག་ཐུབ་ཡ་ཧ་ཅང་ཁག་པོ་རེད། ཉིན་འགའི་སྔོན་ལ་ངས་གྲ་ས་ནས་ཡོང་བའི་གྲ་བ་ཁ་ཤས་ལ་སྤྲུལ་སྐུ་ག་གེ་མོ་ཞིག་གིས་སྐབས་འཚོལ་གྱི་ལས་ཀ་བྱས་ཡོད་ཚུལ་དང་དོན་དངོས་སུ་ཡག་པོ་མེད་ཚུལ་བཤད་པ་ཡིན། ཉིན་ཤས་ལས་མ་འགོར་བར་ངའི་སྐད་ཆ་དེ་རླུང་གིས་འཁྱེར་ནས་ཕ་ཡུལ་ཚང་མ་གཅིག་པའི་རྣ་ལམ་དུ་བསྐྱལ་བ་མ་ཟད་ད་དུང་གདན་སའི་གྲ་བ་འགའ་ཤས་ཀྱིས་མི་གཞན་བརྒྱུད་ནས་ང་ལ། ཁྱེད་ཀྱིས་ཁ་ལ་བདག་པོ་རྒྱོབས་མ་གཏོགས་གསོད་ཀྱི་ཡིན་ལབ་ནས་ལན་བསྐུར་འདུག
གནས་སྟངས་ཆུང་ངུ་འདིས་ཀྱང་ང་ཚོའི་སྤྱི་ཚོགས་ཀྱི་ཁ་དོག་ཅི་འདྲ་ཡིན་མིན་ཧ་ཅང་གསལ་བོར་འགྲེལ་ཐུབ་ཀྱི་རེད།
དེ་རིང་སང་ཉིན་སོ་སོར་ངོ་རྒྱུ་གཉིས་ཀྱི་གང་རུང་ཞིག་མེད་ན། སྤྱི་ཚོགས་ནང་ནས་ལས་གཞི་རླབས་ཆེན་ཞིག་བསྒྲུབ་ཐུབ་རྒྱུ་ཁག་པོ། ད་དུང་གཞན་ལ་ཡིད་ཆེས་བྱེད་རྒྱུ་ལས་སླ་བོ་ཞིག་ཁྱོན་ནས་མ་རེད། དཔེར་ན། སྔོན་མ་བདག་གིས་ལས་ཀ་བྱེད་སའི་སྐུ་ངོ་དང་ང་ཚོས་ནང་ཚགས་དགོས་ལས་དོན་གང་འདྲ་ཞིག་འཆར་གཞི་བསྒྲིགས་ན་ཡང་། ང་ཚོས་འཆར་ཟིན་མ་ཚར་སྔོན་ལ་སྤྱི་ཚོགས་ནང་ནས་ཚུར་ལ་ང་ཚོའི་འཆར་གཞི་ཅི་ཡིན་མིན་ལབ་ཡོང་མཁན་འདུག དེར་བརྟེན། ལས་གཞི་ག་འདྲ་ཞིག་ཡིན་རུང་། སོ་སོས་འཇོན་ན་ཡག་ཤོས་རེད།
དེ་ལྟར་མ་ཡོང་རུང་སོ་སོས་བློས་ཐུབ་ས་དེ་འདྲའི་མཉམ་དུ་བྱེད་དགོས་ དེ་མིན་མི་མང་པོ་ཞིག་རུབ་འདྲ་བོ་བརྒྱབ། འཆར་གཞི་འདྲ་བོ་བསྒྲིགས། གཅིག་སེམས་གཅིག་ལ་མཐུན་མདོག་མདོག་བྱས་ན་ཡང་། ལས་དོན་འགྲུབ་ཀྱི་མ་རེད་ལ་ལམ་ལྷོང་ཡང་ཡོང་ཁག་པོ་རེད།
ད་དུང་ངས་ཁྱེད་གཉིས་ལ་གཅིག་བཤད། དེ་རིང་སང་ཉིན་ང་ཚོའི་སྤྱི་ཚོགས་ནང་ལ་མི་རེ་གཉིས་ཀྱིས་ཚགས་པར་འདྲ་བོ་དང་ཚོགས་པ་ཆུང་ཆུང་གི་དངུལ་ཏོག་ཙམ་ལྐོག་ཟ་བྱས་ན་དེ་ཚོ་ཧ་ལས་ཧོན་འཐོར་འདྲ་བོར་བརྩི་གི་ཡོད་པ་རེད། དོན་དངོས་སུ་དེ་འདྲ་མ་རེད། ལྐོག་ཟ་བྱེད་མཁན་དང་ཧ་ལས་ཧོན་འཐོར་བྱེད་མཁན་གཉིས་ཀས་སྤྱི་ཚོགས་འདི་རྒྱུས་ལོན་ཡག་པོ་བྱུང་ཡོད་མ་རེད། སྤྱི་ཚོགས་ལ་རྒྱུས་ལོན་ཡོད་ན། ལྐོག་ཟ་བྱེད་མཁན་དེས་ཀྱང་མདུན་རྒྱབ་ནས་གླེང་སློང་མེད་པར་ལྐོག་ཟ་བྱེད་ཐུབ་ཀྱི་རེད། ང་ཚོའི་གཞུང་སྒེར་གྱི་མཐོ་རིམ་མི་སྣ་ཚོའི་ནང་ན་རྒྱུ་དངོས་ལྐོག་ཟ་བྱེད་མཁན་ཡོད་མ་རེད་ལབ་ནས་དཀོན་མཆོག་དཔང་བཙུགས་བྱེད་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། གལ་སྲིད་མེ་ལོང་འདྲ་བོ་ཞིག་གི་ནང་ལ་བལྟ་ས་ཡོད་ན། དེ་ཚོ་རེ་རེ་གཉིས་གཉིས་བྱས་ནས་སྟོན་ཐུབ་གྱི་རེད། འོན་ཀྱང་། ཚང་མ་ས་འོག་དར་ཐུག་གིས་བསྡམས་ཡོད་ཙང་འདི་རེད་ཞེས་མཛུབ་མོ་ཀེར་འཛུགས་བྱེད་ཐུབ་ཀྱི་མ་རེད། ཁྱེད་གཉིས་སློབ་གྲ་ན་ཡོད་རུང་།
ད་ལྟ་ནས་སྤྱི་ཚོགས་ཀྱི་འགྲོ་འདུག་འདི་ཚོ་ཤེས་དགོས་རྒྱུ་གལ་ཆེན་པོ་རེད། ལྷག་པར་དུ་མ་འོངས་པར་བོད་པའི་སྤྱི་ཚོགས་ནང་ལ་ལས་གཞི་རླབས་ཆེན་པོ་བྱེད་རྒྱུའི་དམིགས་ཡུལ་ཡོད་ན། ད་ལྟ་ནས་སྤྱི་ཚོགས་ཀྱི་ནང་ལ་འཛུལ་ནས་ཕྱོགས་ངོས་མང་པོར་དོ་སྣང་སྤྲད་དེ་སོ་སོའི་མཐོང་རྒྱ་དང་ཐོས་རྒྱ་ཆེ་རུ་གཏོང་དགོས་རྒྱུ་ཡང་གལ་ཆེན་རེད།
ད་ང་ལ་ཆུ་ཚོད་མང་པོ་མེད། དེ་ལས་ཇ་དེ་འཐུང་དང་ང་ཚོ་འགྲོ་ ཁོང་གིས་འདི་ལྟར་བརྗོད་བཞིན་སྐད་ཆའི་མཚམས་བཞག་སོང་། ངའི་སེམས་ལ་ཁོང་གིས་སྐད་ཆ་འདི་དག་རེ་རེ་གཞིན་ཞིབ་ཅིང་ཕྲ་བ་ཞིག་བཤད་ན་བསམ་སོང་། ངའི་སེམས་སུ་དོགས་སེལ་གྱི་ཆེད་དུ་ཁོང་ལ་བསྐྱར་དུ་དྲི་བ་འགའ་འདྲི་འདོད་སོང་། འོན་ཀྱང་། ང་རང་ཁུ་སིམ་མེར་བསྡད་པ་ཡིན།
རྒྱུ་མཚན། ངས་དྲིས་པ་ནང་བཞིན་ཁོང་གིས་ལན་རེ་རེ་བཞིན་རྒྱག་མིན་ཡང་ཐེ་ཚོམ་ཞིག་རེད། གང་ལྟར། ཁོང་གིས་གནད་དོན་ཇི་སྙེད་ཅིག་སོ་སོ་སྒེར་གྱི་ཉམས་མྱོང་དང་འབྲེལ་ནས་གླཻང་སོང་། འོན་ཀྱང་། ཁོ་རང་ལས་གནས་ནས་དགོངས་ཞུ་བྱེད་དགོས་བའི་རྒྱུ་མཚན་བརྗོད་མ་སོང་། ཁོང་གིས་གང་གསུངས་བ་དེ་ཚོ་ངས་རང་གི་ཉིན་ཐོར་ཕབ་པ་ཡིན།
གསལ་བཤད། རྩོམ་ཐུང་འདིའི་ཚིག་དང་བརྗོད་པ་གཉིས་པོ་ཉིན་ཐོར་གང་ཡོད་པ་དེ་རང་སོར་བཞག་ཡོད། རྩོམ་ཐུང་འདི་ངེད་ཀྱི་བསམ་ཚུལ་མིན།
གསལ་བཤད། གོང་གི་ལས་ཁུངས་གུང་གསེང་ཡིན་ཞེས་བའི་གོ་དོན་ནི། སྐབས་དེར་ངེད་ཀྱིས་བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་དུ་དྭང་བླངས་དགོས་ལས་ཀ་བྱེད་ཀྱི་ཡོད་པས་སོ།
གཅིག་སེམས་གཅིག་ལ་བརྟེན་སའི་མི་རིགས་ཤིག་རྙེད་ཀྱི་མེད་པ་དེ་ནི་བདེན་པ་ཡིན་ན། ད་ནི་རྡོག་རྩ་གཅིག་སྒྲུལ་ཟེར་བས་མིང་ཚིག་དེ་ནི་ཤོག་བུའི་སྟེང་གི་ཡི་གེ་ཙམ་ལས་གང་ཡང་མེད་པར་གྱུར་བ་མ་རེད་དམ། ལྷག་པར་དུ་བོད་དོན་ཟེར་བ་འདི་ནི་མི་སྒེར་བ་ཞིག་གིས་གང་ཡང་མི་འཇོན་པར་ཚང་མ་མཉམ་རུབ་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དགོས་པ་ཞིག་ཡིན་དུས། ད་ནི་སྔོན་ཆད་བྱུང་མྱོང་བའི་ནད་རྙིང་དེ་དག་གི་རྩ་བ་མེད་པར་བཟོ་མཁན་གྱི་བོད་པའི་མི་རབས་གསར་བ་ཞིག་གི་འགན་དེ་ཉིད་ངེད་ཅག་ལས་གཞན་མི་སུ་ལ་ཡང་མེད་དུས་སྐད་ཆ་འདི་འདྲ་ཁུངས་མེད་ལུང་མེད་འཁུར་ནས་དྲ་ཐོག་དུ་མ་ཕེབས་ན་ཡག་པོ་འདུག སྐྱོན་བཤད་པ་དང་དཀྲོགས་གཏམ་བཟོ་རྒྱུ་སླ་ཡང་། ཁུངས་མི་འཁྱོལ་བ་ཞིག་གིས་མང་སེམས་ཀྱི་མཐུན་སྒྲིལ་གཏོར་བཤིག་གཏོང་བ་ལས་མེད་དུས། རྗེས་ཕྱོགས་ཁུངས་ལྡན་གནས་ཚུལ་གསལ་བཤད་བྱེད་པར་དགའ་བསུ་ཡོད།
ཉིད་ཀྱི་བསམ་ཚུལ་ལ་རྗེས་སུ་ཡི་རངས་ཞུ།
འདི་ངེད་ཀྱི་བསམ་ཚུལ་མིན་ཞེས་གསལ་བོར་བརྗོད་ཡོད། བསྐྱར་དུ་བརྗོད་འདོད་ཀྱི་འདུན་པ་ངེད་ལ་ཡང་མེད།
གནས་ཚུལ་ཁུངས་ལྡན་ཡིན་མིན་དེ་གནས་ཚུལ་གསུང་མཁན་ལ་འབྲེལ་བ་བྱེད་རོགས། འབྲེལ་བ་བྱེད་སའི་ཁ་བྱང་ངེད་ཀྱིས་སྤྲད་ཆོག
ངོ་མ་རེད། སྤྱི་ཚོགས་ལ་རྒྱུས་མངའ་མེད་པར་ལེགས་ཉེས་ཀྱི་དཔྱད་བརྗོད་བྱ་རྒྱུ་དེ་ག་དུས་ཡིན་ནའང་སྔ་དྲག་རྒྱུ་མེད་ས་རེད། སྤྱི་ཚོགས་ལ་མྱོང་ཆ་དགོས་ཀྱང་འགྲིམ་དགོས་པའི་སློབ་གཉེར་ཁང་མ་འགྲིམ་པར་དེང་གི་དུས་སུ་སྤྱི་ཚོགས་ཀྱི་འར་ཟིང་ཁོ་ནའི་ནང་བསྡད་དེ་རྗེས་སུ་ཤེས་ཡོན་གྱི་གནས་ཚད་མེད་པར་ལས་དོན་ཆེན་པོར་སྙོབས་ཐབས་བྱེད་པ་ནི་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་དགོས་མེད་ཀྱི་གཏམ་ཞིག་རེད། དེ་ང་རང་གི་བསམ་ཚུལ་རང་ཡིན། གལ་ཏེ་ཐུགས་ལ་མ་བབས་ཚེ་དགོངས་འགལ་མེད་པ་ཞུ།
ཧ་ཟེ་གོ་ཡག་མི་འདུག
དྲ་གྲོགས་བོད། ལྷ་ཀླུ་གཉན་གསུམ་གྱི་གསུངས་པ་ལ་རྒྱབ་སྐྱོར་ཡོད།་ བོད་མི་རྡོག་རྩ་གཅིག་སྒྲིལ་ལ་ཕན་པའི་གཏམ་བཟང་འདྲ་ཡོད་ན་གསུངས་རོགས་གནང་།