སྐར་ཆེན། ནོར་ལྦེ།
རྡ་ལམ་ས་ལར་སླེབས་ནས་ཟླ་བ་གཅིག་དང་ཕྱེད་ཙམ་འགྲོ་སོང༌། དུས་ཚོད་འདིའི་རིང་ལ་ལས་ཀ་དམིགས་བསལ་ཞིག་བྱེད་ཐུབ་མ་སོང༌། བྱེད་མ་ཐུབ་པ་འདི་ཡང་ཕར་དེད་ན་ང་རང་སྒྱིད་ལུག་ཆེ་བའི་དབང་གིས་ཡིན་པ་འདྲ། ཆུ་ཚོད་སྟོང་པ་ནམ་ཡོད་ལ་གྲོགས་པོ་ཚོ་དང་མཉམ་དུ་ཇ་རེ་འཐུང་ནས་གླེང་མོལ་བྱེད་རྒྱུ་ནི་ངའི་གོམས་གཤིས་སུ་གྱུར། རྡ་ལམ་ས་ལའི་ཁྲོམ་ལམ་འདི་གུ་དོག་པོ་རེད། ཟ་ལེ་རྒྱ་ཚོའི་མི་ཚེའི་ཕུགས་བསམ་བཙལ་ས་ཡང་ཁྲོམ་ལམ་དོག་པོ་འདི་རེད། ངས་རྟག་པར་མཐོང་བ་ཡང་རྡ་ལམ་ས་ལའི་ས་ཟེ་རྒྱ་ཚོའི་འགྲོ་སྟངས་འདུག་སྟངས་རེད། ཟ་ལེ་རྒྱ་ཡིན་མིན་དེ་ཡང་ཕྱི་ཚུལ་ནས་དབུ་སྐྲ་རིང་པོ་དེའི་ཐག་གཅོད་ཀྱི་ཡོད་པ་འདྲ། འོན་ཀྱང༌། ཟ་ལེ་རྒྱ་ཡིན་མིན་དེ་དབུ་སྐྲ་རིང་ཐུང་གི་ཁྱད་པར་མ་རེད་བསམ། དེང་སང་དབུ་སྐྲ་རིང་པོ་ཡོད་མཁན་ལས་དབུ་སྐྲ་རིང་པོ་མེད་མཁན་གྱི་ཟ་ལེ་རྒྱ་མང་ཚོད་འདུག འོན་ཀྱང༌། དབུ་སྐྲ་རིང་པོ་དེའི་རྒྱབ་ལྗོངས་ན་ཅི་ཞིག་ཡོད་དམ། དབུ་སྐྲ་རིང་པོ་དེ་ལ་ཡང་གཏམ་རྒྱུད་ཞིག་ཏན་ཏན་ཡོད་ངེས། ངས་མཚམས་མཚམས་སུ་འདིའི་སྐོར་ལ་བསམ་བློ་བཏང༌། སྐད་ཆ་དྲིས། གླེང་མོལ་བྱས། འོན་ཀྱང༌། མཐའ་གཅིག་ཏུ་འདི་རེད་ཞེས་ལན་དམིགས་བསལ་ཞིག་མེད་པ་འདྲ། ཡིན་ན་ཡང༌། དབུ་སྐྲ་རིང་པོ་འདི་ལ་ཡང༌། ལོ་རྒྱུས་ཀྱི་ངོས་དང་རིག་གཞུང་གི་ངོས། ཡུལ་སྲོལ་གྱི་ངོས་བཅས་ནས་བལྟ་སྟངས་མ་འདྲ་བ་རེ་དང་རིན་ཐང་འཇོག་སྟངས་མ་འདྲ་བ་རེ་ཡོད་པ་འདྲ། དབུ་སྐྲ་རིང་པོ་འཇོག་པའི་གོམས་སྲོལ་འདི་མཚོན་ན་ཡང༌། བོད་པ་གཅིག་པོ་མ་ཡིན་པར་འཛམ་གླིང་མི་རིགས་ཕལ་མོ་ཆེར་ཡོད་པ་འདྲ། འདི་ནས་ཡར་བརྩིས་ན། གདོད་མའི་སྤྱི་ཚོགས་སུ་འགྲོ་བ་མི་ཚང་མ་དབུ་སྐྲ་རིང་པོ་འཇོག་མཁན་ཤ་སྟག་རེད། བུད་མེད་རྣམས་ལ་དབུ་སྐྲ་རིང་པོ་ཡོད་པ་ནང་བཞིན་སྐྱེས་པ་རྣམས་ལ་ཡང་དེ་མཚུངས་སུ་ཡོད་པ་འདྲ། འོན་ཀྱང༌། བུད་མེད་ཚོའི་དབུ་སྐྲ་རིང་པོ་འཇོག་པའི་གོམས་སྲོལ་འདི་ལ་ད་ལྟའང་བརྗེ་བསྒྱུར་ཐེབས་མི་འདུག་ལ་སྐྱེས་པ་རྣམས་ནི་གནའ་སྔ་མོ་དང་བསྡུར་ན་ཉུང་དུ་ཕྱིན་པ་རེད། གང་ལྟར། འགྲོ་བ་མིའི་རིགས་ཀྱིས་འཚོ་སྡོད་ལ་འགྲན་རྩོད་དང་ཁོར་ཡུག་ལ་བསྟུན་འགྱུར་དང་སྤྱི་ཚོགས་ལ་བཅོས་བསྒྱུར་སོགས་བརྒྱུད་རིམ་མང་པོ་ཞིག་གི་ཁྲོད་དུ་དབུ་སྐྲ་འཇོག་སྟངས་ལ་ཡང་རིགས་མང་པོ་དང་བྱེད་སྟངས་མ་འདྲ་བ་མང་ཙམ་བྱུང་འདུག ནུབ་ཕྱོགས་སུ་མཚོན་ན་སྤྱི་ལོ་མ་བྱུང་སྔོན་གྱི་རྒི་རི་སིའི་ཤེར་རྟོགས་རིག་པའི་ལྟ་གྲུབ་སྨྲ་བ་དག་དང་ཡང་ན་ཁོང་ཚོའི་་རྗེས་སམ་རིག་རྩལ་བསྐྱར་དར་གྱི་སྔོན་དུ། ནུབ་ཕྱོགས་ཡུལ་གྱི་བསམ་བློ་སྨྲ་བ་དང་ལྟ་གྲུབ་སྨྲ་བ། ཚན་རིག་པ་སོགས་རྣམ་དཔྱོད་ཅན་གྱི་སྐྱེས་བུ་མང་པོ་ཞིག་དབུ་སྐྲ་རིང་པོ་འཇོག་མཁན་རེད། ཁོང་ཚོར་ཅི་ཁག ཁོང་ཚོས་གསེར་ལས་ལྷག་པའི་རང་གི་རྣམ་དཔྱོད་དང་དུས་ཚོད་བེད་སྤྱོད་བཏང་ནས་དངོས་པོའི་གནས་ལུགས་ལ་ཞིབ་པར་འཇུག་པའི་མི་ཚེའི་ནང་དུ། སོ་སོའི་དབུ་སྐྲ་དང་ཁ་སྤུ་ལ་བདག་པོ་རྒྱག་རྒྱུ་ཡང་རྒྱ་ཡན་དུ་ཤོར་བ་རེད། འོན་ཀྱང༌། ཁོང་ཚོའི་རྒྱ་ཡན་གྱི་ལས་ཀ་འདི་ཕྱི་རབས་དག་གིས་མིག་དཔེ་བལྟ་ས་ཆགས། བོད་རང་ལ་མཚོན་ན་ཡང༌། སྔོན་མ་ཆོས་རྒྱལ་ཚོའི་སྐབས་སུ་ནས་དབུ་སྐྲ་རིང་པོ་འཇོག་མཁན་ཡོད་པ་འདྲ། ནང་བསྟན་ཤེས་རིག་བོད་ལ་ས་ཁྱབ་རྡོ་ཁྱབ་དུ་ཕྱིན་ནས་བྱ་བྲལ་བ་དང་སྒོམ་ཆེན་པ་ཞེས་རང་གི་མི་ཚེ་བྲག་ཕུག་ནས་སྐྱེལ་མཁན་གྱི་རིགས་ཤིག་བྱུང་འདུག་ལ། ཁོང་ཚོ་མང་པོ་ཞིག་དབུ་སྐྲ་རིང་པོ་ཡོད་མཁན་རེད་འདུག ཁོང་ཚོར་མཚོན་ན་ཕྱི་རོལ་ཡུལ་གྱི་མཛེས་སྡུག་ལས་ལྷག་པའི་ནང་སེམས་ཀྱི་མཛེས་སྡུག་འདི་འཚོལ་སྙེག་འོས་བ་ཞིག་ལ་བརྩིས། ཁོང་ཚོའི་སྒོ་གསུམ་གྱི་ཉམས་ལེན་མང་པོ་ཞིག་ནང་སེམས་ཀྱི་མཛེས་སྡུག་དང་བདེ་སྐྱིད། ལྷིང་འཇགས། ཞི་བདེ་བཅས་ཀྱི་ཕྱོགས་སུ་བཏང༌། ད་དུང་བོད་ལ་སྔགས་མང་གི་སྡེ་ཞེས་དབུ་སྐྲ་རིང་པོ་འཇོག་མཁན་གྱི་རིགས་གཅིག་ཀྱང་བྱུང་འདུག ཁོང་ཚོས་དབུ་སྐྲ་རིང་པོ་འཇོག་དོན་ནི་ཆོས་ལུགས་གོམས་སྲོལ་དང་ཉམས་ལེན་གྱི་དབང་གིས་བྱུང་བ་འདྲ། ལྷག་པར་དུ་ལོ་རབས་བརྒྱད་བཅུ་ནས་འགོ་བཙུགས་ཏེ་བོད་ནང་ལ་སྙན་ངག་པའི་སྡེ་ཆེན་པོ་ཞིག་བྱུང་སོང་ལ་ཁོང་ཚོའི་གྲས་ཀྱི་མང་པོ་ཞིག་དབུ་སྐྲ་རིང་པ་འཇོག་མཁན་རེད། ཁོང་ཚོས་དབུ་སྐྲ་རིང་པོ་འཇོག་དོན་འདི་ཡང་ཕར་དེད་ན་ནུབ་ཕྱོགས་པར་ལད་མོ་ཞེས་མེད་འགྲོ་སྙམ། འོན་ཀྱང༌། ཁོང་ཚོ་མང་པོ་ཞིག་གི་བཤད་ཚུལ་ལ་གཞིགས་ན། ཁོང་ཚོའི་དབུ་སྐྲའི་ཉག་མ་རེ་རེའི་ནང་དུ་སྨྲ་བསམ་བརྗོད་འདས་ཀྱི་སྡུག་བསྔལ་དང་ཚོར་འདུ་མང་པོ་ཞིག་བསྐུང་ནས་ཡོད་ཟེར། དེའི་རྗེས་སུ་བོད་ནང་དུ་གླུ་གཞས་གཏོང་མཁན་གྱི་སྡེ་ཞིག་བྱུང་སོང༌། ཁོང་ཚོར་མཚོན་ན་དབུ་སྐྲ་རིང་པོ་ནི་སོ་སོའི་ལུས་ཀྱི་རྒྱན་ཆར་བརྩི། ཁོང་ཚོས་རང་གི་དབུ་སྐྲ་རིང་པོ་འདི་སོ་སོའི་མཛེས་སྡུག་གི་ཆ་ཤས་ཤིག་ཡིན་ཟེར། ད་དུང་དབུ་སྐྲ་རིང་པོ་འདི་རང་ཉིད་བོད་པ་ཞིག་ཡིན་པའི་རྟགས་མཚན་ཡིན་ཟེར། འདི་དག་ལ་རྒྱུ་མཚན་དང་རྒྱབ་ལྗོངས་མེད་པ་ག་ལ་ཡིན། ད་ལྟའི་སྐབས་སུ་བོད་ནང་གི་སློབ་ཆེན་འགྲིམས་མཁན་ཚོའི་ཁྲོད་ན་དབུ་སྐྲ་རིང་པོ་འཇོག་མཁན་གྱི་རིགས་ཤིག་འདུག འོན་ཀྱང༌། འདི་དག་ལ་དགོས་དམིགས་ཇི་འདྲ་ཞིག་ཡོད་མེད་བཤད་ཚོད་ཐུབ་ཀྱི་མི་འདུག ལོ་ངོ་བཅུ་ཕྲག་གཅིག་གཉིས་ཀྱི་གོང་ནས་བོད་ནང་གི་དབུ་སྐྲ་རིང་པོའི་འཇོག་སྲོལ་འདི་བཙན་བྱོལ་ལ་སླེབས། འདི་འཁྱེར་ཡོང་མཁན་ཉེ་རབས་ཀྱི་ལོའི་ནང་བོད་ནས་གསར་དུ་འབྱོར་མཁན་དག་ཡིན། བཙན་བྱོལ་ནང་གི་ལས་མེད་ཕོ་གསར་མང་པོ་ཞིག་གིས་དབུ་སྐྲ་རིང་པོ་འཇོག་ཞོར་ཕྱི་གླིང་བུ་མོ་ཚོའི་མཉམ་དུ་བརྩེ་དུང་གི་གཏམ་རྒྱུད་འཁྲབ། བརྩེ་དུང་གི་ལམ་བུ་འདི་བརྒྱུད་ནས་ཁོང་ཚོས་རང་གི་འཚོ་སྡོད་དང་མདུན་ལམ་གྱི་ཁ་ཕྱོགས་བཙལ། ཁོང་ཚོའི་མིང་ལ་ཟ་ལེ་རྒྱ་ཟེར། མང་པོ་ཞིག་གིས་ཁོང་ཚོ་ནི་སྒྱིད་ལུག་ཅན་དང་ཁྲམ་པ། འཁྱམ་པོ་བཅས་རེད་ཟེར། འོནཀྱང༌། ཁོང་ཚོས་རང་གི་དབུ་སྐྲ་རིང་པོ་དེ་ལ་བརྟེན་ནས་འཚོ་སྡོད་྄ཀྱི་གནས་སྟངས་ཐག་གཅོད་ཀྱི་ཡོད་པ་མ་ཟད་རང་གི་མི་ཚེའི་མདུན་ལམ་འཚོལ་གྱི་ཡོད། རང་གི་དབུ་སྐྲ་ལ་བརྟེན་ནས་འཚོ་སྡོད་ཀྱི་ལམ་ཁ་བཙལ་ཐུབ་མཁན་ཁོང་ཚོ་རེད། རང་གི་འཚོ་སྡོད་ཀྱི་ཆེད་དུ་གཞན་ལ་མགོ་སྐོར་གཏོང་མཁན་དང༌། ཁ་བཤད་དང་ལག་ལེན་གཉིས་དཀྱིས་གཅིག་ལ་མེད་པའི་སྐུ་ངོ་ཚོ། མི་རིགས་དང་རྒྱལ་ཁབ་ཁ་ལ་འཁྱེར་ནས་༧གོང་ས་མཆོག་ལ་དབུ་སྐོར་ཞུ་མཁན་ཚོ༌། རང་གི་ནང་མིའི་ཆེད་དུ་ཚོགས་པ་བཙུགས་ཤིང་རང་གི་ནང་མིའི་ཆེད་དུ་ཚོགས་པ་སྒོ་རྒྱག་མཁན་ཚོ། གཞུང་གི་སྐེ་ལ་མི་མངོན་པའི་ཆིངས་ཐག་བསྐོན་མཁན་ཚོ་དང་བསྡུར་ན་ཟ་ལེ་རྒྱ་ཚོའི་མི་ཚེའི་ཁ་ཕྱོགས་འདི་གླེང་འོས་བ་ཞིག་རེད། ད་དུང་སང་ཉིན་རྒྱ་གར་མཐོ་སློབ་ཁག་ལ་འགྲོ་བཞིན་པའི་བོད་པའི་སླ྄ོབ་ཕྲུག་དག་གིས་ཀྱང་དབུ་སྐྲ་རིང་པོ་འཇོག་པའི་དཔེ་བལྟ་བྱེད་ཀྱི་འདུག འཽན་ཀྱང༌། ཁོང་ཚོའི་དེ་ལས་རྒྱུ་མེད་པའི་ལས་ཀ་ཡིན་པ་འདྲ། འདི་ལྟར༌། དབུ་སྐྲ་རིང་པོའི་ལོ་རྒྱུས་ལ་བལྟས་ན། རང་གི་དབུ་སྐྲར་བརྟེན་ནས་རང་གི་འཚོ་སྡོད་དང་མདུན་ལམ། ཕུགས་བསམ་ཉར་མཁན་གྱི་རིགས་ནི་ཟ་ལེ་རྒྱ་ཚོ་རེད།
གང་ལྟར༌། ངའི་རྨོངས་འཆར་གྱི་དབང་དུ་བྱས་ན། དུས་རབས་ཉེར་གཅིག་གི་བོད་ཕྱི་ནང་གཉིས་ཀྱི་དབུ་སྐྲ་རིང་པོ་འཇོག་མཁན་ཚོའི་ཁྲོད་ན། ཟ་ལེ་རྒྱ་ཚོའི་དབུ་སྐྲ་འདི་ལ་ཐུན་མོང་མ་ཡིན་པའི་རྣམ་དབྱེ་ཞིག་འདུག་སྙམ།
སྤྱི་ལོ་༢༠༠༨ལོའི་ཟླ༧པའི་ཚེས་༡༤ཉིན་རྡ་ལམ་ས་ལའི་བོད་ཀྱི་དཔེ་མཛོད་ཁང་དུ་བྲིས།