ངའི་བཞུད་ལམ་དུ།
______ལྗོངས་བརྒྱུད་པའི་ཟིན་བྲིས།
གཅན བཟོད་རྒྱམ།
ཀ
གེ་སར་རྟ་ལྕགས་བཞུས་པའི་ཤུལ་ལམ་ནས། །
བོད་པ་རྒྱལ་ཐེངས་རེ་ལ་ཕམ་ཐེངས་རེ། །
ཨ་ཅེ་འབྲུག་མོའི་བཀའ་མཆིད་མ་རྩིས་ན། །
དེང་དུས་བོད་མོན་འདྲེས་ནས་ཐང་མར་བརྡལ། །
ཁ
རོ་ཐང་ལ་རྩེར་སླེབས་དུས་སྐྱོ་བ་སྐྱེས། །
ལོས་ཡིན་ཆོས་རྒྱལ་དམག་གི་དུར་ས་ཉིད། །
རོ་ཐང་ཕར་ལ་བརྒལ་བས་སེམས་རྩ་ལྷོད། །
ལོས་ཡིན་གནམ་ས་གཉིས་ཀ་བོད་ཀྱི་རེད། །
ག
དེང་དེ་ཟམ་པའི་འོག་གི་གཅང་པོ་ཆེ། །
རྙོག་མའི་ཟེག་མ་ཆལ་ཆིལ་གཡོ་བ་ཀྱེ། །
མ་པང་མཚོ་དང་ཏི་སེ་བདེ་ལེགས་སམ། །
ཡུལ་གྱར་བུ་ལ་འཕྲིན་རེ་ཡོད་དམ་ཅི། །
ང
གངས་ཆབ་ཧུབ་གང་འཐུང་རྗེས་ཨ་མའི་ནུ་ཞོ་དྲན། །
སྐྲ་རིང་ལན་གཅིག་ཁྲུས་པས་སྡིག་སྒྲིབ་དག་སྣང་སྐྱེས། །
རྐང་པ་ཆུ་ལ་དཔྱངས་ཏེ་བསམ་གཞིགས་ཀློང་དུ་ཚུད། །
བོད་ས་བོད་ཆུ་ཡིན་པས་བོད་པའི་སྐྱིད་སྡུག་དྲན། །
ཅ
རླངས་འཁོར་རྒྱུགས་འགྲོས་སྐྱི་སེར་རླུང་དང་བསྡེབས། །
སྐད་ཅིག་ཙམ་གྱིས་རྐྱང་དཀྱིལ་ཐང་(pang)དུ་སླེབས། །
གེ་སར་རྟ་ཡི་རྨིག་རྗེས་འཐོར་བ་རྙེད། །
དཔའ་རྟུལ་བརྒྱད་ཅུའི་སྟོབས་རྔམ་དངོས་སུ་མཐོང༌། །
ཆ
ཨ་ཁུ་རྟ་རྫིའི་ཁྲུང་ཁྲུང་སྐེ་ནག་ཚོགས། །
མཚོ་མོ་རིལ་རིལ་ཁ་ནས་གཤར་བ་མཐོང་། །
བོད་ན་མ་གཏོགས་མེད་པའི་རྟ་རྫིའི་མཆིད། །
དང་པོར་དོགས་མོད་བསམ་ན་བོད་ས་ཉིད། །
ཇ
མར་ཡུལ་ལ་དྭགས་ཆོས་ས་ཆོས་ཡུལ་རེད། །
གོམ་གང་ས་ལ་མཆོད་རྟེན་ཆེ་ཆུང་བརྩིགས། །
གྲྭ་བཙུན་མཐོང་ཚེ་རྟ་ལས་བཏབས་ཏེ་གུས། །
ཆེ་བཀུར་ཆུང་བྱམས་ཆེ་འདིར་ཨེ་མ་སྨོན། །
ཉ
རྡོ་དང་ས་ཐོ་ཚང་མར་དཀར་རྩི་བྱུགས། །
བསྟན་པ་ས་དར་རྡོ་དར་འདི་ཡིན་སྙམ། །
དགོན་པ་མ་ནི་འཁོར་ཆེན་མཆོད་རྟེན་སོགས། །
ཡུལ་འདིའི་མི་ཡི་སྲོག་གི་རྒྱུན་ཐག་ཡིན། །
ཏ
ཆོས་སྐྱོང་སྲོང་མ་ལྷ་ཀླུ་གཉེན་བཙན་སོགས། །
དེང་གི་བོད་པར་བལྟོས་ནའང་ཁོང་ཚོར་མང་། །
ས་རྡོ་ཆུང་ངུརའང་ཡུལ་ལྷ་གཞི་བདག་གནས། །
ཀ་ཡེ་འདི་ནི་མི་ཡུལ་མིན་པ་འདྲ། །
ཐ
མན་རྡང་རིང་མོར་མཇལ་ཚེ་ངོ་མཚར་སྐྱེས། །
ཆོས་རྒྱལ་རྒྱུད་པ་འདི་འདྲ་ལོས་ཡིན་སྙམ། །
དགའ་ལྡན་ཚེ་དབང་བཞེངས་པའི་མཆོད་རྟེན་རྣམས། །
ངན་ཞེས་རྨངས་ནས་གཏོར་བ་ཀྱེ་མ་བླུན། །
ད
ཕྲེང་འཛིན་སྤོ་རྨོ་མཐོང་བས་སྤོ་རྨོ་དྲན། །
བྱམས་ལྡན་ཨ་མ་རིག་ཚེ་མ་ལོ་དྲན། །
བརྩེ་ལྡན་ཨ་ཕ་རིག་པས་ཕ་ལོ་དྲན། །
གཅེས་ཤོར་བུ་ཆུང་ཆུང་དུས་ང་དང་འདྲ། །
ན
དེའུ་འབུར་རེ་ལ་དགོན་པ་ཆུང་ངུ་རེ། །
གྱང་ཆགས་རེ་ལ་ངག་རྒྱུན་འཐར་འཐོར་རེད། །
ཡིག་ཚགས་རྙིང་པ་མཇལ་བའི་བར་གསེང་ནས། །
ངག་རྒྱུན་འདི་ཚོའི་རིན་ཐང་ཆེ་སེ་མཐོང་། །
པ
འཇོ་ལེའེ་(བྱོན་ལེགས)ཚིག་དང་འཛུམ་གྱིས་བསུས་པའི་ཚེ། །
ཡུན་རིང་མ་ཕྲད་ཨ་མར་འཕྲད་སྣང་ཤར། །
མ་ལྟར་བྱམས་ཤིང་བརྩེ་བས་སྣེ་ལེན་དེས། །
བྱམས་ལྡན་མ་ལོའི་སྣང་བརྙན་མིག་ལ་འཕྲུལ། །
ཕ
ཤ་མར་འོ་ཕྱུར་ཐུད་ཞོ་རྩམ་པ་དང༌། །
ཚོད་མ་(མོག་མོག)ཐུག་པ་བག་ལེབ་གཙོ་བོའི་ཟས། །
བོད་ཇ་(དཀྲུག་ཇ)མངར་ཇ་འབྲས་ཆང་ལ་སོགས་པའི། །
བཟའ་བཏུང་ཅི་རིགས་དྲངས་ཏེ་མགྲོན་བརྩིས་ཆེ། །
བ
མཁར་དང་ཁང་པར་བོད་བཟོའི་རྣམ་པ་མངོན། །
ནང་གི་ཆས་རྣམས་བོད་པ་བོད་རྐྱང་རེད། །
ཕྱི་ཁྲོམ་སྒོ་བྱང་བོད་ཡིག་དག་མ་རེད། །
“རྣལ་མའི་ཚོང་ཁང”ཟེར་བས་ཡིད་སེམས་བགུག །
མ
མཛེས་མ་ཚོར་ཡང་འཇོ་ལེའེ་ཟེར་ཐུབ་ན། །
ངོ་ཚོའི་ཟོལ་གྱིས་འཇོ་ལེའེ་ལན་དུ་སྦྱིན། །
ཐོག་མར་བརྡ་སྤྲོད་ཅུང་ཟད་དཀའ་ཙམ་མོད། །
གོམས་པར་སླ་བ་བོད་སྐད་ཆོས་ཉིད་ཡིན། །
ཙ
གང་འཚམ་འདྲིས་ཚེ་རང་འདོད་སྨྲས་པའི་ལན། །
ང་ལ་མིན་ཞེས་སྨྲས་པ་ངས་མི་དྲན། །
ཐོག་མར་མིན་ཞེས་སྨྲ་བ་དཔེ་ཡིན་མོད། །
ཅུང་ཙམ་ཨུ་ཚུགས་བྱས་ཚེ་དང་དུ་ལེན། །
ཚ
རུམ་ཁའི་བརྩེ་འདང་དྲོད་མོ་བསམས་པའི་ཚེ། །
ད་ལྟ་རང་དུ་མཆོང་ཞིང་རྒྱུགས་ན་སྙམ། །
ཉིན་རེར་མཛེས་མ་རེ་རེ་ཟེར་ན་རྫུན། །
ཟླ་རེར་བཅུ་གྲངས་ཟེར་ན་བདེན་བདེན་འདྲ། །
འདོད་ལྡན་སྐྱེ་བོ་ཚོགས་ཉོན་ཀྱེ། །
ཕོ་སར་ང་འདྲ་ཡིན་ལགས་ན། །
བོད་དྲན་སྐྱོ་སངས་བྱེད་དང་ལྷན། །
ལ་དྭགས་མཛེས་མར་ཞོར་དུ་རྩེ། །
2006།8།17།ལྕོག་ལམ་སར་ནས་བྲིས།
དྲ་རྒྱ་འདིར་ཕེབས་རོགས་ཞུ། http://www.amapakto.com
http://www.amapakto.com
མུ་མཐུད་དུ་འབྲི་རོགས་ཞུ།