རྨི་ལམ་ཚེར་མ།
ང་ནི་དར་ཆ་དམར་པོའི་འོག་ནས་སྐྱེས་ཤིང་འཚར་ལོངས་བྱུང་བ་ཞིག་ཡིན། ང་སྐྱེས་པ་ནས་ད་ལྟ་བར་མཐོང་ཐོས་བྱུང་བ་ནི། དར་ཆ་དམར་པོ་སྟེ། སྐར་མ་ལྔ་ཅན་དང་། ཐོ་བ་དང་ཟོར་བསྣོལ་བའི་རི་མོ་ཅན། སྐར་མ་དང་དཔལ་འབར་གྱི་རི་མོ་ཅན་དེ་དག་སྟེ། མིག་ལམ་ནས་ཡལ་རྒྱུ་མ་བྱུང་ལ། དེང་རབས་ཅན་བཞི་མངོན་འགྱུར། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས། རྒྱལ་གཅེས་ཆོས་གཅེས། ཁ་ཕྲལ་ལ་ངོ་རྒོལ། ཏཱ་ལའི་རུ་ཚོགས་ངོ་རྒོལ་བཅས་ནི་ཉན་མི་འདོད་ཀྱང་ཉིན་རེ་བཞིན་ངའི་རྣ་བ་འདིས་གཡོལ་ས་མེད། མཐོང་ཐོས་གཙོ་བོ་འདི་དག་ནི། དར་ཆ་དམར་པོ་དེའི་འོག་ནས་སྐྱེས་པའི་ངའི་ལན་ཆགས་རེད། ལན་ཆགས་ལྕི་ཆེས་ནས། ད་ལྟ། ངའི་མིག་ལོང་སོང་། ངའི་རྣ་འོན་སོང་། ངའི་ལྕེ་ལྐུགས་སོང་། ངའི་ལག་པ་ཆག་སོང་།
ངའི་མིག་ལོང་སོང་།
ང་སྐྱེས་པ་ནས་ད་བར། མཐོང་བའི་དངོས་པོ་རྩིས་གྲངས་མི་ཟིན་པ་ཞིག་ཡོད་ནའང་། དེའི་ནང་ནས་ཧ་ཅང་མཐོང་མི་འདོད་པ་དེ་ཚོ་ནི་ང་དང་ཆེས་ཉེ་སར་ཡོད་ཅིང་། ངས་མིག་གིས་དེར་ངེས་པར་བལྟ་དགོས་པ་ཏང་གི་རེ་འདུན་རེད། ངའི་མིག་འདིས། མཐོང་མི་འདོད་པ་རྐྱང་རྐྱང་ལ་བལྟ་དགོས་སྟབས། མིག་གི་དབང་པོ་འདི་རིམ་པས་ཉམས་སོང་། ངའི་མིག་འདིས། དར་དམར་འོག་གི་ཡིག་ཆ་དག་ལས་གཞན་གྱི་ཡིག་ཆ་གང་ཡང་ཀློག་མི་ཆོག གོང་ས་མཆོག་གི་མཛད་རྣམ་བཀླག་མི་ཆོག་ལ། བོད་ཀྱི་སྲིད་དོན་རྒྱལ་རབས་བཀླག་མི་ཆོག མདོར་ན། འགྲམ་འགག་སྒོའི་ཕྱི་རོལ་ནས་ཐོན་པའི་དངོས་པོའི་རིགས་ལ་ངའི་མིག་འདིས་བལྟས་མི་ཆོག ངའི་མིག་འདི་ཁྲིམས་འོག་ཞིག་ན་འགུལ་གྱིན་ཡོད། ངའི་མིག་འདི། ཁྲིམས་འོག་ཅིག་ནས་ལོང་བ་ཆགས་སོང་།
ངའི་རྣ་འོན་སོང་།
ང་སྐྱེས་པ་ནས་ད་བར། རྣ་བ་ལས་ངན་འདིས་ཐོས་འདོད་པ་གང་ཡང་ཐོས་མ་ཐུབ། གང་ཐོས་པ་དག་ཚིག་གཉིས་ལ་བསྡུར་ན། ཏང་དང་གསར་བརྗེ་ལ་བློ་སེམས་དཀར་དགོས་པ། ཏཱ་ལའི་རུ་ཚོགས་ལ་དགག་པ་རྒྱག་དགོས་པ་གཉིས་རེད། ཏིང་ཞོ་ཕིང་སྲོག་ཤིང་ཡིན་པ། ཅང་ཙེ་མིན་སྲོག་ཤིང་ཡིན་པ། ཧུའུ་ཅིན་ཐོ་སྲོག་ཡིན་པ་བཅས་ཀྱི་ཏང་ཀྲུང་དབྱང་གི་རླབས་ཆེན་མཛུབ་སྟོན་ཟེར་བ་དེ་ནི་ངས་ཐོས་མི་འདོད་པ་མཐར་ཐུག་དེ་ཡིན་ནའང་། མི་འདོད་ཀྱང་ཉན་དགོས་ལ། རྣ་བ་འོན་རག་བར་ཉན་དགོས་བྱུང་སྟེ། ད་ནི་ངའི་རྣ་བ་འོན་སོང་། ངའི་ཐོས་འདོད་པ་སྟེ། གོང་ས་ཡིད་བཞིན་ནོར་བུའི་གསུང་སྐད་སྙན་མོ་དང་། ཕྱི་ཡུལ་གྱི་སྤུན་ཟླ་ཚོའི་སྐོར་ཡིན་ནའང་། ངའི་རྣ་བ་འདིས་དེར་ཉན་མི་ཆོག ངའི་ཉེ་འཁོར་འདི་ན། མེ་མདའ་འདིས་ངའི་ཁ་ལ་ཉན། ངས་ཏང་གི་ཁ་ལ་ཉན་ཟེར་བའི་དམག་མི་ཚོ། ཕྱི་རིམ་ནང་རིམ་གྱིས་རྒྱུ་ཞིང་འདུག ངས་གོ་འདོད་པ་དེ་དག ངའི་རྣ་བའི་ཉེ་ས་ན་གོ་རྒྱུའི་སྐལ་བ་མེད། ད་ངའི་རྣ་བ་འདི་ཡང་རླབས་ཆེན་གྱི་ཏང་གིས་འོན་བཅུག་སོང་།
ངའི་ལྕེ་ལྐུགས་སོང་།
ངས་ཁ་ཡར་གྲག་ལ་ཏང་བཟང་རབས། ཁ་མར་གྲག་ལ་ཏང་བཟའ་རབས་བཤད་དགོས། འདི་ནི་བཤད་མི་འདོད་ཀྱང་བཤད་དགོས། ངའི་ཕོར་བའི་འདོགས་ཐག་གི་སྣེ་དེ་འདི་ན་ཡོད། ངའི་གོམ་པའི་འདེགས་འཇོག་གི་སྣེ་གཅིག་འདི་ལ་བཏགས་ཡོད། ང་ཏང་དང་རྒྱལ་ཁབ་ཟེར་བ་འདིའི་ཆེད་དུ་སྐྱེས་པ་མིན་ཡང་། དར་དམར་འོག་གི་གཟུགས་བརྙན་ཞིག་ཆགས་པ་ནས། སྨྲ་ལྕེ་འདི་ཡང་རང་ལ་དབང་མ་སོང་། ཏང་ལ་བསྟོད་གླུ་ལེན་དགོས་པའི་ངའི་ལྕེ། བླ་མར་དགག་པ་རྒྱག་དགོས་པའི་ངའི་ལྕེ། ངའི་ལྕེ་འདི་ལས་ངན་ཞིག་རེད། ངའི་སྨྲ་ལྕེ་ལྐུགས་སོང་།
ངའི་ལག་པ་ཆག་སོང་།
ངས་ལོ་རྒྱུས་ཀྱི་དོན་དངོས་བྲིས་མི་ཆོག བདེ་སྡུག་སྣང་རིས་བྲིས་མི་ཆོག སེམས་དང་བསམ་པ་བྲིས་མི་ཆོག ངའི་ལག་པ་འདི་དང་མཛུབ་མོ་འདིར། དར་དམར་འོག་གི་བདེ་སྐྱིད་ཟེར་བ་འབྲི་རྒྱུར་བཀག་འགོག་མེད། ཏང་དང་རྒྱལ་ཁབ་ཀྱི་ཐུགས་ཁུར་ཟེར་བ་འབྲི་རྒྱུར་བཀག་འགོག་མེད། ཡིན་ནའང་། རྩ་བའི་བླ་མ་དྲན་སྟངས་བྲིས་མི་ཆོག ཕྱི་ཡུལ་གྱི་སྤུན་ཟླའི་བྱས་རྗེས་བྲིས་མི་ཆོག དེ་ནི་ཏང་དང་རྒྱལ་ཁབ་ལ་རྒོལ་ལན་སློག་པའི་ཁྲིམས་འགལ་བྱ་སྤྱོད་ཅིག་ཏུ་བརྩི། དམག་མི་དང་མེ་མདས་མང་ཚོགས་བསད་རྨས་སྐོར་བྲིས་མི་ཆོག དེ་ནི་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་ཀྱི་ཉེས་པར་བརྩི། ངའི་ལག་པ་འདི་ངའི་ཆེད་དུ་ཨེན་ཙམ་ཡང་འགུལ་མི་ཆོག དེ་ནི་ང་སྐྱེས་པ་ནས་ད་བར་འགུལ་མ་མྱོང་བའི་ཆ་དེ་ཡིན། ངའི་ལག་པ་འདི་ལྟར་ཆག་སོང་།
དར་ཆ་དམར་པོ་འདིའི་འོག་ནས། ང་ལ་ཅི་ཡང་རག་མེད། ཅི་ཡང་ཐོབ་མེད། ད་ནི་ང་ལ་ཅི་ཡང་མེད། ངའི་མིག་ལོང་སོང་། ངའི་རྣ་འོན་སོང་། ངའི་ལྕེ་ལྐུགས་སོང་། ངའི་ལག་པ་ཆག་སོང་། ད་ལྟ་ང་ལ་དབང་བ་གཅིག་ཉིད་ནི། དབུགས་ལྷེམ་ཙམ་པོ་འདི་གཏོང་ལེན་གྱི་སྐལ་བ་འདི་ཙམ་ཁོ་ན་ཡིན། དར་མདར་འདིའི་འོག་ན། ང་ཚོ་འདི་ལྟར་ཡོད། དར་དམར་འདིའི་འོག་ན། ང་ཚོར་རང་དབང་ཟེར་བ་དེ་མེད།
གནས་སྟངས་འདིའི་འོག་ན། ང་ཚོས། སེམས་དང་བསམ་པའི་གཏིང་རུམ་ན་ཉར་བའི་རེ་འདུན་ཚང་མ་ཚིག་གཅིག་ཏུ་བསྡུས་པའི་འབོད་པ་རེ་བཏང་ནས་ཆས་འགྲོ་གི་ཡོད། འདི་ཁོ་ན་ང་ཚོའི་འགྲོ་ལམ་ཆགས་ཡོད།
ངའི་མྱོང་འཚོར་དངོས་མ་འདི་ན་འདུག།
བོད་ཆོལ་གསུམ་མི་མང་གི་གདུང་ཚོར་ངོ་མ་དེ་འདི་ན་ ཧ་ཅང་ཡག་པོ་དང་གསལ་པོ་ཞིག་བཀོད་བདའ་ བཀའ་དྲིན་ཆེ་ རྩོམ་འདི་རིགས་བསྡུ་གསོག་གྱིས་དབྱིན་ཡིག་ནང་བསྒྱུར་ཏེ་དེབ་ཆུང་ཞིག་དུ་དཔར་འགྲེམས་བྱེད་ཐུབ་ན་དགེ་ཕན་ཆེན་པོ་ཡོང་རེ་བདའ་།
མའོ་ཙེ་ཏུང་གདུག་རྩུབ་ངང་ལ་ཤི ཏིང་ཞོ་ཕིང་ཧམ་རྫུན་ངང་ལ་གྲོངས། ཅང་ཙེ་མིན་དབང་ཆ་རྩོད་ནས་འཆི་མིན་རོ་མིན་དུ་གྱུར་ཟིན། ཧུའུ་ཅིན་ཐོ་སྲོག་གཐོག་གཏོང་རྒྱུར་སྒྱུག་ནས་སྡོད་པ་མཚུངས་སོ། །
རེད།་ངོ་མ་རེད། རྒྱལ་ཚོགས་ཀྱི་འགྲོ་བ་མིའིཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ནང་དུའང་།
མི་རྣམས་ནི་སྐྱེས་དུས་ནས་རང་བཞིན་ལྷན་སྐྱེས་ཀྱིས་རང་དབང་ཐོག་ནས་སྐྱེས་པས་དེ་ལ་རང་དབང་གི་ཐོབ་ཐང་སོགས་ངེས་པར་དུ་དགོས་ཤིག་བཀོད་ཡོད་ཀྱང་གུང་ཁྲན་པ་ཚོས་དེ་ལ་བརྩི་མི་དགོས།
མི་རྣམས་ལ་རང་བྱུང་གིས་གྲུབ་པའི་དབང་པོ་སྣ་ལྔས་རང་རང་གི་ཡུལ་ལ་ལོངས་སུ་སྤྱོད་པའི་རང་དབང་གཏན་ནས་མེད་སོང་ན་དེ་ནི་འདོད་པའི་ཁམས་ཀྱི་འགྲོ་བ་མིའི་མཚན་ཉིད་རླག་སོང་བ་རེད། རྒྱ་དམར་གྱིས་གདུག་རྩུབ་ནི་རང་བཞིན་ལྷན་སྐྱེས་ཀྱི་མིའི་མཚན་ཉིད་དང་མི་མཐུན་པའི་བྱ་སྤྱོད་ངན་པ་ཞིག་ཡིན་པ་ནི་ཚད་མ་རིག་པའི་གཞུང་ལུགས་ལས་གྲུབ་པ་ཞིག་རེད།
तिब्बत में कोई मानव अधिकार नहीं है.
བོད་ནང་འགྲོ་བ་མིའི་ཐོབ་ཐང་ཡོད་མ་རེད།
There is no human right in Tibet.