བོན་རྒྱ་བསྟན་འཛིན་རབ་རྒྱས།
ངས་ཤེས་རིག་གི་ཞལ་པགས་ཕྱེ་ཙམ་ནས། ཁྱོད་ནི་འཇོན་པོ་མཐུར་མེད་ཀྱི་ཚོང་བ་རྒྱགས་པ་ཞིག་ཏུ་གོ་སོང་ལ། དཔའ་སྙིང་ཞུམ་མེད་ཀྱི་དོམ་ནག་སྣ་མེད་ཅིག་ཏུའང་ཐོས་མྱོང་། ནམ་མཁའ་དང་ས་གཞི་ཡུག་གཅིག་ཏུ་ཆ་ལང་རྡེབ་པའི་ལོ་ཟླ་དེ་ལའང་། ཁྱོད་ཀྱིས་ཤི་བོ་གྲངས་མེད་ཀྱི་བསྔོ་ཡིག་ཁྲི་ཕྲག་བདུན་ངར་སྐད་ཀྱིས་བསྒྲགས་ཤིང་། འཁྱག་ལ་གཟེར་བའི་མུན་ནག་གི་ལྕགས་སྒམ་ཞིག་ཏུ་ལོ་རྒན་དགུ་སྟོབས་ཀྱིས་བསྐྱལ་མྱོང་ཟེར།
ད་དུང་། བདེན་དོན་གྱི་ཁོ་ལག་སྟོབས་ཀྱིས་རྫོགས་པ་ཁྱོད་ཀྱི་དཔའ་ངར་སྙིང་སྟོབས་ལ་རིགས་ཞེན་གྱི་ཁྲག་རྩ་ལྡབ་ལོག་སྟོང་ཕྲག་གིས་འཕར་ཏེ། ཏང་སྲིད་གཞུང་གི་མཛོད་ཁང་རེ་རེ་ནས་སྟོན་པ་དང་སྟོན་པ་ལྟ་བུའི་ལྷ་སྐུ་ཞི་བདེ་བ་དག་གི་མགོ་སུག་འཐུས་ནས་འོང་ཞིང་། མུན་ནག་གི་ལོ་ཟླ་སྒུམ་པའི་འབུ་སྲིན་རེ་རེ་བཞིན་བརྩེ་བའི་ཕྱག་གིས་བཞབས་ནས་འོངས་པ་རེད་ཟེར། དེ་དུས། ཁྱོད་ཀྱིས་བོད་ཡུལ་སྟོད་སྨད་བར་གསུམ་གྱི་སྡུག་བསྔལ་ཆེན་པོའི་འོ་དོད་ལ་བྱམས་པའི་གཅེས་འཛུམ་བསྟན་ཞིང་།གཙབ་རལ་ལ་གྱུར་བའི་གསེར་གྱི་གླེགས་བམ་དག་ལ་ཆེས་ཐོག་མའི་རྡུལ་སྤྲུགས་ཀྱང་བཏང་བ་རེད་ཟེར། ད་དུང་ཁྱེད་ཀྱིས་ཏང་སྲིད་གཞུང་གྱི་ཁྱི་ཚོགས་ལ་ཁ་གཏད་ནས་གངས་རིའི་བླ་འབོད་བྱས་ཤིང་། མདུན་ཅོག་ལ་ཁུ་ཚུར་གྱིས་བསྣུན་པའི་ཆོམ་སྒྲ་གཅིག་བུས་ཀྱང་གྲོག་མའི་བླ་རྩ་བསྒུལ་སོང་ཟེར། ཡིན་ནའང་། ཟླ་བ་དང་སྐར་མའང་མེད་པའི་མཚན་ནག་དེར། ཁྱེད་ཀྱིས་དུག་ནག་ཕོར་བ་གང་ལ་ཞབས་བཏེགས་དང་བཅས་གཏན་དུ་བཞུད་སོང་བ་རེད་ཟེར།
པཎ་ཆེན་རྒྱ་སྟག་ངར་མ་ཁྱོད་གཏན་དུ་བཞུད་རྗེས། ཏང་ཚང་གི་ཧམ་པའི་ཁྲག་རྫ་བསྐྱར་དུ་བཟེད་ཅིང་། ས་སྟེང་གི་ལྷ་འདྲེ་གདོན་བགེགས་ཡོད་ཚད་ཕམ་ཉེས་ཀྱི་བསྒྲགས་གཏམ་ཐོག་མ་བསྒྲགས། ད་དུང་། ཁྱེད་ལ་དུག་ནག་གི་གསོལ་ཆང་འདྲེན་པའི་ཧ་ཐོ་དེའང་པེ་ཅིན་གསེར་གྱི་རི་ནས་གོང་མ་གནམ་གྱི་ཤེད་མོང་ལ་གྱུར་བ་རེད། དེ་ནི་བརྩེ་བའི་འཇིག་རྟེན་འདིའི་ལོ་རྒྱུས་ཀྱི་རྨ་ཁ་ཞིག་རེད་ལ། མཐོ་བའི་གངས་རི་འདིའི་བླ་སྲོག་གི་ཆག་སྒོ་ཞིག་ཀྱང་རེད། ཡིན་ནའང་། ཁྱོད་ཀྱི་བླ་སྲོག་ལ་གུས་པའི་འབྲོང་ནག་དར་མའི་རུ་དཔུང་ཞིག གངས་རིའི་ཕངས་བ་རུ་ལྷགས་ཡོད་ལ།རྫ་རིའི་ཧྲག་བར་ན་གསོན་ཡོད། འདི་ནི་གངས་རིའི་མཐོ་ཚད་ལས་བརྒལ་བའི་ཁྱེད་ཀྱི་རིགས་ཞེན་གྱི་རོ་མ་རུ་བགྲང་འོས་ལ།དགྲ་བཅོམ་འཆི་བདག་བདུད་འཇོམས་པ་ཁྱོད་ཀྱི་རེ་བའི་སྙིང་སྟོབས་ལའང་བཀུར་འོས་སོ། །
ལྷ་ཆེན་དོམ་ནག་སྨྱོན་པ་ཁྱོད་དུར་ཁྲོད་ནས་བསྐྱར་ལངས་མ་བྱས་ཀྱང་། བདེ་བའི་འཇིག་རྟེན་གྱི་དཔལ་ཡོན་ལ་མ་རོལ་བར། སླར་ཡང་མིག་ཆུ་འདྲེན་འོས་པའི་གངས་རིའི་ཐུ་འོག་ལ་འཛུལ་ཞིང་། ཕྱག་གིས་སྐྱོར་མཁོ་བའི་ཁ་བའི་ལྷ་འབངས་ལ་ཞུགས་སོང་།
ཡིན་ནའང་། གྲོག་མའི་ཇུས་འགོད་དང་ཁྱི་སྤྱང་གི་ཁ་འཐབ་བར་ནས། ལྷ་སྲས་གསེར་གྱི་མར་ལོ་ཁྱོད། རང་གི་ལྟེ་མཚན་གྱིས་ཟོས་པའི་རི་ཆུ་ལུང་གསུམ་གྱི་མཛེས་སྡུག་གཞིབ་མ་ཐུབ་པར། རང་གི་ཟུངས་ཁྲག་གིས་བསྐྱེད་པའི་ལང་ཚོའི་གཟི་དཔལ་ངོམས་མ་ཐུབ་པར། ད་དུང་། བརྩེ་བའི་ཡུམ་ཆེན་མའི་ཞིམ་མངར་གྱི་ནུ་ཞོ་ཀྱང་མ་གློད་གོང་། གྲང་གཟེར་རྒྱག་པའི་ལྕགས་མཁར་སྒོ་མེད་དེར་བཅུག་སོང་། དེ་ནི་ས་ཆེན་པོ་ལ་དྲིས་པའི་རྡོ་རྗེ་དྲི་ཚིག་ཅིག་རེད་ལ། དེ་ནི་ལྷ་ཆེན་པོ་ལ་གཏད་པའི་རྡོ་རྗེ་ཟུར་ཟ་ཞིག་ཀྱང་རེད། དྲི་བ་འདིར་ཨ་ལན་སྟེར་བའི་ས་ཆེན་པོའི་བདག་པོ་ཞིག་དཀོན་ཚོད་ཡིན་ནའང་། ཟུར་ཟ་འདིར་རྡོག་ལ་བརྫི་བའི་འབྲོང་རྒོད་ནི་གྲངས་མེད་པ་སྟེ། དྲོད་ཀྱིས་བཟུང་བའི་ཚེ་སྲོག་རེ་རེའང་སྒོར་ཟུར་འགའི་རིན་འབབ་ཀྱི་དུ་བ་རྐང་རེ་ལྟར་མེ་ལ་བགོས་ཤིང་། འབར་ཞུན་རྐང་རེ་ལྟར་སག་སག་མེ་ལ་བསྒྲོན་གྱིན་ཡོད།
ངའི་ལྷ་སྲས་དོམ་ནག་སྣ་མེད་ལགས། ཁྱོད་ནི་དགྲ་བཅོམ་པ་འཆི་བདག་བདུད་འཇོམས་དངོས་དེ་ཡིན་པས།ལྕགས་མཁར་ལ་གཏད་ནས་ཀྱང་ཕ་དམ་པའི་སྙིང་སྟོབས་འཆང་དགོས་ལ། ཁྱི་སྤྱང་ལ་བཏུད་ནས་ཀྱང་བླ་སྲོག་གི་ང་རྒྱལ་ལ་བཞེངས་དགོས། འདི་ནི་ས་མཐའ་ནས་སེམས་ལ་གས་ཁ་ཅན་གྱི་བུ་ཕོ་ཞིག་གི་རེ་བ་ཡིན་ལ། འདི་ནི་རྫ་བར་ནས་སྙིང་དམར་ཁྲག་གིས་བརྫིས་པའི་འབྲོང་རྒོད་ཅིག་གི་ལ་རྒྱའང་ཡིན། འབྲོང་དར་མའི་ཚེ་མཐའ་མཚོན་ལ་གཟེད་ཅིང་། སྟག་ཤར་རའི་ལས་མཐའ་ཁྲག་གིས་གཅོད་དགོས་པ་སུས་ཀྱང་མ་བྱས་པའི་ལས་འབྲས་གོར་གོར་དེ་ཡིན་པས། ང་ཚོ་ལ་ནམ་དུའང་སྤོབས་པ་དང་མགོ་བོ་ལས་ཅི་ཞིག་དགོས།
ལྷུག་རྩོམ་འདི་སྤྱི་ལོ་༢༠༡༡ལོའི་ཟླ་༤ཚེས་༢༥ཉིན
པཎ་ཆེན་ལགས། རིན་པོ་ཆེ། བོད་གངས་ཅན་ལྗོངས་ཀྱི་དཔའ་བོའི་རྗེ་གཅིག དུས་ནམ་ཡང་སྙིང་ཁོངས་ནང་ཡོད། ས་ཡ་དྲུག་གི་ཁྲག་དྲོན་མོ་ནང་རྒྱུགས་གིན་ཡོད།
བོད་ཀྱི་རྩོམ་པ་པོ་བསྟན་བོད་ཀྱི་བྲིས་པ་འདི་ལ་རིན་ཐང་དངོས་གནས་ཆེན་པོ་འདུག་ད་དུང་ཡང་མུ་མཐུད་བཞིན་དུ་་་་་་་་་་་
བོད་ཀྱི་རྩོམ་པ་པོ་བོན་བསྟན་ལགས་ཀྱི་བྲིས་པ་ལ་རིན་ཐང་དངོས་གནས་འདུག་ཁྱེད་ཀྱི་མུ་མཐུད་བཞིན་འབྲི་རོགས་མི་མང་པོ་ཞིག་ལ་ཕན་ཐོག་ངེས་རེད་དྲན་སོང་ལགས།
རྩོམ་འདི་ཀློག་ཡིན། གྱེར་འདོན་ཉན་ཡིན། ཡག་པོ་འདུག དྲན་འོས་པའི་ངའི་རྩ་བའི་བླ་མ།