མིག་གསུམ་པ། ལྡི་ལི
རྟག་བརྟན་མེད་པའི་འཁོར་བ་འདིའི་ཕྱི་ནང་
ཅི་ཡང་མ་མཐོང་བའི་མིས་བཟོས་ལྡུམ་རྭ་ཆེན་པོ་ཞིག
འཁོར་བར་གནས་པའི་དགེ་སྡུག་གི་བྱེད་པོ
ངའི་ཁོར་ཡུག་གི་མེ་ཏོག་བཅོམ་བྱེད་ཀྱི་ཆར་བ་ཞིག་དང་ཀུན་ནས་མཚུངས
ཆར་བ་བབས་ཐེངས་ཤིག་གིས སེམས་པ་འདི་མགོ་ལྕོག་ལྡེམ་པར་བྱས་པའི་མེ་ཏོག་ཕོན་པོ་ཞིག་ཏུ་བསྒྱུར
ཆར་བ་བབས་པ་དེ་
དུས་བཞི་འགྱུར་ཚུལ་ཞིག་ཡིན་ཡང་ཆོག་མོད
གཡུ་འབྲུག་གི་ངར་སྐད་མེད་པའི་ཆར་བ་འབབ་ཐེངས་རེ་རེར
བདག་གི་སེམས་པ་འདི་བྲག་ལ་བསྣུན་པའི་ཤ་ཁྲག་གི་ཕུང་བོ་ཞིག
བདག་གི་སེམས་པ་འདི་མེ་ལ་བསྲེགས་པའི་འུ་ཐུག་གི་འོ་དོད་ཞིག
སེམས་པ་འདིའི་ཁ་དོག་མཐོང་འདོད་ན
སེམས་པ་འདིའི་རེག་བྱ་མྱང་འདོད་ན
རི་གསུམ་གྱི་རྩེ་ནས་འཕྱུར་བཞིན་པའི་སྨུག་པ་དེའི་ཕྱི་རོལ་ན་མེད
ལུང་གསུམ་གྱི་མདོ་ནས་བཞུར་བཞིན་པའི་གངས་ཆུ་དེའི་རང་གཤིས་མིན
འཁྱགས་རོམ་ཡོད་པའི་ཆུ་མིག་དེའི་གསེང་ནས་མངོན་ཡོང་
བུ་ཡུག་འཚུབ་པའི་དགུན་གཞུང་དེའི་ཀློང་ནས་མཆེད་ཡོང་