…….རྩེ་སྐར།
རང་རེ་བོད་མི་རིགས་ཀྱི་རྩོམ་རིག་ལ་དུས་རབས་སོ་སོའི་ཁ་ཕྱོགས་དང་བསྟུན་འགྱུར་ལྡོག་ཆེན་པོ་ཞིག་བྱུང་ཞིང༌། ཁྱད་པར་དུ་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྒྱུན་དང་འགྲོགས་ཏེ་རྩོམ་རིག་ལའང་འཕེལ་རྒྱས་རང་བཞིན་གྱི་རྣམ་པ་གསར་གཏོད་དང༌། བྱེ་བྲག་གི་གྲུབ་ཆ་མང་པོ་ཞིག་ས་ཁྱབ་རྡོ་ཁྱབ་ཏུ་དར་ཏེ། རྩོམ་པ་པོའི་རྣམ་དཔྱོད་ཀྱི་རྩལ་དང་གཤིས་སྤྱོད་ཀྱི་ཁྱད་པར་གྱིས་རྩོམ་གཤིས་དང་རྩོམ་སྟངས་ཀྱི་རྣམ་པའང་མི་འདྲ་བ་སྣ་ཚོགས་ཤིག་འབྱུང་གིན་ཡོད། དེ་ལ་སྙན་ངག་ལྟ་བུར་མཚོན་ན་གནའ་བོའི་སྲོལ་རྒྱུན་སྙན་ངག་དང་ཐབས་གཅིག་ཏུ་དེང་གི་སྐབས་ན་སྙན་ངག་གསར་པའམ་རང་མོས་སྙན་ངག་ནི་རང་རེའི་སྤྱི་ཚོགས་ཁྲོད་རྣམ་པ་གསར་བྱུང་གི་རྩོམ་རིག་བྱེ་བྲག་པ་ཞིག་གི་ཚུལ་ཅན་དུ་དར་འཕེལ་བྱུང་ཡོད། དེ་ནི་རྩོམ་པའི་གྲུབ་ཆ་དང་རང་བཞིན་སོགས་རྣམ་པ་གསར་རྐྱང་གི་ཚུལ་ཏུ་གསར་གཏོད་བྱས་པ་ཞིག་ཡིན་ནའང་འདྲ། ཡང་ན་མི་རིགས་གཞན་པའི་སྲོལ་བྱུང་རྩོམ་རིག་ཅིག་གི་སྣང་བརྙན་ལས་ཚུར་བསྡུ་ཕབ་ལེན་བྱས་པའི་རྩོམ་རིག་ཅིག་ཡིན་ནའང་འདྲ། གང་ལྟར་རང་མོས་སྙན་ངག་གིས་ནི་དེང་གི་སྐབས་ན་བོད་སྤྱི་ཚོགས་ཁྲོད་སྙན་ངག་པའི་ཚོགས་སྡེ་ན་གོ་གནས་ཤིག་བཟུང་སྟེ། རྒན་དར་གཞོན་གསུམ་གྱི་སྨྱུག་ཁ་འདི་ལ་ཕྱོགས་ཤིང་འདི་ལ་གོམས་ནས་ཡོད་ཚུལ་འདིར་གཞིགས་ན། དེང་རབས་རང་མོས་སྙན་ངག་གི་བསྟན་པ་དར་བའི་དུས་ཤིག་ཡིན་པར་སྣང་མོད། འོན་ཀྱང་དེང་རབས་རང་མོས་སྙན་ངག་ལ་འགའ་རེ་ནས་སྙན་ངག་རྐང་ཆག་མ་ཟེར་ནས་སྨྲ་བ་དེ་མཚུངས། རང་མོས་སྙན་ངག་གི་གྲུབ་དོན་གྱི་ཆ་ནས་ཚིག་གི་ཚེག་བར་དོ་མི་མཉམ་པའམ། ཚིག་རྐང་སྔ་ཕྱིར་རིང་མཐའ་དང་ཐུང་མཐའི་བར་ཁྱད་བཏོད་ཙམ་གྱི་གྲུབ་སྟངས་ཤིག་གི་སྲོལ་ན་རང་མོས་སྙན་ངག་ནི་སུས་ཀྱང་བྲིས་ཆོག་ཆོག་ལྟ་བུ་ཞིག་སྟེ། ཚིག་གི་རྐང་པ་ཆ་མི་མཉམ་པར་གང་བྲིས་པ་ཐམས་ཅད་པོ་རང་མོས་སྙན་ངག་ཡིན་གཞིར་བཞག་གི་འདུ་ཤེས་འཛིན་སྟངས་ཤིག་ཆགས་ཏེ། ལ་ཤས་ཀྱིས་བྲིས་པའི་རང་མོས་སྙན་ངག་ཚིག་གི་རྐང་པ་ཐད་ཀར་ལྷུ་རྐང་བསྒྲིགས་ན་ལྷུག་མའི་རྩོམ་ཞིག་རང་བཞིན་དུ་གྲུབ་འདུག་པ་དང༌། ལ་ཤས་ཀྱིས་ཚིག་གི་སྔ་ཕྱི་གོ་ལྡོག་དང་འབྲེལ་མི་ཆགས་པར་ཚིག་མཚམས་བཙན་གྱིས་བཅད་གཏུབ་ཀྱིས་བྲིས་འདུག་པའི་སྣང་ཚུལ་འདི་དག་དང་འབྲེལ། རང་མོས་སྙན་ངག་ནི་སྒྲིག་འཛུགས་ཅི་ཡང་མེད་པར་བློ་ལ་གང་ཤར་ངག་ལ་ཅི་ཡོང་བྱུང་རྒྱལ་དུ་བྲིས་ཆོག་པ་ལྟ་བུ་ཞིག་ཏུ གྱུར་འདུག ཚུལ་འདི་ལ་གཞིགས་ཏེ་བསམ་བློ་ཞིག་བཏང་ན། རྩ་བའི་ཆ་ནས་རང་མོས་སྙན་ངག་ལ་གཞུང་ལུགས་ལྟ་བུའི་གཞི་རྐང་འཛིན་ས་ཞིག་མེད་ནའང༌། རང་གྲུབ་གྱི་སྒྲིག་འཛུགས་སམ་གྲུབ་དོན་གྱི་དགོས་སོགས་ཆོས་བཞི་ལྟ་བུའི་བདག་རྐྱེན་ཞིག་ཚང་དགོས་ངེས་ཀྱི་འདོད་ཚུལ་འདི་འབྲེལ། དོན་དམ་དུ་རང་མོས་སྙན་ངག་བབ་ཅོལ་དང་བྱུང་རྒྱལ་དུ་སྨྲ་ཆོག་པའི་སྐད་ཆའི་གྲུབ་རིམ་གྱི་མུ་ནས་མི་འཇོག་པར། རང་མོས་སྙན་ངག་སྒེར་ལ་བདོག་པའི་གདོང་གཤིས་ངོ་མ་ཞིག་ལྷང་འབུད་རྒྱུ་ནི་གཞི་རྩའི་དོན་གནད་ཅིག་ཡིན་པས། ང་ཚོས་དེང་རབས་རང་མོས་སྙན་ངག་ལ་གཤག་བཅོས་དང་དག་ཐེར་བྱེད་པའི་བགྱི་བ་ཞིག་བརྩམ་དགོས་པར་འདོད་དོ།།
སྐད་ཆ་ེེེརྡོག་རྡོག་ཅིག་འབྲི། རང་མོས་སྙན་ངག་ཟེར་བ་དེ་བརྗོད་བྱའི་ཆ་ནས་འཇོག་གམ་རྗོད་བྱེད་ཆ་ནས་འཇོག
ཁ་གསལ་ཞིག་བཤད་རོགས།
ང་ཡང་ཐོན་ཡོད་་་གཞན་ནས་སྐྲན་གྱི་སྦྲུལ་བས་ཀྱང་བཀླགས་ཟིན་པ་ཡོད། ཞར་ནས་ཉིད་ལ་ཁམས་འདྲི་དང་བཅས།
་་་་་་རྩེ་སྐར་ལགས།
ཁྱེད་ཀྱི་བརྩོམ་ཞིག་བསྔགས་བྲཇོད་ཡོད། བཀའ་དྲིན་ཆེ། ཁྱེད་བརྩོམ་པ་པོ་ཞིག་ཡིན་པའི་ཆ་ནས་དྲང་བདེན་པ་ཡིན་པས་ངས་ཁྱེད་ལ་དྲི་བཞིག་ཆོག་པར་གནང་། ལན་བདེན་པ་ཞིག་གནང་རོགས།
ཉེ་ཆར་ཨོ་སུ་ཌི་ལིའུ་ཡའི་ོགས་ཆེན་ཐོག་ཏུ་བླ་མ་ཞིག་གིས་ཕྱི་རྒྱལ་དུ་སྡོད་པའི་བོད་མི་ཀུན་གྱི་བར་ལ་འབྲེལ་ལམ་ཡག་པོ་དགོས་པ་དང་། ཆིག་བསྒྲིལ་གྱིས་རིག་ཞུང་དང་ཆབ་སྲིད་ཀྱི་གནས་སྟང་ཡར་རྒྱས་བཏང་དགོས་པའི་འབོད་བསྐུལ་བཏང་། མ་ཟད་རོགས་རེམ་ཅི་ཞིག་དགོས་ན་ཁོང་དང་ཁོང་གི་ཆོས་ཚོགས་ནས་རོགས་བྱེད་རྒྱུན་ཡིན་པའི་ཡི་གེ་ཤོག་བུ་ངོ་བྱོས་༡༠༠ ཡས་མས་ཞིག་ཁྱེད་རང་བརྒྱུད་ཏེ་ཕུལ་ཡང་། ས་གནས་ཚོགས་གཙོ་སོགས་ཀྱིས་བཀག་འགོག་གྱིས་ཚང་མ་གད་རྙིད་ཁྲོད་དུ་གཡུག་པ་རེད་ཟེར་གྱི་འདུག། དེ་བདེན་པ་རེད་དམ། ལན་གསུང་རོགས་གནང་།
བློ་གསལ་ལགས་ལ་ལན་དུ། ཁོ་བོ་རྒྱ་གར་ནང་དྷ་རམ་ས་ལའི་ཉེ་འགྲམ་ནོར་གླིང་དུ་ནོར་ལྡེ་ཚགས་པར་གྱི་རྩོམ་སྒྲིག་པ་བྱེད་མུས་ཀྱིས་ཡོད། ཁོ་བོ་ཨོ་སུ་ཌི་ལིའུ་ཡའི་ཚོགས་ཆེན་ཐོག་ཏུ་མ་སོང་ལ། བླ་མ་ཞིག་གིས་ཁོ་བོའི་ལག་ཏུ་ཡི་གེ་དེ་འདྲ་ཞིག་གཏན་ནས་བཞག་མེད། མ་ཟད་གནས་ཚུལ་འདི་ཁོ་བོས་ཁྱེད་ཀྱི་ཁ་ནས་མ་གཏོགས་གོ་མ་མྱོང་།རྩེ་སྐར་ནི་ཁོ་བོའི་སྨྱུག་མིང་ངམ་དྲ་མིང་ཡིན། མིང་གཞན་འགར་ཚེ་རྒྱལ་ཡང་ཟེར། དངོས་མིང་ལ་བློ་བཟང་རབ་རྒྱས་ཟེར། གནས་ཚུལ་དེ་འདྲ་ཞིག་བྱུང་ཡོད་མེད་མི་ཤེས་ལ། གལ་སྲིད་བྱུང་ཡོད་པའི་དབང་དུ་བཏང་ནའང་ཉིད་ཀྱིས་རྩེ་སྐར་ཟེར་བ་དེ་མི་གཞན་ཞིག་ལ་ནོར་ཡོད་ལོས་ཆེ་བས། དེང་ཕྱིན་ལས་ཅི་ཞིག་བསྒྲུབ་ན་གསལ་ཁ་དང་དོན་དངོས་མ་ཤེས་པར་གང་བྱུང་མི་སྒྲོག་རྒྱུ་ནི་མིའི་སྤྱི་ཚོགས་འཆམ་མཐུན་ཡོང་བའི་གཞི་རྩ་ཡིན་པ་དང་། རང་ཉིད་མི་ཞིག་ཡིན་པའི་ངོས་ནས་རྩ་བའི་དྲང་བདེན་གྱི་ཀུན་གཤིས་ཤིག་ཡིན་པ་སེམས་ལ་འཛིན་རྒྱུ། རྩེ་སྐར་གྱིས།
མེ་ཏོག་དཀར་པོར་ལན་དུ། སྤྱིའི་ཆ་ནས་རང་རེ་ལ་རང་མོས་སྙན་ངག་གི་གཞུང་ལུགས་ལྟ་བུ་ཞིག་མེད་པར། བྱུང་རྒྱལ་ལམ་རང་མོས་ཀྱི་སྒོ་ནས་འབྲི་བ་ལ་ཞུགས་བཞིན་ཡོད་པའི་ཉེས་བྱས་ཀྱིས། ཁོ་བོར་ཡང་རང་མོས་སྙན་ངག་གི་གྲུབ་ཆའི་ཕྱོགས་ནས་གཏན་ཚུགས་རང་བཞིན་དང་ངེས་གཏན་ཡོད་པ་ཞིག་གླེང་དུ་མེད་ལགས། ཡིན་ནའང་སྤྱིར་རྩོམ་རིག་ཅིག་གི་རྩ་བའི་གྲུབ་སྟངས་ལ་དཔག་སྟེ་དེའི་གཤིས་ལུགས་དང་རང་བཞིན་གྱི་ཆ་སོགས་ལ་ཚོར་ཤེས་ཀྱིས་བསེད་བརྡར་བགྱིས་ན། བྱེ་བྲག་གི་རྩོམ་རིག་གང་དེ་རང་གནས་སུ་ཇི་བཞིན་སྡོད་ལུགས་དེ་ཕལ་ཆེར་ངེས་རྟོགས་ཐུབ་པ་ཞིག་གི་ཚོད་དུ་ཡོད། དེ་བས་ན་རང་མོས་སྙན་ངག་ནི་ངག་ལ་གྱེར་དབྱངས་རན་ཞིང་འོས་པའི་ཚིག་འགྲོས་ཤིག་གི་ཀློང་དུ་མངོན་འདུག་པས། རང་མོས་སྙན་ངག་ཅེས་མིང་གི་གྲུབ་རིམ་གྱིས་མཚོན་སྒྱུ་རྩལ་ཚིག་གི་རུང་ཐུང་དང་མཐོ་དམའ་འདེགས་འཇོག་བཅས་ཀྱི་ཐད་ཆ་ནས་བལྟས་ན་རང་མོས་སྙན་ངག་ནི་རྗོད་བྱེད་ཚིག་གི་སྒོ་ནས་འཇོག་དགོས་པར་སྙམ་མོ། རྩེ་སྐར་གྱིས།
བློ་བཟང་རབ་རྒྱས་ལན་གནང་བར་བཀའ་དྲིན་ཆེ། རྩེ་དཀར་ཟེར་བ་ཞིག་ཨོ་སུ་ཌི་ལིའུ་ཡ་རུ་ཡོད་པ་རེད། ཁོ་ཡང་རྩོམ་འབྲི་འདུག་མཁན་ཞིག་ཡིན་པས་ཁྱེད་ཡིན་ཆད་བྱས་པ་རེད། བློ་སྨོངས་བས་བསམ་བློ་ཡག་པོ་མ་བཏང་བ་རེད་མ་གཏོགས་མིང་གཅིག་ཅན་མང་དུ་ཡོད་ཆོག་པ་རེད། བཀའ་དྲིན་ཆེ།
རྩེ་སྐར་ལགས་བཀྲ་ཤིས་བདེ་ལེགས།
རང་མོས་སྙན་ངག་གི་ངོ་བོ་འཇོག་ཚུལ་ཇི་ལྟར་ཡིན་ནམ། གོང་ཏུ་སྤྱི་བཤད་ཙམ་གནང་ཟིན་ནའམ་གུས་མོར་ངེས་ཤེས་ད་དུང་གང་ལེགས་ཤིག་མ་རྙེད་པས་སླར་ཡང་ཁ་གསལ་གོ་བདེའི་ལན་ཞིག་གནང་རོགས།།
རེད། སྙན་ངག་ཟེར་བ་དེ་རྗོད་བྱེད་ཚིག་དང་བརྗོད་སྟངས་རྣམ་འགྱུར་ལ་འཇོག་དགོས་པ་འདྲ་སྣང་མོད། རང་མོས རིང་ལུགས་པས་མེ་ལོང་མ་མེར་སྲེག་གཏོང་དགོས་པ་དང་མེ་ལོང་མ་ཁྲིམས་དམ་ལུགས་ཤིག་བཤད་གིན་འདུག་ལ་འགའ་ཤས་ཀྱིས་སྲོལ་རྒྱུན་སྙན་ངག་ཟེར་བ་དེ་ལྷ་བླ་མ་ལ་བསྟོད་པ་དང་ཆོས་དང་འབྲེལ་བའི་བརྗོད་བྱ་བྱས་པ་རྐྱང་ཡིན་པའི་སྐྱོན་བརྗོད་བྱེད་སྟངས་ལ་དཔག་ན་བརྗོད་བྱའི་སྒོ་ནས་ཀྱང་འདི་གཉིས་ཀྱི་ཁྱད་པར་ཡོད་པ་ལྟར་བསྟན་མོད། དེ་ནི་ཅུང་མི་འོས་སྙམ། བོད་ཀྱི་རང་མོས་སྙན་ངག་པའི་ཤིང་རྟ་པ་དོན་གྲུབ་རྒྱལ་གྱིས་བྲིས་པའི་ལང་ཚོའི་རྦབ་ཆུ་ལྟ་བུ་རང་མོས་སྙན་ངག་གི་ཚད་དུ་འཇོག་ན་དངོས་ནས་ལེགས་པ་ལ་ཚོད་མེད་པ་ཞིག་རེད་འདུག་སྟེ། དེང་སང་རང་མོས་སྙན་ངག་ཏུ་གྲགས་པ་མང་ཆེ་བ་ནི་ག་རེ་བརྗོད་འདོད་པ་དང་ཅི་ཞིག་བཤད་གིན་ཡོད་པའང་ཧ་གོ་གི་མིན་འདུག