དྲ་རྒྱ་ལ་ཞུགས་པའི་ཡིད་མཐུན་གྱི་གྲོགས་པོ་རྣམས་པར་ཞུ་རྒྱུར། ད་ལམ་ང་ཚོས་འབའ་རོམ་དྲ་བ་ཟེར་བའི་དྲ་བ་ཞིག་སྒོ་ཕྱེས་ཡོད་ལ། འདིའི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་ཆོས་དང་རིགས་གཞུང་དེ་མ་ཟད་པའི་དྭགས་བརྒྱུད་ཆེ་བཞི་ཡ་རྒྱལ་དཔལ་ལྡན་འབའ་རོམ་བཀའ་བརྒྱུད་ཀྱི་ལོ་རྒྱུས་དང་གནས་རི་སོགས་ལ་ཉམས་ཞིབ་དང་ཤེས་འདོད་ཡོད་པ་རྣམས་ཀྱི་ཆེད་དུ་བཟོས་པ་ཡིན། འདི་ཡི་ནང་ནས་བོད་ཀྱི་ཆོས་དང་རིགས་གཞུང་འབའ་རོམ་བཀའ་བརྒྱུད་ཀྱི་ལོ་རྒྱུས་དེ་ཚོ་དང་འབྲེལ་བའི་པར་དང་བརྙན་པར་བཞད་སོགས་བལྟ་ཀློག་ཐུབ་པ་མ་ཚད་མི་སོ་སོས་ཟིན་བྲིས་སྤེལ་ན་ཡང་འགྲིག་ཀྱི་ཡོད། འདི་ཡི་ནང་དུ་རྒྱ་ཆེ་ཀློག་པ་པོ་མང་ཙམ་ཕེབས་ཐུབ་པའི་རེ་བ་ཡོད། །
དྲ་རྒྱའི་ཁ་བྱང་ནི། (www.barompa.org)ཟེར་བ་དེ་ཡིན། །
ང་ཚོའི་དྲ་བ་ལེགས་གྲུབ་ལ་དགའ་བསུ་ཚད་མེད་ཞུ། བཀྲ་ཤིས་བདེ་ལེགས།
མུ་མཐུད་མཇུག་སྐྱོང་ཚགས་ཚུད་ཡོང་བའི་རེ་སྨོན་ལྕི།
“།མདོ་དོན་ཧྲིལ་གྱིས་དྲིལ་ན་རྣམ་པ་ཀུན། །ལྷག་བསམ་གངས་ཀྱི་རི་ལྟར་རབ་དཀར་བའི། །བྱམས་པའི་ལས་དང་ངག་དང་སེམས་ཀྱིས་ནི། །ཀུན་ལ་རང་མཁོས་དང་བསྟུན་སྲིད་ཞུར་བཅས། །ཕན་སེམས་བསམ་བཟང་བྱེད་པ་ཞལ་ཏ་ཡིན།”
ཞལ་ཏ་བཅོ་བརྒྱད་མ་ལས།
འབའ་རོམ་དྲ་བ་གསར་དུ་དབུ་བརྙེས་པར་བཀྱ་ཤིས་བདེ་ལེགས་ཞུ།
བཀྲ་ཤིས་བདེ་ལེགས་ཞུ།།
རྗེས་སུ་ཡི་རིང་སྟེང་ལ་བཀྲ་ཤིས་བདེ་ལེགས་བཞག་ནས།
འཁྲུངས་སྐར་ལ་རྟེན་འབྲེལ་ཞུ།
ཐུགས་རྗེ་ཆེ་ལྷག་་བསམ་དེ་ལ་ཤེས་རབ་གཅིག་ངེས་པར་དུ་འབྲེལ་དགོས་ལ་ད་དུང་ལོ་རྒྱུས་དེ་རྣམས་ལ་ཞིབ་དཔྱོད་དང་ཡར་རྒྱས་བདེན་ཚིག་ཤ་སྟག་གི་ལམ་ནས་ཡར་རྒྱས་གཏོང་རྒྱུ་རེ་སྨོན་ཡོད།
རྡོ་རྗེ་ནས
འབའ་རོམ་པ་རྣམས་རང་རྐང་ཚུགས་ཐུབ་པའི་རེ་འདུན་དང་། ཝ་མོ་སེང་ལྤགས་བྱོན་མཁན་འགས་འབའ་རོམ་འཚོང་བྲབ་བྱས་པ་དང་། བྱི་ལ་བླམ་བརྫུས་པ་འགས་ཙི་ཙི་དག་མཆོད་རྟེན་ལ་སྐོར་བ་རྒྱག་པར་བཏང་བ་ལྟར་ད་ལྟའི་སྐབས་འདིར་འབའ་རོམ་ཆོས་རྒྱུད་ཉེས་ཁ་ཆེ་བར་རྣམས་པ་ཚོ་ཟབ་གལ་ཆེ།
བཀྲ་ཤིས་བདེ་ལེགས།
འབའ་རོམ་ཆོས་རྒྱུད་བོད་དང་། རྒྱ་གར། བལ་ཡུལ་སོགས་སུ་ཇི་ལྟར་ཡོད་མིན་བསྐོར་གསལ་བཤད་ཞིག་གནང་རོགས།
འབའ་རོམ་དྲྭ་བ་གསར་དུ་དབུ་འབྱེད་གནང་བར་སྙིང་ཐག་པ་ནས་རྗེས་སུ་ཡི་རང་དང་།་་་སླད་མར་ཆེ་བཞི་ཆུང་བརྒྱད་གང་ཡིན་རུང་གཅིག་གཅིག་ལ་ཁག་དཀྲི་དང་ཕུང་དཀྲུགས་མེད་པའི་སྒོ་ནས་དངོས་ཡོད་ལ་གཞི་བཅོལ་ནས་འབའ་རོམ་ཆོས་བརྒྱུད་ཀྱི་བྱུང་རིམ་དང་།་་་ལྟ་བ།་་་སྤྱོད་པ་སོགས་དེའམ་དེ་དང་འབྲེལ་བའི་གནས་མང་པོ་ཞིག་རྒྱུ་མཚན་དང་འབྲེལ་ནས་ལྷུག་པོར་གྲོལ་བར་ཡང་ཡང་སྨོན་ལམ་ཞུ།
ཐོག་མར་ངེད་ཚོ་འབའ་རོམ་དྲ་བ་ལ་ཞུགས་མཁན་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་དུང་མི་འཐུད་ནས་ནང་ལོགས་འདི་ཚོ་ཡར་རྒྱས་བཏང་རྒྱུ་ཡིན། རྒྱ་གར་བ་ཡུལ་ལ་ལོ་རྒྱུས་ཀྱི་དབང་དུ་བྱས་ན་དགོན་པ་འགའ་ཤས་ཤིག་འདུག ། བལ་ཡུལ་ལ་ཆགས་བཞག་ན་ཀར་རྙིང་བཤད་སྒྲུབ་གླིང་དང་དེའི་ཡན་ལག རྒྱ་གར་ལ་རི་ཕ་བག་ཡོད་དགོན་པ་འདི་ལྷོ་ཕྱོགས་སུ་ཡོད་རེད། རྡ་རམ་སའི་ཉེ་བསྐོར་སྦིར་རི་ལ་འབྲི་རི་དགོན། བལ་ཡུལ་ནས་ཁྲ་རུག་དགོན་སྔོན་མ་རེད་ཟེར་བ་ཞིག་གོ་སོང་ཏེ་ངེས་བརྟན་ཤེས་མ་སོང། ད་ལྟ་འབའ་རོམ་རིང་ལུགས་འཛིན་མཁན་བསྟན་སྙིང་རིན་པོ་ཆེའི་དགོན་པ་ཡོད་རེད། དེ་མ་ཏོག་གཞན་པ་ཕལ་ཆེར་འགྱུར་ཚར་བ་འདྲ། བོད་ལ་ད་ལྟ་ཏོག་ཙམ་འདུག རྗེས་སུ་རིམ་པས་དེ་ཚོའི་ལོ་རྒྱུས་བཏང་གི་ཡིན།
༄༅། །སྐྱོ་བྲག་དགོན་པའི་གསལ་བཤད་མདོར་བསྡུས།
ཨོཾ་སྭཱ་སྟི།
གདམས་ཟབ་མ་དྲོས་མཚོ་ཆེན་ལས་འོང་པའི། །
མན་ངག་ནོར་བུས་ཐུགས་རྒྱུད་ཕྱུག་པ་ཅན། །
ཏཻ་ལོ་ནཱ་རོ་མར་མི་དྭགས་གསུམ་སོགས། །
འགྲོ་མགོན་བཀའ་བརྒྱུད་པ་ལ་གུས་པས་འདུད། །
དེའང་གདན་ས་ཆེན་པོ་སྐྱོ་བྲག་སྤྱི་འབྱམས་ཕུན་ཚོགས་ཐུབ་བསྟན་བཤད་སྒྲུབ་དར་རྒྱས་གླིང་འདི་ཉིད་གང་དུ་ཆགས་པའི་གནས་ནི། འཛམ་གླིང་ས་ཡི་སྟེང་དུ་ནོར་བུའི་ཏོག་ལྟར་མངོན་པར་མཐོ་བའི་གངས་ཅན་བོད་ཀྱི་ཡུལ་ལྗོངས་འདིར། མདོ་དབུས་ཁམས་གསུམ་དུ་གྲགས་པ་ལས། མདོ་ཁམས་གནས་ཆེན་ཉེར་ལྔའི་སྐུ་ཡི་གནས་མཆོག་སྐྱོ་བྲག་སྤྱི་འབྱམས་ཞེས་གུ་རུ་པདྨའི་སྒྲུབ་གནས་གྲགས་ཅན། སྐུ་ཡིག་འབྲུ་དང་ཕྱག་མཚན་གྱི་བཀོད་པ་འབྱམས་སུ་ཀླས་པའི་ས་ལ་སྤྱོད་པའི་འོག་མིན་ཆེན་པོ་དེར་ཆགས་ཡོད། ༈ དུས་རབས་ནམ་ཙམ་བཏབ་ན། བོད་རབ་བྱུང་དྲུག་
པའི་ལྕགས་གླང༌། སྤྱི་ལོ༡༣༦༡ལོར། ལྷ་རས་པ་བརྩོན་འགྲུས་དཔལ་བ་ལ་སློབ་ཚོགས་མང་དུ་བྱོན་པའི་ནང་ནས་མཆོག་ཏུ་གྱུར་པ་འཇམ་དབྱངས་རྣམ་འཕྲུལ་གླང་རས་གྲགས་པ་རྒྱལ་མཚན་དེ་ཉིད་ཡུལ་གནས་ཆེན་སྐྱོ་ཁོ་ཉིན་ཕུག་ཏུ་ཚེ་གཅིག་ཏུ་གྲུབ་པ་བརྙེས་པའི་དུས་སུ་ཡེ་ཤེས་མཁའ་འགྲོའི་ལུང་བསྟན་ལས། ཡ་ཀི་བྲག་སྟེང་ཕོ་བྲང་འདིར། །དཔལ་ཆེན་འཁོར་ལོ་བདེ་མཆོག་གི །ཐུགས་ཀྱི་ཟེའུ་འབྲུ་གེ་སར་དབུས། །ཕ་བོང་སྟག་ཆེན་འགྱིང་འདྲ་ན། །ས་གནད་ཀྱི་མེ་རྩ་དེ་རུ་ཐོབ། །སྟག་འཛུམ་དྲུག་རྒྱས་འདྲའི་ས་གནད་ཡོད། །འགྲོ་དོན་དང་བསྟན་པ་མཐའ་རྒྱས་འབྱུང༌། །ཞེས་གསུངས་ནས་མཁའ་འགྲོ་མ་ཝ་ལ་སྤྲུལ་ནས་ཆའུ་གདན་དྲངས་པའི་ནངས་པར་ཁ་བ་བབ་པའི་རྗེས་བཙལ་སོང་བས་སྐྱོ་བྲག་མགོ་ཡི་བྲག་ཐོག་ཏུ། སྟེང་ན་ཆོས་སྐུའི་འཇའ་གུར་འཁྱིལ། བར་ན་བྱིན་རླབས་ཀྱི་སྦྲང་ཆར་འབབ། ས་གཞིར་ཚུལ་ཁྲིམས་ཀྱི་དྲི་ངད་འཐུལ་བཞིན་འདུག་པ་གཟིགས་པས་དགོན་ས་ཞབས་ཀྱིས་བཅགས་པའི་རྟེན་འབྲེལ་དུ་གོ་ནས་སྐྱོ་བྲག་མགོ་ཡི་དགོན་པ་ཐོག་མར་ཕྱག་བཏབ། དེའི་དུས་སུ་ཇིང་གིར་ཧོར་གྱི་རྒྱལ་པོས་ཟི་ཁྱིམ་ལས་གྲུབ་པའི་སྟོན་པ་མཉམ་མེད་ཤཱཀྱ་མུ་ནེའི་སྐུ་བརྙན་ཕུལ། སྟོན་པའི་སྐུ་འཇའ་ཟེར་འོད་ཕུང་ལས་གྲུབ་པ་གཟིགས། རྟེན་མཆོག་ཤཱཀྱ་མུ་ནེ་དང་བྱིན་རླབས་མཉམ་འདུག་གསུངས་ནས་གཙུག་ལག་ཁང་གི་ནང་རྟེན་དུ་བཞུགས། བསྟན་པ་ཡུན་དུ་གནས་ཤིང་བསྟན་འཛིན་སྐྱེས་བུ་འབྲེལ་ཚད་དོན་དང་ལྡན་པ་རྒྱུན་མི་ཆད་པ་འབྱུང་བའི་རྟེན་འབྲེལ་འགྲིགས། ཐུགས་དམ་རྟེན་བཞེངས་ཀྱི་གཙོ་བོ་ལ་གསེར་བཟང་བཙོ་མ་ལས་ཆོས་སྐུ་དྲུག་པ་རྡོ་རྗེ་འཆང་གི་སྐུ་དགོངས་ལོ་བརྒྱད་པའི་ཚད་བཞེངས། ཟུང་འཇུག་ཐུགས་ཀྱི་རྟེན་དུ་ཏཻ་ལོ་ཤེས་རབ་བཟང་པོའི་རིང་བསྲེལ། ནཱ་རོ་ཛྙ་ན་སིདྡྷིའི་ཤངས་མཚལ་གྱི་རིང་བསྲེལ། མར་པ་ཆོས་ཀྱི་བློ་གྲོས་ཀྱི་ཚེམས་ལ་དགྱེས་པ་རྡོ་རྗེ་བྱོན་པ། མི་ལ་བཞད་པ་རྡོ་རྗེའི་རིང་བསྲེལ་གྱི་དུང་དཀར། དྭགས་པོ་ཟླ་འོད་གཞོན་ནུའི་ཐུགས་ལྗགས་སྤྱན་གསུམ། འབའ་རོམ་དར་མ་དབང་ཕྱུག་གི་རིང་བསྲེལ། སངས་རྒྱས་རྣམས་ཀྱི་འཕེལ་གདུང་ལ་སོགས་པ་ཟུང་འཇུག་ཐུགས་ཀྱི་རྟེན་དུ་བཞུགས་ནས་བྱིན་རླབས་ཀྱི་རབ་གནས་མེ་ཏོག་གི་ཆར་པ་ལན་གསུམ་བབ།མ་འོངས་པའི་དུས་ན་ངའི་སྐུ་ཚབ་ཡིན་ཞེས་བཀའ་ཡི་གནང་བ་ཐོབ། ཕྱིས་སུ་གྲུབ་ཐོབ་དམར་མོ་སྒོམ་པ་སྐུ་ཆུང་ངུའི་དུས་གསོལ་འདེབས་ཕུལ་བའི་སྐབས་སུ་ཐུགས་རྗེའི་སྤྱན་གྱིས་ཟིལ་བུར་གཟིགས་ཤིང་ཞལ་འཛུམ་ཚེམས་དཀར་གྱི་ཕྲེང་བ་མངོན་སུམ་དུ་མཇལ་བས་ཚད་མེད་ཀྱི་མོས་གུས་གཏིང་ནས་འབར་བས་སྒོམ་རོ་གཅིག་གི་རྟོགས་པ་མངོན་དུ་བརྙེས། གཙུག་ལག་ཁང་རྟེན་དང་བཅས་པ་བཞེངས། ༈ གྲུབ་མཐའ་གང་ཡིན་ན། བཀའ་བརྒྱུད་ཆེ་བཞིའི་ཡ་གྱལ་ཆོས་རྗེ་འབའ་རོམ་བཀའ་བརྒྱུད་ཀྱི་སྙིང་པོ་དོན་གྱི་བརྒྱུད་པ་ཟམ་མ་ཆད་པའི་རིང་ལུགས་དྲི་མ་མེད་པའོ། ། ༈ བསྟན་རྒྱུན་ཇི་ལྟར་བསྐྱང་ན། ཐོག་མར་གྲུབ་བརྙེས་བླ་མ་བརྒྱུད་པ། བར་དུ་རིག་འཛིན་འབའ་རེའི་བརྒྱུད་པ། ཐ་མར་བྱང་སེམས་སྤྲུལ་པས་བརྒྱུད་དེ་བསྐྱངས་པའོ། ། ༈ དར་རྒྱས་ཇི་ལྟར་བྱུང་ན། སྐྱོ་བྲག་ཆོས་རྗེ་སོགས་རླུང་སེམས་ལ་རང་དབང་འབྱོར་བ་འབའ་རོམ་འཕུར་ཤེས་བཅུ་གསུམ་གཙོས་གྲུབ་བརྙེས་ཀྱི་ཁྱུ་ཚོགས་མཁའ་ལ་བྱ་ལྟར་ལྡིང་བ་རྒྱ་གར་གྲུབ་པའི་སློབ་དཔོན་ཆེན་པོ་རྣམས་དང་དབྱེར་མེད་གྲུབ་བརྙེས་ཀྱི་བརྒྱུད་པ་ཟམ་མ་ཆད་པ་བྱོན་ནས་སྙན་པའི་གྲགས་པས་ཕྱོགས་ཐམས་ཅད་དུ་ཁྱབ་བོ། །གསུང་རྟེན་ལ་རིན་ཆེན་དང་པོས་བྲིས་པའི་རྒྱལ་བའི་བཀའ་འགྱུར་ཆ་བཅུ་གསུམ། ཐུགས་རྟེན་རྣམ་པ་སྣ་ཚོགས་བཞུགས་པ་ནི་ཡང་དར་སྐྱོ་བྲག་མགོ་ཡི་བསྟན་པའི་སྐབས་ཏེ་དང་པོའོ། ། ༈ སྐྱོ་བྲག་མཐིལ་དུ་དགོན་པ་ཆགས་ཚུལ་ནི། དེའང་རབ་བྱུང་བཅུ་བཞི་པའི་ཤིང་ཁྱི་༡༧༡༩ལོར་སྐྱོ་བྲག་ཚོགས་གཉིས་འོད་ཟེར་གྱིས་གནས་མདོ་བདེ་ཆེན་མདུན་ནས་གནས་ལུགས་ཀྱི་གདམ་པ་རྫོགས་པར་ཞུས་ནས་དབུས་སུ་གནས་སྐོར་དུ་ཕེབས། ཀརྨ་པ་བདུད་འདུལ་རྡོ་རྗེ་དང་མཇལ་བས་ཆོས་རྗེ་གླིང་པའི་སྤྲུལ་སྐུའི་ཡང་སྲིད་དུ་ཐུགས་ཐག་བཅད། མཚན་ཚོགས་གཉིས་འོད་ཟེར་གསོལ་གདམས་པ་ཐམས་ཅད་
རྫོགས་པར་གནང༌། ཁྱོད་ཀྱི་འགྲོ་དོན་སྐྱོ་བྲག་ཏུ་ཡོད་པས་དེར་སོང་ལ་འགྲོ་དོན་གྱིས་ཤིག་མ་འོངས་འབའ་རོམ་པའི་བསྟན་པར་ཕན་ཐོག་ཡོང་བའི་ལུང་བསྟན་བཞིན་ཕ་ཡུལ་དུ་ཕེབས་ནས་གསལ་བྱེད་ཆོས་འགྲུབ་སེང་གེ་ལས་ཐབས་གྲོལ་གྱི་གདམ་པ་རྫོགས་པར་ཞུས། དེ་སྔོན་སྐྱོ་བྲག་དགོན་སྦྲ་གུར་ཡིན་པས་ཁོང་གིས་༡༧༠༧ལོར་མཁར་པའི་ཕུར་ཁང་ཞེས་པ་བཞེངས་ཏེ་སྒྲུབ་མཆོད་རྣམས་དེར་འཚོགས། རབ་བྱུང་བཅུ་བཞི་པའི་ཤིང་ཁྱི༡༨༡༤ལོར་སྐྱོ་བྲག་དགོན་གྱི་བརྟེན་གཞི་འདུ་ཁང་གསར་པ་རྟེན་དང་བཅས་པ་བཞེངས། ཕྲིན་ལས་དར་ཞིང་རྒྱས། ཆོས་རྗེ་གླིང་པའི་གཏེར་ཆོས་རྒྱུན་འཛུགས་གནང༌། རྒྱ་བོད་སོག་གསུམ་གྱིས་མཆོད་གནས་སུ་གྱུར། རིན་ཐང་བྲལ་བའི་སྐུ་གསུང་ཐུགས་རྟེན་བགྲང་ཡས་ཤིང་རི་ཁྲོད་རྣམས་སུ་སྒྲུབ་སྡེ་ཁག་དང༌། རིག་འཛིན་གོང་མའི་ཕྱག་བཞེས་བཞིན་གར་འཆམ་དབྱངས་གསུམ་སོགས་མདོར་ན་བཤད་སྒྲུབ་གཉིས་ཀྱི་བསྟན་པ་ཆེས་ཆེར་དར་ཞིང་རྒྱས་པར་མངོན་ནོ། །
༈ ཉམས་གུད་ཇི་ལྟར་བྱུང་བའི་ཚུལ་ནི། རིག་གསར་སྐབས་དགོན་སྡེ་གཞན་དང་འདྲ་བར་དགོན་འདིའི་གཞལ་ཡས་ཁང་བརྟེན་དང་རྟེན་པར་བཅས་པ་འཐོར་ཞིག་དང་གཏོར་བརླག་ཐེབས་པས་མིང་གི་ལྷག་མ་ཙམ་དུ་གྱུར་པའོ། ། ༈ སླར་གསོ་ཇི་ལྟར་བྱས་ན། དུང་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་བརྒྱད་པ་དང༌། གསལ་དགའ་རིན་པོ་ཆེ་སྐུ་ཕྲེང་དགུ་པ། སྤྲུལ་ཨ་བསྟན་ཕུན་ཚོགས། བླ་རྒན་ཡེ་ཤེས་རབ་རྒྱས། སྤྲུལ་ཚོགས་གཉིས་འོད་ཟེར། བྱ་བྲལ་བ་ཚུལ་ཁྲིམས་མཐར་ཕྱིན། མཁན་པོ་དམ་ཆོས་ཟླ་བ་དང༌། མཁན་པོ་འཇིག་དགའ། སྒྲུབ་བླ་མ་བཀྲ་ཤིས་རྣམ་རྒྱལ་བཅས་མཁན་སྤྲུལ་དགེ་འདུན་རྣམས་ཀྱིས་ཐུགས་བསྐྱེད་ཀྱི་གོ་ཆ་རྨད་དུ་བྱུང་བར་བརྟེན། བརྟེན་གཞི་རྟེན་དང་བཅས་པ་གསར་བཞེངས་སྔར་ལས་རྒྱ་བསྐྱེད་མཛད་དེ། གདན་ས་མཐིལ་དུ་འབའ་རོམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང༌། བཤད་གྲྭ་ལེགས་ཆོས་བཤད་གླིང༌། སྒྲུབ་པ་གྲྭ་ཚང་དོན་གཉིས་ལྷུན་གྲུབ་གླིང༌། རྒྱུད་པ་གྲྭ་ཚང་མར་ལུགས་རྒྱུད་གྲྭ་ཐེག་གསུམ་ཆོས་འཁོར་གླིང༌། སྨན་པ་གྲྭ་ཚང་ཀུན་ཕན་བྱམས་པ་གླིང༌། གཞན་ཡང་སྒྲུབ་གནས་རྫ་མོ་དགོན། མཁའ་སྤྱོད་བཙུན་དགོན་བདེ་ཆེན་ཆོས་གླིང༌། པད་སྡོང་སྒྲུབ་སྡེ་བྱང་ཆུབ་ཆོས་གླིང༌། འབའ་རོམ་སྒྲུབ་བདེ་གསང་སྔགས་ཆོས་གླིང༌། རྒྱལ་རྒྱམ་སྒྲུབ་བདེ་འཕགས་མཆོག་འགྲོ་འདུལ་གླིང༌། ཀུན་རིག་སྒྲུབ་སྡེ། རྔ་རོང་སྒྲུབ་སྡེ་བདེ་ཆེན་འོད་གསལ་གླིང༌། ཁང་ནེ་སྒྲུབ་སྡེ་རྣམ་གྲོལ་བཀྲ་ཤིས་ཆོས་གླིང༌། རྒྱུན་འཛུགས་སྒྲུབ་ཕྲན་ལ་གསར་མའི་མགོན་ཁང༌། ཕུར་སྒྲུབ་ཁང༌། སེང་གདོང༌། པདྨ་བཛྲ། ཚེ་སྒྲུབ། གྲོ་ལོད་སོགས་དང༌། ལོ་རེར་སྒྲུབ་ཆེན་ཞི་སྒྲུབ། ཐུགས་སྒྲུབ། བུམ་སྒྲུབ། ཚེ་སྒྲུབ། ཚེས་བཅུ། དགུ་ཆེ་ཆུང༌། འབའ་རོམ་སྨོན་ལམ་ཆེན་མོ། འབའ་རོམ་པའི་འདས་མཆོད་སོགས་ཀྱི་འདུ་རྟེན་གར་འཆམ་དབྱངས་རོལ་སོགས་སྔར་ལས་མི་དམན་པ་དང༌། དགོན་མ་ལག་དང་བཅས་པའི་ཇོ་སེར་སྟོང་གཉིས་ལ་ཉེ་བ་ཙམ་བཞུགས། གཞན་ཡང་ཡུལ་སྡེ་སྤྱི་ལ་ཕན་པའི་ཆེད་དུ་གཅེས་སྐྱོང་གི་ཕ་མ་བྲལ་བའི་དྭ་ཕྲུག་ལ་སློབ་གྲྭ་ཡོན་ཏན་ཀུན་འབྱུང་ནོར་བུའི་དགའ་ཚལ། བྱམས་བརྩེའི་བུ་ཚ་བྲལ་བའི་རིགས་ལ་རྒན་གསོ་ཁང༌། འགྲིམ་འགྲུལ་གྱི་ཉོ་ཚོང་མི་ཐུབ་པ་ལ་དམིགས་ནས་རིན་གོང་སླ་བའི་དབུལ་སྐྱོབ་ཚོང་ཁང༌། ཉམ་ཐག་ནད་པ་ལ་གོང་སླ་རིན་ཆུང་གི་སྨན་བཅོས་བྱེད་ས་བོད་རྒྱ་སྨན་ཁང་ཆེན་མོ་སོགས་
མདོར་ན་བསྟན་དང་འགྲོ་ལ་སྨིན་པའི་ཞིང་ས་ཁྱད་པར་ཅན་དུ་གྲུབ་པའོ། །
སླར་སྨོན་པ།
རི་ཀུན་སྒོམ་པའི་ཁྱུ་ཡིས་འགེངས་པ་དང༌། །
གཞུང་ཀུན་བཤད་པའི་སྡེ་ཡིས་ཕྱུག་གྱུར་ཏེ། །
འཁོར་ལོ་གཉིས་ཀྱི་རྒྱལ་བསྟནམཛེས་པ་ཡི། །
འབའ་རོམ་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །སྐྱོ་བྲག་དགོན་ཐུན་མོང་ནས་བྲིས།
༄༅། །སྐྱོ་བྲག་གནས་ཀྱི་ཆེ་བའི་ཡོན་ཏན་བརྗོད་པའི་
ཉམས་མགུར་དད་འདུན་སྐྱེ་བའི་
ས་བོན་བཞུགས་སོ།
ན་མོ་གུ་རུ་བྷྱཿ ཕ་སྒྲ་སྒྱུར་མར་པ་ཆོས་བློ་གྲོས། །ཐུགས་དེའི་སྲས་དར་མ་དབངཕྱུག་མཆོག །མི་བདག་གི་སྤྱི་བོའི་རྒྱན་དུ་མཆོད། །དཔལ་འབའ་རོལ་གྱི་གདན་ས་བྱིན་རླབས་ཅན། །རྫ་མེར་ཆེན་གྱི་གདན་ས་སྐུ་འབུམ་དགོན། །ས་དེར་སྐྱེས་ཀྱི་སློབ་ཕྲུག་ཏི་ཤི་རས། །ཆབ་ཟླ་ཆུ་སྔོན་མོའི་གཡས་འགྲམ་དེར། །ཆོས་ཕྱག་རྒྱ་ཆེན་པོའི་ཉམས་རྟོགས་དེ། །སེམས་ཁུ་འཕྲིག་མེད་པར་ཁོང་ནས་སྐྱེས། །དེ་སྐྱེས་བཞིན་ཉམས་ཀྱི་སྣང་བ་ལ། །ཐོ་རངས་ཀྱི་སྐར་རྒྱན་ཤར་བའི་དུས། །མ་མཛེས་གཟུགས་བུད་མེད་གོས་དཀར་ཅན། །ལག་གཉིས་ན་དཱ་དྲིལ་སིལ་སིལ་འཁྲོལ། །རྐང་གཉིས་ཀྱི་གར་སྟབས་སྣ་ཚོགས་བསྒྱུར། །གཟུགས་མཛེས་ལྡན་ཀུན་ཡིད་འཕྲོག་ནུས་ཤིག །གླུ་ཉམས་འགྱུར་ཚངས་དབྱངས་སྙན་པ་ཞིག །ཚིག་རབ་བཟང་འདི་འདྲའི་གླུ་ཆུང་ཞིག །མི་བདག་གི་རྣ་བར་ལྷང་ལྷང་ཐོས། །དེ་མཁའ་འགྲོ་མཚོ་རྒྱལ་ཨི་ཡིན་སྙམ། །ཀི་ལྷ་བསོ་ཌཱ་ཀིའི་གླུ་འདི་ཉོན། །ཕ་རྩ་གསུམ་ཡི་དམ་རྒྱལ་བའི་ལྷ༌། །མ་གནས་གསུམ་མཁའ་འགྲོ་དགོངས་སུ་གསོལ། །བུ་ཡར་ལྟོས་ངོ་མཚར་ལྟད་མོ་ལྟོས། །རྫ་ཆབ་བསྟི་ཞིང་སྐྱོང་དཀར་པོའི་མདུན། །ཆབ་ཟླ་ཆུ་སྔོན་མོའི་གཡས་ལོག་ན། །དཔལ་ཤཱཀ་ཐུབ་ཀྱི་ཐུགས་རྗེས་བྱིན་བརླབས་ཤིང༌། །མགོན་སྤྱན་རས་གཟིགས་ཀྱིས་ཐུགས་རྗེ་སྤྲོས། །རྗེ་པད་འབྱུང་ཆེན་པོའི་ཞབས་ཀྱིས་བཅག །སེམས་སྐྱོ་བའི་བྲག་རི་དཀར་པོ་འདི། །གནས་སེང་གེ་གནམ་མཆོང་མཚན་གསོལ་ནས། །ཡུལ་སྤྱི་འབྱམས་ཟུང་འབྲེལ་གནས་མཆོག་འདི། །བྲག་དཀར་གསལ་དར་དཀར་ཡོལ་བྲེས་འདྲ། །རྩེ་ལ་ལྷོ་སྤྲིན་འཇའ་སྤྲིན་འཁྲིགས། །ཕ་བརྒྱུད་པ་སུམ་ལྡན་བླ་མ་བཞུགས། །ལོག་ན་རྩི་ཤིང་ནགས་ཚལ་བརྗིད། །རྒྱུད་སྡེའི་ལྷ་ཚོགས་ཐེམ་མེར་བཞུགས། །ཉིན་བཞིན་དུ་རོལ་མོའི་སྙན་དབྱངས་སྒྲོགས། །མ་གནས་གསུམ་མཁའ་འགྲོའི་ཚོགས་འཁོར་བསྐོར། །བྲག་ཆུ་ཤིང་གྲམ་ཁྲོད་དུར་ཁྲོད་གནས། །མགོན་ཆོས་སྐྱོང་སྲུང་མ་ཁྲོམ་ལྟར་འཚོགས། །གནས་གཡས་ལོག་གསང་སྔགས་རྙིང་མའི་ལྗོངས། །དཔལ་རྒྱུད་སྡེ་དྲུག་གི་ལྷ་ཚོགས་བཞུགས། །རི་དཀྱིལ་རྫོང་གསང་སྔགས་གསར་མའི་ལྗོངས། །ལྷ་བདེ་དགྱེས་གསང་འདུས་ཡང་དག་བཞུགས། །གནས་གཡོན་ལོག་ལྕངལོ་ཅན་གྱི་གནས། །དཔལ་ཕྱག་རྡོར་དང་རྡོ་རྗེ་ཕུར་པ་བཞུགས། །གནས་སྤྱི་འབྱམས་ཉི་ཟླ་གསལ་ཡངས་ལ། །རྗེ་པད་འབྱུང་གྲུབ་ཆེན་བརྒྱད་ཅུའི་བསྐོར། །གནས་གསང་སྤྱོད་དག་པ་མཁའ་སྤྱོད་ལ། །ཡུམ་རྡོ་རྗེ་ཕག་མོ་མཁའ་འགྲོ་འབུམ། །བྲག་སེང་གེ་གནམ་ལ་མཆོང་འདྲ་ལ། །བཀའ་སྒྲུབ་ཆེན་བཀའ་བརྒྱད་ལྷ་ཚོགས་བཞུགས། །བྲག་དུང་དཀར་འདྲ་བའི་གཞལ་ཡས་ན། །ལྷ་ཐུགས་རྗེ་ཆེན་པོ་སངས་རྒྱས་སྟོང༌། །བྲག་པདྨ་བརྩེགས་འདྲའི་ནང་ཤེད་ན། །ཡུམ་སྒྲོལ་མ་དཀར་སྔོན་ཌཱ་ཀི་དུང༌། །རི་གསེར་བུམ་འདྲ་བའི་ནང་ལོག་ན། །དཔལ་དགོངས་པ་འདུས་པའི་ལྷ་ཚོགས་བཞུགས། །བྲག་འཁོར་བཟང་གི་སངས་རྒྱས་སྟོང་རྩ་བཞུགས། །རི་རྩེ་མོ་གདུགས་དཀར་ཕྱར་འདྲ་ལ། །མགོན་རྒྱལ་བ་རིགས་ལྔ་ཡུམ་བཅས་བཞུགས། །བྲག་རྒྱལ་མཚན་འགྲེང་འདྲའི་ཕོ་བྲང་ན། །དཔལ་འཁོར་སྡོམ་དྲུག་ཅུ་རྩ་གཉིས་བཞུགས། །སྤང་གསེར་ཉ་འགྱུར་འདྲའི་རི་ལོག་ན། །ཡུམ་རྡོ་རྗེ་ཕག་མོ་མཁའ་འགྲོ་འབུམ། །གཡའ་དཔལ་བེའུ་འདྲ་བའི་རེ་མིག་ལ། །སྐྱབས་ཉེ་བའི་སྲས་ཆེན་བརྒྱད་པོ་ཡོད། །བྲག་རི་ལོག་ནོར་བུ་འབར་འདྲ་ལ། །མགོན་རྒྱལ་བ་རིག་ས་གསུམ་མགོན་པོ་བཞུགས། །དེ་ཆ་ལུགས་བཀྲ་ཤིས་རྟག་བརྒྱད་ཚུལ། །རི་རྩེ་མོ་བྱ་ཁྱུང་ལྡིང་འདྲའི་གནས། །ཕ་བཀའ་བརྒྱུད་བླ་མ་སྤྲིན་ལྟར་འཁྲིགས། །རྗེ་ཨོ་རྒྱན་རྗེ་འབངས་ཉེར་ལྔ་བཞུགས། །ས་སེང་གེ་འདྲ་བའི་རི་ལོག་ལ། །དཔལ་ཐུབ་པའི་གནས་བརྟན་ཉན་རང་འཁོར། །ཕྱི་བྲག་དཀར་རྩི་ཤིང་སྟུག་པོའི་ཆུལ། །ནང་རྩ་གསུམ་ལྷ་ཚོགས་ཁྲ་ཐེམ་གསལ། །ཕྱི་གཡའ་སྤང་བྲག་རོང་ན་བུམ་འཐིབས། །ནང་རྒྱུད་སྡེ་བཞི་དྲུག་ཐེམ་མེར་གང༌། །ཕྱི་བྲག་རི་རླུང་ནག་འུར་སྒྲ་སྒྲོགས། །ནང་དུར་ཁྲོད་རབ་འཇིགས་ཆོས་སྐྱོང་འཚོགས། །ཕྱི་སྤང་ལྗོང་ཤིང་རྩི་མེ་ཏོག་བཀྲ། །དཔལ་ཆེན་པོའི་བཀའ་ཉན་རི་རབ་རྡུལ། །རྡོ་ཐེ་བོང་ཙམ་ལ་དཔའ་བོ་རེ། །ཤིང་གཡགརྔ་ཙམ་ལ་མཁའ་འགྲོ་རེ། །གནས་ས་སྤྱོད་དག་པ་མཁའ་སྤྱོད་གནས། །ཕ་རྩ་གསུམ་འཇའ་བཞིན་འཁྲིགས་པའི་ལྗོངས། །མ་གནས་གསུམ་སྤྲིན་ལྟར་འདུ་བའི་གནས༌། །མགོན་ཆོས་སྐྱོང་ཁྲོམ་ལྟར་འཁྲིགས་པའི་གུར། །བྲན་སྡེ་བརྒྱད་རྡུལ་བཞིན་འཚུབས་པའི་མཁར། །མི་ལས་དག་ངོ་མཚར་སྐྱེ་བའི་གནས། །བུ་དད་ལྡན་ཉམས་རྟོགས་འཁྲུངས་པའི་ཡུལ། །དཔལ་ཕུན་ཚོགས་ལྔ་ལྡན་རྒྱལ་བའི་ཞིང༌། །སྐུ་རང་བྱུང་དང་ཞབས་རྗེས་ཕྱག་མཚན་བཀྲ། །གསུང་ཡིག་འབྲུ་གཟུངས་སྔགས་སྙིང་པོ་ཤར༌། །ཐུགས་རིང་བསྲེལ་མཆོད་རྟེན་བརྟེན་གྱི་གཟུགས། །བྱ་འདབ་ཆགས་ཐམས་ཅད་དཔའ་བོ་སྟེ། །དེར་རི་དྭགས་སྣ་ཚོགས་དཔའ་མོའི་སྡེ། །ངོགས་གཅན་གཟན་སྣ་ཚོགས་གནས་སྲུང་ཡིན། །
གནས་འབྲེལ་བ་ཐོག་ཚད་བྱང་ཆུབ་བགྲོད། །ཡུལ་དེར་སྐྱེས་འགྲོ་བ་ཚོགས་རེ་བསགས། །དོན་ངེས་པ་ལྔ་ལྡན་མཁའ་སྤྱོད་ཡིན། །གནས་གཞན་གྱི་འགྲན་ཟླ་ཡེ་ནས་མེད། །མི་ང་ཡི་སྣང་སེམས་ཤིན་ཏུ་སྐྱོ། །ཤར་རི་བོ་ཏ་ལའི་ཕོ་བྲང་དང༌། །ལྷོ་དཔལ་གྱི་རི་དང་ཙ་རི་ཏྲ། །ནུབ་གངས་དཀར་ཏི་སེའི་གནས་མཆོག་དང༌། །བྱང་ལ་ཕྱི་ཆུ་བར་དགོན་གནས་དང༌། །དོན་ཁྱད་པར་མེད་པ་ངོ་བོ་གཅིག །གནས་འདི་ལ་འབྲེལ་བ་ཕྱག་བསྐོར་དང༌། །ངག་དད་འདུན་གྱིས་གསོལ་འདེབས་བསྟོད་གསོལ་དང། །ཡིད་མ་ཡེངས་རྩེ་གཅིག་མོས་གུས་དང༌། །མ་ཎྀ་དང་ཚ་ཚ་དར་ལྕོག་སོགས། །རེ་རེ་ལ་བྱེ་བ་འབུམ་འགྱུར་ཡོད། །བུ་དད་ལྡན་འདུན་པའི་རྟེན་མཆོག་ཡིན། །རབ་དག་པ་མཁའ་སྤྱོད་ཞིང་ཁམས་བགྲོད། །འབྲིང་མི་ལུས་རྟེན་བཟང་ངེས་པར་འཐོབ། །ཐ་མ་ངན་སོང་སྐྱེ་སྒོ་ཆོད་པར་ངེས། །ཚིག་འདི་སྐད་ཀུན་གྱི་རྣ་བར་ཤོད། །དཔལ་བཀྲ་ཤིས་ཟླ་རྒྱས་ཡར་ངོའི་ཟླ། །གནས་ཁམས་གསུམ་ཡོངས་ལ་ཁྱབ་པར་ཤོག །གནས་དག་པ་རབ་འབྱམས་ཆེན་པོ་ཡིས། །མ་འགྲོ་དྲུག་མཁའ་མཉམ་འབྲེལ་ཐོག་ཀུན། །དོན་འགྲོ་དོན་ཕྱོགས་མེད་འབྱུང་བར་ཤོག །ཅེས་ཚིག་རྐང་བརྒྱ་དང་བརྒྱད་ཀྱིས་མགུར་མ་རྡོ་རྗེའི་ཚིགས་རྐང་ཤོ་ལོ་ཀ་ཉེར་བདུན་གྱིས་སྨྲས་པ་འདི་ཉིད་ཉམས་དང་རྨི་ལམ་འདྲེས་པའི་མཚམས་ནས་འདི་ལྟར་ཐོལ་བྱུང་དུ་སྨྲ་བའི་ཌཱ་ཀི་ནི་འཇའ་ཡལ་བ་བཞིན་མི་སྣང་བར་གྱུར་ཏེ། །དེའི་སྐབས་རང་ཡང་ཉིན་ཐང་དང་མི་འདྲ་བའི་སེམས་ལ་དགའ་བྲོད་ཆེན་པོ་བྱུང་ཞིང༌། །དེ་ལོ་དབྱར་ཐའི་ཚེས་བཅུ་ལ་གནས་འབྲེལ་དུ་མི་འགྲོ་བའི་ཐབས་མེད་སྙམ་ནས་ཕྱིན་སྐབས། །གོང་གི་ཚིག་གི་ནང་ནས་ལྷག་པའི་མཐོང་སྣང་དཔག་ཏུ་མེད་པ་བྱུང་ཞིང་ནམ་མཁའ་ཐམས་ཅད་འཇའ་ཟེར་ཁྲ་ཐེམ་མེ། །རི་བྲག་ས་རྡོ་ཐམས་ཅད་ནི་ཡི་དམ་དཔའ་བོ་མཁའ་འགྲོ་ཉི་ཟེར་གྱི་རྡུལ་བཞིན། ས་གཞི་ཐམས་ཅད་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་མ་མགོན་ལྕམ་དྲལ་འགྲོ་བའི་ལམ་མི་སྙེད་པ་ཁྲོམ་བཞིན་འཚོགས་ཤིང་བྲག་ས་རྡོ་རྩྭ་ཕོ་ཐུར་མོ་ཐུར་རེ་ལའང༌། སངས་རྒྱས་ཡི་དམ་ཞི་ཁྲོའི་སྐུ་གཟུགས་རེ་དང་ཡིག་འབྲུ་གཟུངས་སྔགས་མཆོད་རྟེན་རིང་བསྲེལ་གྲངས་དང་བརྗོད་ལས་འདས་པར་སྣང་ཞིང༌། སྒྲ་ཐམས་ཅད་ནི་མ་ཎྀ་བཛྲ་སོགས་སྒྲ་འུ་རུ་རུ་དགེ་འདུན་སྟོང་གི་འཚོགས་པ་བྱ་པ་འདྲ་བའི་སྒྲ་གྲགས་ཤིང་གོམ་པ་བགྲོད་ནས། ས་ལ་རྡོག་པ་སྤོ་ཐབས་མེད་པ་བྱུང་ཞིང༌། །ཉམས་སྤྲོ་ཤེས་པ་འཕྱོ་ཞིང་དགའ་བྲོད་དེའི་སྔོན་ཡོང་མ་མྱོང་བ་བྱུང་ཞིང༌། །དེའི་ནུབ་མོ་ཚེས་བཅོ་ལྔ་ལ་རང་ཉལ་བར་བསམ་གཞིག་བྱས་ནས། གནས་འདི་བདག་ཏུ་བཟུང་བའི་ལས་ཅན་སུ་ཡིན་ཨང་སྙམ་ཚེ། རྐྱེན་མེད་པའི་ནམ་མཁའ་ནས་སྒྲ་གཅིག་བྱུང་སྣང་ཐོས་པར། །གནས་འདི་ཡི་སྲུང་མ་རྣམ་གྲངས་མང་སྟེ། །གསང་སྔགས་རྙིང་མའི་ཚུལ་དུ། ནང་གི་བཀའ་སྲུང་ཨེ་ཀ་ཙ་ཏི། ཕྱི་ཡི་བཀའ་སྲུང་དམ་ཅན་རྡོར་ལེགས། གསང་བའི་བཀའ་སྲུང་མཁའ་འགྲོ་སེང་གདོང་མའོ། གསང་སྔགས་གསར་མའི་དཀྱིལ་འཁོར་ཡིན་པས། ནང་གི་སྲུང་མ་མགོན་པོ་ཕྱག་བཞི། ཕྱི་ཡི་བཀའ་སྲུང་ཀེང་རུས་དུར་བདག གསང་བའི་སྲུང་མ་མགོན་པོ་བྱ་རོག་མཚན་ཅན། །ཆེ་མཆོག་ཧེ་རུ་ཀ་ཡི་ཕོ་བྲང་ཡིན་ཕྱིར། ཕྱི་ཡི་བཀའ་སྲུང་དབང་ཕྱུག་ཉེར་བརྒྱད། ནང་གི་བཀའ་སྲུང་ཏྲཀྴད་ནག་པོ། སྤྱི་ཁྱབ་གནས་ཀྱི་སྲུང་མ། ཕྱི་ཡི་སྲུང་མ་དགེ་བསྙེན་རྦ་བ་ནག་པོ། ནང་གི་བཀའ་སྲུང་ཞིང་སྐྱོང་མེ་རླུང་སེང་ཕྲུག གསང་བའི་བཀའ་སྲུང་གཟའ་བདུད་རཱ་ཧུ་ལ་ཡིན་ཕྱིར་དྲག་རྩལ་ཤིན་ཏུ་ཆེ། དམ་ལྡན་རྣམས་བུ་བཞིན་སྐྱོང་སྟེ། དམ་མེད་སྲོག་རྩ་གཅོད་པར་བྱེད། གནས་བདག་ཞིང་སྐྱོང་དཀར་པོ། གནས་འཁོར་སྲུང་མ། ཀླུ་བདུད། རི་དམར། ལྕམ་བདུད་སྟེ། བཀའ་སྲུང་སྤུ་གྲི་མཆེད་གསུམ་རྣོ་མྱུར་ཐོག་ལྟར་འབེབས་ནུས་པ་ཡིན་བཞིན། གནས་འདི་བདག་ཏུ་བཟུང་བའི་ཆོས་རྒྱུད་དུངལས་དཀར་ཞིང་བསྟན་པ་ལ་འཕོ་འགྱུར་མེད་པར་རྟག་ཅིང་བརྟན་པའི་ལས་ཅན་སྐྱེས་བུ་སུམ་ཅུ་སོ་བདུན་འབྱུང་ཞིང་འགྲོ་དོན་རྒྱུན་མི་འཆད་པར་སྒྲ་ཐོས་སོ། །ཞེས་གསུངས་སོ།།
༄༅། །སྐྱོ་བྲག་དཀར་གནས་ཀྱི་དཀར་ཆག་མདོར་བསྡུས་བཞུགས་སོ། །
༄༅། །རྒྱལ་བའི་རྒྱལ་སྲས་པདྨ་འབྱུང་གནས་ཀྱི། །རྣམ་འཕྲུལ་རིག་འཛིན་མི་འགྱུར་རྡོ་རྗེ་ཡིས། །ཁམས་ཀྱི་སྤྱི་འབྱམས་གནས་ཀྱི་ཞལ་གཟིགས་རྣམས། །དུས་ལས་མ་ཡོལ་རྟེན་འབྲེལ་འཛོམས་པས་བཀོད། །གནས་སྲུང་དགེ་བསྙེན་ཆེན་པོས་རྒྱ་ཁྲོལ་ཞིག །དེ་ཡང་ཨོ་རྒྱན་རིན་པོ་ཆེ་བོད་དུ་ཕེབས་ནས་ས་གཞི་རྟ་རྨིག་ཙམ་མ་ལུས་པར་ཞབས་ཀྱིས་བཅག ཁྱད་པར་བོད་ཁ་བ་ཅན་གྱི་རྒྱལ་ཁམས་སུ་ཕྱོགས་བཞིར་སྦས་པའི་ཡུལ་ཆེན་བཞི། ལུང་ཕྲན་ཆེན་པོ་བཞི། གངས་ཆེན་པོ་ཉི་ཤུ་རྩ་གཅིག སྒྲུབ་གནས་བརྒྱ་དང་རྩ་བརྒྱད་རྣམས་སུ་བསྒྲུབ་པ་མཛད་པའི་རབས་ནི། བཀའ་ཐང་རྣམས་ལས་གསལ་བར་ཡོད་ལ། ལུང་བསྟན་ཆེན་པོ་བཀའ་རྒྱ་མ་ལས་ནི། ལ་ལར་སངས་རྒྱས་རྣམས་ཀྱི་སྤྲུལ་པ་ནི། ས་རྡོ་རི་བྲག་ལམ་འཕྲང་ལ་སོགས་སུ། སྐུ་གསུང་ཐུགས་ཀྱི་སྤྲུལ་པ་རང་བྱོན་འབྱོན། །
དེ་ཐོས་མཐོང་དང་གང་འབྲེལ་ངན་སོང་མེད། །ཕྱོགས་ནི་མ་ངེས་ཕྱོགས་མཚམས་ཀུན་ལ་སོགས། །ཉེ་རིང་མེད་པར་ཀུན་ཏུ་འབྱོན་པར་འགྱུར། །དེ་ནི་དུས་ནི་མ་ངེས་ནམ་ཡང་འབྱོན། །ཡུལ་ལ་ཚད་བཟུང་མེད་དེ་འཁོར་མཐའ་བར། །ཞེས་དང༌། ཨོ་རྒྱན་རིན་པོ་ཆེའི་གསུང༌། རཏྣ་གླིང་པའི་གཏེར་མ་ལས་མཆིམ་ཕའི་སྣ་དྲངས་བོད་ཀྱི་ཡུལ་གནས་མ་ལུས་པ་གངས་ཏི་སེ་མན་ཆད། ཁམས་ཙོང་ཁ་ལྕིམ་བྲག་རྒྱ་ནག་རི་བོ་རྩེ་ལྔ༌། །འཇང༌། ཧུ་དང༌། མེ་ཉག ཧོར། ལི་བལ་ཡུལ། གྲུ་གུ། ཀོང་པོ། རྒྱ་མ་མོན། སྟག་སྒོ་བུམ་ཐང༌། སྤ་གྲོ་ལ་སོགས་ཐམས་ཅད་དུ་སྒྲུབ་གནས་གཏེར་སྒོ་ས་གཞི་ཐམས་ཅད་བྱིན་གྱིས་རླབས་ཤིང༌། འགྲོ་བ་ཐམས་ཅད་སྨིན་གྲོལ་དུ་བཀོད་དེ། ཞེས་གསུངས་པའི་ཕྱིར་རོ། །བོད་ཁ་བ་ཅན་གྱི་རྒྱལ་ཁམས་སུ་ཨོ་རྒྱན་རིན་པོ་ཆེའི་བྱིན་གྱིས་བརླབས་པའི་ལུང་པ་ལྔ། ལྗོངས་གསུམ་གླྀང་བཞི་གངས་ཆེན་པོ་ཉི་ཤུ་རྩ་གཅིག་གྲུབ་པའི་གནས་བརྒྱད། ངོ་མཚར་བའི་གནས་ཉི་ཤུ་རྩ་ལྔ། གནས་ཆེན་བརྒྱ་དང་རྩ་བརྒྱད། གནས་ཕྲན་སྟོང་དང་རྩ་གཉིས་རྣམས་ཡོད་སོ། །དེ་རྣམས་སུ་སྐུ་ཚབ་བྱིན་རླབས་ཅན་རྣམས་དང༌། གསུང་ཚབ་ཤོག་སེར་རྣམས་དང༌། ཐུགས་མཆོད་རྟེན་དང་རིང་སྲེལ་རྣམས་དང༌། ཡོན་ཏན་གྱི་རྟེན་ནོར་བུའི་རིགས་རྣམས་དང༌། ཕྲིན་ལས་མྱོང་གྲོལ་གྱི་དམ་རྫས་ཀྱི་གཏེར་ཁ་མང་དུ་སྦས་ནས་ཡོད་དོ། །གནས་དེ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ། གྲུབ་པའི་གནས་བརྒྱད་ཀྱི་ཡ་གྱལ་ཟླ་སྤྱི་འབྱམས་གཡས་ཕྱོགས། བྲག་སེང་གེ་གནམ་མཆོང་ཞེས་ཀྱང་བྱ། གནས་རི་བོ་གར་མཛད་ཞེས་ཀྱང་བྱ་བ་དེའི་གནས་རི་བོ་གར་མཛད་ཞེས་ཀྱང་བྱ་བ་དེའི་གནས་སྒོ་ནི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་ཞེས། གཏེར་ཁ་དུ་མ་ནས་ལུང་བསྟན་ཅིང༌། ཁྱད་པར་བཀའ་ཐང་འབྲིང་པོ་ལས། རྡོ་རྗེའི་ནང་དམེ་ཞུགས་བྱེད་པའི་ཡུལ། གཙུག་གི་བླ་མཆོད་སྤྱི་ཡི་དཔོན་དུ་འགྱུར། །མཐུ་དང་ནང་འཁྲུག་དུག་ནད་དར་བའི་དུས། རྟེན་མཆོག་རང་བྱོན་སྤྱི་འབྱམས་ཞེས་བྱའི་གནས། །གཡས་ཀྱི་བྲག་དཀར་སེང་གེ་གནམ་འཆོང་གཏེར། །མི་བཞག་འདོན་པའི་རྟག་དེར་བརྟེན་ནས་འབྱུང༌། །གཏེར་སྟོན་མི་འགྱུར་རྡོ་རྗེ་ཞེས་བྱ་འབྱུང༌། །ཁམས་ཀྱི་གཏེར་ཁ་བརྒྱ་ལ་དབང༌། ཞེས་དང༌། མྱང་གཏེར་པདྨའི་རྣམ་ཐར་གསང་བ་དྲི་མེད་ལས། མི་འགྱུར་རྡོ་རྗེ་དྲག་པོ་བདུད་འདུལ་རིལ་པ་རྩལ། །ཁམས་ཀྱི་སེང་བྲག་ངོས་ནས་གཏེར་སྒོ་འབྱེད། །སངས་རྒྱས་བསྟན་སྐྱོང་མཐའ་ཡི་དམག་དཔུང་ཟློག །ཅེས་དང༌། རཏྣ་གླིང་པའི་ལུང་བསྟན་འབྲིང་པོ་ལས། །ཁམས་ཀྱི་སྤྱི་འབྱམས་ཞེས་བྱ་དེར། །ཆོས་དབྱིངས་རྡོ་རྗེའི་སྐུ་རིང་ལ། །གཏེར་སྟོན་མི་འགྱུར་རྡོ་རྗེ་འབྱོན། །གནས་ཆེན་དེ་ཡི་གཏེར་རྣམས་འདོན། །ཁམས་ཀྱི་གཏེར་ཁ་བརྒྱ་ལ་དབང༌། །གནས་མཆོག་དེའི་གཡས་ཕྱོགས་ན། །ཐང་ཆེན་མཎྜལ་ཕུལ་བ་འདྲ། །དབུས་སུ་རི་རྒྱལ་ལྷུན་པོ་ནི། །དུང་དཀར་གཡས་སུ་འཁྱིལ་འདྲ་ཡོད། །རྒྱ་གར་བྱ་རྒོད་སྤུངས་དང་འདྲ། །པདྨ་ང་ཡི་གནས་མཆོག་ཡིན། །ང་ཡི་སྤྲུལ་པ་དཔག་མེད་ནི། །གནས་མཆོག་དེ་རུ་རྒྱུན་མི་འཆད། །ཅེས་དང༌། རིག་འཛིན་གཏེར་བཞེད་སྙིང་པོ་ཡི། །བསམ་ཡས་རྡོ་རྗེའི་རླུང་སྒྲོམས་ཀྱི་ཁ་བྱང་ལས། ཆེ་མཆོག་ཤུད་བུ་དཔལ་སེང་ཁྱོད། །ཤར་གྱི་ཕྱོགས་ནས་རྡོ་རྗེ་བདུད་འདུལ་རོལ་པ་རྩལ་ཞེས་བགྱི། །སྤྱི་འབྱམས་སེང་གེ་རྫོང་ནས་གཏེར་སྒོ་འབྱིན། །དེ་ཚེ་དམ་སྲི་འབྱུང་པོའི་བར་ཆད་མ་བྱུང་ན། །ཟབ་ཆོས་འདི་ཕྲད་ཉམས་སུ་བླངས་བ་ན། །སྐུ་ཚེ་འཛད་ཕྲིན་ནམ་མཁའི་མཐའ་མཉམ་འཕེལ། །ཞེས་སོགས་དང༌། ཉིད་ཀྱི་གནམ་ཆོས་ལས། རིག་འཛིན་ལྔ་ཡི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་སྤྲུལ་པ་ལུང་བསྟན་ཅིང༌། སྐྱེ་བ་ཉིས་བརྒྱ་ཙམ་ཐོག་མེད་དུ་དྲན་པ་དང༌། མཐོང་ཐོས་སྐྱེ་འགྲོ་ངན་སོང་མེད་པར་འགྱུར། ཞེས་དང༌། གནས་གཏེར་སྒོ་འབྱེད་ཇིང་འདུལ་ཟློག །ང་ཉིད་སྤྲུལ་པ་མི་འགྱུར་རྡོ་རྗེ་དང༌། ཞེས་གསུངས་པའི་སྤྲུལ་སྐུ་ཉིད་དགུང་ལོ་བཅུ་དྲུག་ཀུན་ལྡན་གྱི་ལོ་ཧོར་ཟླ་ལྔ་པའི་ཚེས་བཅོ་བརྒྱད་ལ་ཚོགས་འཁོར་དང་བསང་མཆོད་ལེགས་པར་བགྱིས་ཏེ་བཀའ་སྩལ་པ་ནི། གནས་འདི་ཉིད་ཡི་གེ་ཨོཾ་གྱི་ཆགས་ཚུལ། ཕྱོགས་བཞིར། ཤར་དུ་ཧཱུྃ། གཡས་སུ་ཏྲཾ། རྒྱབ་ཏུ་ཧྲཱི༔ གཡོན་ཏུ་ཨཱཿ གནས་འདི་ཉིད་བྱིན་རླབས་ཆེ་ཞིང་དངོས་གྲུབ་མྱུར་བའི་གནས་ཡིན། དེའི་རྟགས་ལ་རྡོ་རྗེ་ཕག་མོའི་སྐུ་རང་བྱོན་ཡོད། དེའི་འོག་ཏུ་ཡེ་ཤེས་མཚོ་རྒྱལ་གྱི་ཞབས་རྗེས་ཡོད། རིན་ཆེན་གསེར་གྱི་ཕ་བོང་ཡོད། སྐུ་ལྔ་ཡེ་ཤེས་ལྔའི་ངོ་བོ་ཡིན། གནས་རྣམས་ཀུན་གྱི་མགོ་བོ་ཡིན། དེའི་རྟགས་ལ་ཡིག་མགོ་དང་ཨོཾ་གསལ་བར་ཡོད། བདུད་དང་མུ་སྟེགས་འདུལ་བའི་གནས་མཆོག་ཡིན། དེའི་རྟགས་ལ་སེང་གེའི་ཉི་ཟླ་འཕྲག་ལ་ཁུར་བ་ཡོད། མཁའ་འགྲོ་མ་རྣམས་ཀྱིས་གར་མཛད་རྗེས་ཡོད། དེའི་འོག་དེར་རྗེ་འབངས་ལང་གྲོ་ལོ་ཙཱའི་ཞབས་རྗེས་ཡོད། དམ་ཅན་མགར་བ་དང་ཕྱག་བཞི་པའི་སྐུ་རྗེས་གསལ་བར་ཡོད། གུ་རུ་རིན་པོ་ཆེའི་ཕྱག་རྗེས་ཡོད། སྲིན་པོ་བསྒྲལ་བའི་ཁོག་པ་ན། ཞི་ཁྲོ་དམ་པ་རིགས་བརྒྱ་བཞུགས། དེའི་གཡས་སུ་རྡོ་རྗེ་བྱ་བའི་ཡི་གེ་གསལ་བར་ཡོད། ལུང་བསྟན་ཡི་གེ་ངོ་རེ་མཚར། མཁའ་འགྲོ་མའི་ཚོགས་གཞོང་དང་གུ་རུ་རིན་པོ་ཆེའི་ཕྱག་མཛུབ་ཀྱིས་བྲིས་པའི་གཟུངས་སྔགས་གསལ་བར་ཡོད། གུ་རུ་རིན་པོ་ཆེའི་སྤྲུལ་པ་བྲག་ལ་ཐིམ་མལ་དུ་སྐུ་གསུང་ཐུགས་ཀྱི་མཚོན་པ་དེ་ལ་སྨོན་ལམ་གང་བཏབ་འགྲུབ། ཡི་གེ་ཨོཾ་ཡིག་གསལ་བ་ཡོད། ཡེ་ཤེས་མཚོ་རྒྱལ་གྱི་ཞབས་རྗེས། མཁའ་འགྲོ་སུ་ཁ་སིངྷིའི་ཞབས་རྗེས། གཤིན་རྗེའི་བདག་ཏུ་བཟུང་བའི་ཕྱིར་ཤིནཏུ་གཉན། དེའི་རྟགས་ལ་གཤིན་རྗེ་འཆར་ཀ་ནག་པོ་སྲིད་པ་གསུམ་ལྟོ་བར་གསལ་བ་ཡོད། སྲིན་པོའི་མགོའི་རྗེས་གནས་ལ་ཞལ་ཟས་སུ་ཕལ་བ། སྟོབས་ལྡན་སྡིག་པ་ནག་པོ་རྣམས་གསལ་བར་ཡོད། ཡེ་ཤེས་མཚོ་རྒྱལ་གྱི་ཕྱག་མཛུབ་ཀྱིས་བྲིས་པའི་ཡི་གེ་འབྲུ་གསུམ་མཁའ་འགྲོའི་འཕུར་ཡིག་རྣམས་གསལ་བར་ཡོད། གནས་མཆོག་དེའི་ཤར་ཕྱོགས་ན། བཻ་རོ་ཙ་ནའི་ཞབས་རྗེས་ཡོད། སྲིན་པོའི་ཀླད་པས་བྲིས་པའི་ཡི་གེ་འབྲུ་གསུམ་ཡོད། ཐུགས་རྗེ་ཆེན་པོའི་སྙིང་པོ་ཡིག་བདུན་གསལ་བར་ཡོད། མཁའ་འགྲོ་མ་བྱོན་པའི་ཞབས་རྗེས་ཡོད། བདུད་འདུལ་རྡོ་རྗེ་གྲོ་ལོད་ཀྱིས་སྲིན་པོ་འདུལ་བའི་ཆེད་དུ་གཟུངས་སྔགས་བྲག་ལ་བྲིས་པ། འདི་ལས་ལྷག་པའི་གནས་གཞན་ལ་མེད། དེའི་རྟགས་ལ་ཡི་གེ་ཨོཾ་རང་བྱོན་ཡོད། མཚོ་རྒྱལ་གྱི་ཞབས་རྗེས་ཡོད། སྲིན་མོ་ཐུར་དུ་དེད་པའི་རྗེས་ཡོད། རྗེ་འབངས་ཤུད་བུ་དཔལ་སེང་གི་ཞབས་རྗེས། ཡི་གེ་ཨོཾ་རང་བྱོན་ཡོད། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་གནས་་ཡིན། དེའི་རྟགས་ལ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཕྱག་རྗེས། དགེ་སློང་ནམ་མཁའི་སྙིང་པོའི་ཞབས་རྗེས། རྒྱལ་བ་ཤཱཀྱ་ཐུབ་པས་བྱིན་གྱིས་བརླབས་པའི་གནས་ཡིན། དེའི་རྟགས་ལ་བྱང་ཆུབ་ཆེན་པོའི་མཆོད་རྟེན། རྡོ་རྗེ་གྲོ་ལོད་དྲག་ཏུ་ཁྲོས་པའི་ཞབས་རྗེས། དག་པ་མཁའ་སྤྱོད་གནས་དང་བྱིན་རླབས་མཉམ། དེའི་རྟགས་ལ་མཁའ་འགྲོ་བདེ་ཆེན་རྒྱ་མཚོའི་ཞབས་རྗེས། གཤིན་རྗེ་གཤེད་དམར་གྱི་སྐུ་དང་བྱོན་ཡོད། ཉེ་བའི་སྲས་བརྒྱད་ཀྱི་གནས་ཡིན། དེའི་རྟགས་ལ་བྱང་ཆུབ་སེམས་དཔའ་སའི་སྙིང་པོའི་ཞབས་རྗེས། སྲིན་པོ་དེད་རྗེས་ཡོད། རྒྱལ་པོ་མཆེ་བ་ཡ་གཅིག་དམ་ལ་བཏགས་པའི་གནས་ཡིན། དེའི་རྟགས་ལ་ཙ་ཡིག་དམར་པོ་རང་བྱོན་ཡོད། གུ་རུ་པདྨ་རྒྱལ་པོའི་ཞབས་རྗེས་ཡོད། རྗེ་འབངས་སངས་རྒྱས་ཡེ་ཤེས་ཀྱི་ཞབས་རྗེས་ཡོད། ཨོ་རྒྱན་ཆེན་པོའི་སེང་གེ་ཆིབས་ནས་བྲོ་བརྡུང་བའི་རྗེས། བཻ་རོ་ཙ་ནའི་ཞབས་རྗེས། གུ་རུ་བློ་ལྡན་མཆོག་སྲེད་ཀྱི་ཞབས་རྗེས། རྗེ་འབངས་ཁྱེའུ་ལོ་ཙཱའི་ཞབས་རྗེས། དེའི་སྟེང་དུ་མཆོད་རྟེན་རང་བྱོན། གཡོན་ཕྱོགས་སུ་ལྷ་འདྲེ་དམ་ལ་བཏགས་པའི་རྣ་ལུང་དང་ས་མ་ཡའི་ཡི་གེ་རྣམས་གསལ་བར་ཡོད། དེའི་གཡས་ཕྱོགས་སུ་བདུད་སྡིག་ཅན་དུག་སྦྲུལ་མགོ་གསུམ་པར་སྤྲུལ་ནས་སོང་བ་གུ་རུ་དྲག་པོའི་དེད་ནས་མགོ་དབུས་མ་བྲག་ནང་དུ་བྲོས་པའི་མགོ་ཡ་གཅིག་ལ་ཁ་ཊཱཾ་བརྒྱབ་ནས་བཅད། གུ་རུ་ཤཱཀྱ་སེང་གེས་བདུད་བཏུལ་བའི་ཞབས་རྗེས། གུ་རུ་ཉི་མ་འོད་ཟེར་གྱི་ཞབས་རྗེས། སྲིན་པོ་ཕོ་མོ་མགོ་མཇུག་ལྡོག་པའི་རྗེས། རྗེ་འབངས་དྲན་པ་ནམ་མཁའ་ཞབས་རྗེས། གུ་རུ་རིན་པོ་ཆེའི་མུ་སྟེགས་དང་རྫུ་འཕྲུལ་མཛད་དུས་སེང་གེའི་རྗེས་དང་མུ་སྟེགས་པ་རྦབ་ལ་བཏང་མལ། མཁའ་འགྲོ་མ་རྣམས་ཀྱི་གནས་ལ་བསྐོར་བ་བྱེད་དུས་ཀྱི་བཞུགས་མལ་ཉི་ཟླ་ཕུག གུ་རུ་སེང་གེ་སྒྲ་སྒྲོགས་ཀྱི་ཞབས་རྗེས། གུ་རུ་རིན་པོ་ཆེས་ཞབས་རྗེས། སོག་པོ་ལྷ་དཔལ་གྱི་ཞབས་རྗེས། ཚེའི་ལྷ་མོ་མགྱོགས་མ་བཞིའི་ཞབས་རྗེས། རྨ་ཐོག་རིན་ཆེན་གྱི་ཕྱག་ཞབས་རྗེས་རྣམས་ཡོད། གཉག་སྟོན་དབང་གི་རྒྱལ་པོའི་སྐུུ་གཟུགས་དང་ཞབས་རྗེས། རྗེ་འབངས་རྒྱལ་བ་མཆོག་དབྱངས་ཀྱི་ཞབས་རྗེས་ཡོད། གླང་ཆེན་དཔལ་སེང་གི་ཞབས་རྗེས། རྡོ་རྗེ་གྲོ་ལོང་ཀྱིས་སྲིན་པོ་དེད་རྗེས། དེའི་གོང་དུ་རིགས་གསུམ་མགོན་པོའི་ཞབས་རྗེས། དེའི་གོང་དུ་ཨོ་རྒྱན་རིན་པོ་ཆེའི་ཞབས་རྗེས། དེའི་གོང་རྗེ་འབངས་འདན་མ་རྩེ་མང་གི་ཞབས་རྗེས། དེའི་གོང་མཁའ་འགྲོ་བཀྲ་ཤིས་ཁྱད་འདྲེན་གྱི་ཞབས་རྗེས། འདི་ན་ཨོ་རྒྱན་རིན་པོ་ཆེས་ལྷ་འདྲེ་ལ་ཆོས་གསུངས་མལ་ཆོས་ཁྲི་ཕུག་བྱ་བ་ཡིན། དེའི་གོང་དུ་བྱ་རྒོད་ཀྱི་གཟུགས། དེའི་གོང་དུ་གཡུ་འབྲུག་གི་གཟུགས། དཔལ་མགོན་མ་ནིང་ནག་པོའི་ཕྱག་མཚན་སྙིང་གི་རྗེས། རྗེ་འབངས་ཤྲཱི་བཛྲ་གྱི་ཞབས་རྗེས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཕྱག་གཡས་པའི་རྗེས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཕྱག་རྗེས། གུ་རུ་རིན་པོ་ཆེས་སེང་གེ་ཁྲིད་རྗེས་དང་ཞབས་རྗེས། བྱང་ཆུབ་སེམས་དཔའ་རྡོ་རྗེ་ལེགས་པའི་རྫུ་འཕྲུལ་གྱི་ཞབས་རྗེས། མཆོད་རྟེན་ཉིན་བྱེད་རང་བྱོན། ཨོ་རྒྱན་རིན་པོ་ཆེས་བྲག་ལ་ཕུར་པ་རྒྱབ་པའི་རྗེས། དེའི་གཡས་ཕྱོགས་སུ་མགོན་པོ་སྤྱན་རས་གཟིགས་ཀྱི་སྐུ་གསལ་བར་བཞུགས། དེའི་འགོ་རུ་རྡོ་རྗེ་ཕག་མོའི་དཀྱིལ་འཁོར། ལྕང་ལོ་ཅན་གྱི་ཕོ་བྲང་ན་ཕྱག་ན་རྡོ་རྗེ་བཞུགས་པའི་ཚུལ། ལྷ་ལྕམ་མནྡ་ར་བའི་རྫུ་འཕྲུལ་གྱི་ཞབས་རྗེས། མགོན་པོ་འཇམ་དབྱངས་ཀྱི་སྐུ་གཟུགས་ཉི་ཟླའི་རྗེས། སྲིན་པོ་འདུལ་བའི་ཆེད་དུ་ཨོ་རྒྱན་རིན་པོ་ཆེས་སྲིན་པོའི་ཚུལ་དང་མཐུན་པར་ཁྱུང་ཆིབས་པའི་སྐུ་རྗེས། ཨོ་རྒྱན་རིན་པོ་ཆེའི་སྤྲུལ་པ་བྱང་ཆུབ་སེམས་དཔའ་རྡོ་རྗེ་ལྟ་བུའི་ཞབས་རྗེས། དེའི་གཡོན་ཕྱོགས་སུ་དུག་སྦྲུལ་ཐུར་དུ་རྒྱུགས་པ་འདྲ་བ་ཡོད། དེ་ཨོ་རྒྱན་རིན་པོ་ཆེ་ཉི་ཟེར་ལ་ཆིབས་ནས་བྱོན་རྗེས་ཡིན། ཨོ་རྒྱན་རིན་པོ་ཆེས་སྲིན་པོ་དེད་ནས་རྗེས་སུ་རྡོ་རྗེ་འཕང་བའི་རྗེས། དེའི་གོང་དེར་མཆོད་རྟེན་རྗེས་ཡོད། སྲིན་པོའི་ཀླད་པས་བྲིས་པའི་ཡི་གེ་ལ་བཻ་རོ་ཙ་ནའི་ཞབས་རྗེས་ཆ་གཅིག་ཤུད་བུ་དཔལ་སེང་གི་ཞབས་རྗེས། དཔལ་ལྷ་ལས་བབ་པའི་མཆོད་རྟེན་གསལ་བ་ཨོ་རྒྱན་རིན་པོ་ཆེའི་ཞབས་རྗེས། ཁྱུང་གི་སྤྱི་གཙུག་ན་བུམ་པ་ཉི་ཟླས་མཚན་པའི་རྗེས། དེའི་གཡས་སུ་གུ་རུ་མཚོ་རྒྱལ་འབུམ་གྱིས་མཚན་བརྒྱད་ཞལ་གཟིགས་ནས་བྲག་ལ་ཐིམ་མལ་དུ་མཚན་བརྒྱད་སྐུ་དང༌། གུ་རུ་མཚོ་རྒྱལ་འབུམ་གྱི་ཞབས་རྗེས་མཚན་བརྒྱད་ཕུག་ཅེས་བྱ་བ་ཡིན། དེའི་གཡས་སུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྒྲུབ་ཕུག་ཉི་ཟླ་ཕུག་ཡོད། དེ་ན་ཡེ་ཤེས་མཚོ་རྒྱལ་ཞབས་རྗེས་ཡོད། དེའི་སྟེང་དེར་ཡེ་ཤེས་མཚོ་རྒྱལ་གྱི་ཞབས་རྗེས། མཁའ་འགྲོ་མ་ཀ་ལ་སིད་ངྷིའི་ཞབས་རྗེས་ཡ་གཅིག་ཨོ་རྒྱན་རིན་པོ་ཆེའི་ཞབས་རྗེས། དེའི་འོག་དེར་ཡེ་ཤེས་མཚོ་རྒྱལ་གྱི་མཚན་གྱི་ཞབས་རྗེས། མཚོ་རྒྱལ་ཞབས་རྗེས། གནས་འདི་རྒྱ་གར་རྡོ་རྗེ་གདན་དང་བཀོད་པ་མཉམ། དེའི་རྟགས་ལ་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ། དེའི་ཕན་དུ་མགོན་པོ་ཚེ་དཔག་མེད་ཀྱི་གཟུགས། དེའི་གོང་དུ་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་ཀྱི་སྐུ་གསལ་བར་ཡོད། དེའི་གོང་དེར་ཨཱཿརང་བྱོན་ཡོད། དེའི་གཡས་སུ་འཇམ་དབྱངས་སེང་གེ་ལ་ཆིབས་པ་དང་ཡི་གེ་དྷཱི༔ཡོད། གྲུབ་ཆེནཔདྨ་བཛྲ་གྱི་ཞབས་རྗེས་ཡོད། ཤཱཀྱ་སེང་གེའི་སྐུ་གཟུགས་གཙུག་ཏོར་ཅན། པདྨ་འབྱུང་གནས་བེར་མཐིང་ནག་མནབས་པ། གྲུབ་ཆེན་ཉ་ལྟོ་བའི་གནས་ཡིན། དེའི་རྟགས་ལ་རྟ་ཞལ་ཕག་གདོང་གསལ་བར་ཡོད། བྱང་ཆུབ་སེམས་དཔའ་སིདྡྷིའི་ཞབས་རྗེས། གཡས་ཀྱི་བྲག་ལ་དུང་དཀར་གྱི་རྗེས། དེ་ན་རྒྱ་ནག་བཀྲ་ཤིས་ཀྱི་ཡི་གེ རྒྱལ་ཆེན་རྣམ་སྲས་ཀྱི་ཕྱག་མཚན་ནེའུ་ལེའི་ལུས་པོའི་རྗེས། སངས་རྒྱས་འོད་དཔག་མེད་ཀྱི་སྐུ་གཟིགས། མཎྜ་ར་བ་བཞེངས་ནས་ཚེ་བུམ་བསྣམས་པའི་སྐུ་གཟུགས། གནས་བརྟན་དྷརྨ་ཏའི་སྐུ་གཟུགས་སློབ་དཔོན་ཨར་ཡ་དེ་བའི་རྫུ་འཕྲུལ་གྱི་ཞབས་རྗེས། རྗེ་འབངས་ཤྲཱི་བཛྲ་གྱི་ཞབས་རྗེས། དེའི་གོང་དེར་སློབ་དཔོན་ཀླུ་སྒྲུབ་ཀྱི་རྫུ་འཕྲུལ་གྱི་ཞབས་རྗེས། དེའི་གོང་དེར་ཛམ་བྷ་ལ་རང་བྱོན། དངོས་གྲུབ་ཕུག་བྱ་བ་ཡིན། བྱང་ཆུབ་སེམས་དཔའ་ཀུན་འཕགས་ཀྱི་ཞབས་རྗེས། དེའི་གོང་དེར་བླ་མ་སྐུ་གསུམ་གྱི་སྐུ་རྗེས་ངོ་མཚར་ཅན་ཡོད། གནས་འདི་མཇལ་ན་ངན་སོང་གི་སྐྱེ་སྒོ་ཆོད། དེའི་རྟགས་ལ་ཆོས་ཀྱི་རྒྱལ་པོའི་སྐུ། སློབ་དཔོན་དབྱིན་གཉེན་གྱི་རྫུ་འཕྲུལ་གྱི་ཞབས་རྗེས། དེའི་གཡས་སུ་མཚལ་གྱིས་བྲིས་པའི་ཨཱཿཡོད། དེའི་གོང་དུ་གནས་བརྟན་མི་ཕྱེད་པའི་སྐུ་གཟུགས། དེའི་གོང་དུ་གནས་བརྟན་ཡན་ལག་འབྱུང་གི་སྐུ་གཟུགས། དེའི་གོང་དུ་གནས་བརྟན་རྒྱལ་པོ་ཡུལ་འཁོར་སྲུང་གི་སྐུ། དེའི་གོང་དེར་གནས་བརྟན་རྡོ་རྗེ་མོའི་བུའི་སྐུ་གཟུགས། དེའི་གོང་དེར་རྒྱལ་པོ་ཧ་ཤང་གི་སྐུ་གཟུགས། རྡོ་རྗེ་དྲིལ་བུ་པའི་རྫུ་འཕྲུལ་གྱི་ཞབས་རྗེས། སློབ་དཔོན་ཐོག་མེད་ཀྱི་རྫུ་འཕྲུལ་གྱི་ཞབས་རྗེས། སློབ་དཔོན་ཡོན་ཏན་འོད་ཀྱི་ཞབས་རྗེས། པདྨ་སམ་བྷའི་རྫུ་འཕྲུལ་གྱི་ཞབས་རྗེས། གྲུབ་ཐོབ་རལ་གྲི་པའི་རྫུ་འཕྲུལ་གྱི་ཞབས་རྗེས། སློབ་དཔོན་ཤཱཀྱ་ཀྱི་འོད་ཀྱི་ཞབས་རྗེས། གནས་བརྟན་བ་ཀུ་ལའི་སྐུ་གཟུགས། ཕྱོགས་ཀྱི་གླང་པོ་ཆེན་པོའི་ཞབས་རྗེས། གནས་བརྟན་སྦད་བྱེད་རང་བྱོན་བཞུགས། གྲུབ་ཐོབ་ཆེན་པོ་ཌོ་བྷིའི་ཞབས་རྗེས། སློབ་དཔོན་ཆོས་ཀྱི་གྲགས་པའི་ཞབས་རྗེས། འབིར་བ་པའི་ཞབས་རྗེས། ཨིནྡྲ་བོ་དྷིའི་ཞབས་རྗེས་དེ་རྣམས་གསལ་བར་བཞུགས། གྲུབ་ཆེན་ཤ་བ་རིའི་ཞབས་རྗེས། ནཱ་རོ་པའི་རྫུ་འཕྲུལ་གྱི་ཞབས་རྗེས། ཏཻ་ལོ་པའི་རྫུ་འཕྲུལ་གྱི་ཞབས་རྗེས། ཀུ་ཀུ་རི་པའི་རྫུ་འཕྲུལ་གྱི་ཞབས་རྗེས། གནས་བརྟན་ལམ་ཕྲན་བསྟན་གྱི་སྐུ། མཁའ་འགྲོ་མ་རྣམས་ཀྱི་ཚོགས་ལ་བྲོ་བརྡུང་མལ། དེའི་ནང་ནས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་ཞབས་རྗེས་ལེགས་པོ་ཡོད། རྒྱལ་བ་མཆོག་དབྱངས་ཀྱི་ཞབས་རྗེས།
གྲུབ་ཆེན་ས་ར་ཧ་པའི་ཞབས་རྗེས། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་ཀྱི་ཞབས་རྗེས། ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས་ལྷ་ཡུལ་ནས་རྡོ་ཡར་ལ་བཀོག་མལ། དུང་དཀར་གཡས་སུ་འཁྱིལ་པའི་རྗེས་རྣམས་ཡོད། གྲུབ་ཆེན་ཡེ་ཤེས་རྡོ་རྗེའི་ཞབས་རྗེས། གནས་བརྟན་ལམ་ཕྲན་བསྟན་གྱི་སྐུ། དེའི་གོང་ན་ཕུག་པ་རྫ་རྔ་ལྟ་བུ་ན། མཁའ་འགྲོ་མ་རྣམས་ཉིན་བཞིན་དུ་གནས་གཞན་དུ་བྱེར། མཚན་བཞིན་ཚོགས་འཁོར་བསྐོར་བའི་གནས། བྲག་ལྷ་བཤོས་ལྟ་བུ་ན་གྲུབ་ཆེན་གྷ་ཡ་ངྷ་རའི་ཞབས་རྗེས། གུ་རུ་རིན་པོ་ཆེའི་ཕྱག་མཁར་གྱི་རྗེས་ལ་ཡི་གེ་ཨཱཿཡི་མཚན་པ། བྱང་ཆུབ་སེམས་དཔའ་རྡོ་རྗེ་ལྟ་བུའི་ཞབས་རྗེས། ཆོས་སྐུ་ཀུན་ཏུ་བཟང་པོའི་སྐུ་རང་བྱོན། དེའི་གཡས་སུ་རིན་ཆེན་དུང་ཞལ་དཀར་པོ་ལ། འཆི་མེད་ཚེའི་ལྷ་ཚོགས་གསལ་བར་ཡོད། པནྚི་ཏ་ཕྱོགས་མེད་པའི་ཞབས་རྗེས་ཡོད། ཇོ་བོ་ཚོགས་བདག་གི་སྐུ་གསལ་བར་ཡོད། སྤྲིན་ནག་འཁྲུགས་པའི་ཀློངན་དམ་ཅན་མགར་བ་དམར་པོའི་སྐུ། མཁའ་འགྲོ་མ་ཤཱཀྱ་དེ་ཝའི་ཞབས་རྗེས། གུ་རུ་པདྨ་སམྦྷའི་ཞབས་རྗེས་རིང་བསྲེལ་གྱིས་མཚན་པ། ལྷ་ལྕམ་མཎྜ་ར་བའི་རྫུ་འཕྲུལ་གྱི་ཞབས་རྗེས། རིག་འཛིན་དགའ་རབ་རྡོ་རྗེའི་ཞབས་རྗེས། དེའི་གཡས་སུ་རྟ་ཕག་ཡབ་ཡུམ་གྱི་སྐུ། གནས་བསྟན་གསེར་བེའུའི་སྐུ། ཝར་རྟུ་ནའི་ཡི་གེ་ཨོཾ། གུ་རུ་རིན་པོ་ཆེའི་ཕྱག་མཁར་རྗེས། བློ་ལྡན་མཆོག་སྲེད་ཀྱི་ཞབས་རྗེས། གནས་འདི་ལྷོ་ནུབ་པདྨ་འོད་དང་བྱིན་རླབས་མཉམ། དེའི་རྟགས་ལ་ཨོ་རྒྱན་རིན་པོ་ཆེའི་སྐུ་རང་བྱོན། རིན་ཆེན་དུངགི་མཆོད་རྟེན་རང་བྱོན། རྒྱ་ནག་གི་ཡི་གེ་ཧྲཱིཿབྱི་རུའི་མཆོད་རྟེན་རང་བྱོན། རྡོ་རྗེ་ཕག་མོའི་སྐུ་རང་བྱོན། གྲུབ་ཆེན་མཻ་ཏྲི་པའི་ཞབས་རྗེས། ཕག་མོ་དབུ་བཅད་མའི་སྐུ་རང་བྱོན། གྲུབ་ཆེན་ཆུ་བོ་རི་པའི་ཞབས་རྗེས། གྲུབ་ཆེན་ཨོ་རྒྱན་པའི་སྐུ་རང་བྱོན་གསལ་བར་བཞུགས། དེའི་གཡས་སུ་ཨོ་རྒྱན་གྱི་སྐུ་དང་ཞབས་རྗེས་བཞུགས། དེའི་གཡས་སུ་ཐུགས་ཀྱི་མཚན་པའི་ཡི་གེ་ཧཱུྃ། དེའི་འོག་ཏུ་གསུང་གི་མཚན་པའི་ཡི་གེ་ཨཱཿ དེའི་འོག་ཏུ་སྐུའི་མཚན་པའི་ཡི་གེ་ཨོཾ། ཨོ་རྒྱན་རིན་པོ་ཆེའི་ཕྱག་མཚན་རྡོ་རྗེའི་གཟུགས། གནས་བརྟན་མ་ཕམ་པའི་སྐུ་གསལ་བར་ཡོད། གྲུབ་ཆེན་ཨཱཿཡིག་དོན་རྟོགས་ཀྱི་ཞབས་རྗེས་བཞུགས། རྟ་མགྲིན་ལྕགས་རལ་ཅན་གྱི་སྐུ་རང་བྱོན། འཇམ་དབྱངས་ཀྱི་རྫུ་འཕྲུལ་གྱི་ཞབས་རྗེས་དེ་རྣམས་གསལ་བར་བཞུགས། གྲུབ་ཐོབ་ཕྱག་ཆེན་པའི་ཞབས་རྗེས། རིག་འཛིན་ཤྲཱི་སེང་ཧའི་ཞབས་རྗེས། ཨོ་རྒྱན་རིན་པོ་ཆེའི་ཞབས་གཡོན་པའི་རྗེས་གསལ་བར་ཡོད། ༈ གནས་མཆོག་དེའི་ཤར་ལྷོ་ན། རྒྱལ་ཆེན་སྤྱན་མི་བཟང་གི་སྐུ་རང་བྱོན། ཀླུའི་ནོར་བུ་དུང་དཀར་གཡས་འཁྱིལ་གྱི་རྗེས། གནོད་སྦྱིན་ཤན་པ་དམར་ནག་གི་སྐུ། ཐོད་རྒལ་ཡེ་ཤེས་དང་རྡོར་སེམས་དངོས་གྲུབ། ཟླ་བའི་བློ་གྲོས་གསུམ་གྱི་ཞབས་རྗེས་གསལ་བར་བཞུགས། རྡོ་རྗེ་སེམས་དཔའ་དང་འོད་དཔག་མེད་ཚེ་དཔག་མེད་གསུམ་གྱི་སྐུ་རང་བྱོན། ཡི་གེ་ཨེ་ཝཾ་དབུ་ཅན་རང་བྱོན་གྱི་སྟེང་དུ་འཇམ་དབྱངས་རང་བྱོན། གྲུབ་ཐོབ་སངས་རྒྱས་ཡེ་ཤེས་ཀྱི་ཞབས་རྗེས། གསུང་མཆོག་ཚངས་དབྱངས་མཆོག་གི་ཞབས་རྗེས། གྲུབ་ཐོབ་དཔལ་བེའུ་མཆོག་གི་ཞབས་རྗེས། གྲུབ་ཆེན་སྒོར་བ་པའི་ཞབས་རྗེས། །བྱང་ཆུབ་སེམས་དཔའ་རྡོ་རྗེ་སེམས་དཔའི་ཞབས་རྗེས། གྲུབ་ཐོབ་ཕྲིན་ལས་འགྲོ་འདུལ་གྱི་ཞབས་རྗེས། གྲུབ་ཐོབ་ཡེ་ཤེས་མཆོག་གི་ཞབས་རྗེས། དུང་དཀར་རང་བྱོན། གྲུབ་ཐོབ་རྡོ་རྗེ་འབྱུང་གནས་ཀྱི་ཞབས་རྗེས། རྫོགས་ཆེན་གྲུབ་ཐོབ་ངྷརྨ་ངྷ་རའི་ཞབས་རྗེས། མགོན་པོ་ཚེ་དཔག་མེད་ཀྱི་ཞབས་རྗེས། གྲུབ་ཐོབ་ཨང་འགེའི་ཞབས་རྗེས། མ་གཅིག་ཁྲོས་མ་ནག་མོའི་སྐུ་རང་བྱོན། ཡི་གེ་ཧྲཱི༔རང་བྱོན། རྟ་མགྲིན་དམར་པོའི་སྐུ། ལེགས་པའི་དངོས་གྲུབ་ཀྱིཞབས་རྗེས། རྒྱ་གར་གྱི་ཤིང་ཏོག་གི་གཟུགས།
༈ སྐྱོ་ཁོ་འགག་མཇུག་ཏུ། སྲིན་པོ་བཏགས་པའི་སྣ་ལུང༌། སྲིན་པོའི་ཀླད་པས་བྲིས་པའི་ཡིག་དྲུག་ཡི་གེ་རང་བྱོན། པཎ་ཆེན་ཤཱཀྱ་ཤྲཱིའི་ཞབས་རྗེས་ཆ་གཅིག་སྲིན་པོའི་ཀླད་པས་བྲིས་པའི་ཡི་གེ་ཧཱུྃ། གུ་རུ་རིན་པོ་ཆེའི་རྫུ་འཕྲུལ་གྱི་ཞབས་ཀྱིས་བཅག་པའི་རྗེས། བལ་མོ་ཤཱཀྱ་དེ་ཝས་རྫུ་འཕྲུལ་གྱིས་ཕྱག་མཛུབ་ཀྱིས་བྲིས་པའི་ཡི་གེ་དྲུག ཨོ་རྒྱན་གྱིས་ཆུ་འདྲེ་དམ་ལ་བཏགས་པའི་རྗེས། ཨོ་རྒྱན་གྱིས་བྲག་སྲིན་མོ་དམ་ལ་བཏགས་པའི་རྗེས། གསང་སྔགས་ཀུན་གྱི་མགོ་བོ་ཡི་གེ་ཨོཾ། སྐུ་གསུང་ཐུགས་ཀྱི་སྙིང་པོ་གསལ་བར་ཡོད། དེའི་གོང་དུ་ཧྲཱི༔རང་བྱོན། སྐུའི་རིག་འཛིན་རྡོ་རྗེ་འབྱུང་གནས་ཀྱི་ཞབས་རྗེས།
རྡོ་རྗེ་དྲག་རྩལ་གྱི་སྲིན་པོ་དམ་ལ་བཏགས་པའི་རྗེས་ཆུ་ནང་ན་ཡོད། སྲིན་ཀླད་ཀྱི་བྲིས་པའི་ཡི་གེ་ཨཱ་སྲིན་ཀླད་ཀྱི་བྲིས་པའི་ཡི་གེ་དྲུག་དང་བཛྲ་པ་ཎི། གོང་མ་འདིར་ཡེ་ཤེས་སེམས་དཔའི་ཞབས་རྗེས། སྲིན་ཀླད་ཀྱིས་བྲིས་པའི་ཡིག་དྲུག་མང་པོ། རྒྱ་གར་གྱི་གྲུབ་ཐོབ་སྙན་པའི་ཞབས་རྗེས། སྲིན་ཀླད་ཀྱིས་བྲིས་པའི་ཡིག་དྲུག་མང་པོ་བཞུགས། དེའི་གོང་གི་ཕུག་ནང་ན་ཤཱཀྱ་ཐུབ་པ་དང་ཨོ་རྒྱན་གྱི་སྐུ་གསལ་བར་བཞུགས། ཨོ་རྒྱན་གྱི་བཞུགས་ཁྲི་དང་ཞབས་རྗེས་བཞུགས། དེའི་གོང་གི་ཕུག་ནང་ན་ཤཱཀྱ་ཐུབ་པ་དང་ཨོ་རྒྱན་གྱི་སྐུ་གསལ་བར་བཞུགས། ཨོ་རྒྱན་གྱི་བཞུགས་ཁྲི་དང་ཞབས་རྗེས་བཞུགས། གྲུབ་ཐོབ་སྐྱོ་བྲག་ཆོས་རྗེའི་ཞབས་རྗེས། ཡི་གེ་རྣམས་ཀྱི་མགོ་བོ་ཀ་རང་བྱོན། ལུང་བསྟན་གྱི་ཆ་སྲིན་ཀླད་ཀྱིས་བྲིས་པའི་ཡིག་དྲུག་དང་གཟུངས་སྔགས་མང་པོ། ཧྲཱི༔རང་བྱོན་དང་ཞབས་རྗེས། ཨོཾ་རང་བྱོན། གུ་རུ་རིན་པོ་ཆེའི་རྫུ་འཕྲུལ་གྱི་ཞབས་རྗེས། ཨ་དང་གཡུང་དྲུང་རང་བྱོན། སྲིན་ཀླད་ཀྱིས་བྲིས་པའི་བཛྲ་གུ་རུ་དང་ཡིག་དྲུག་རང་བྱོན། ཨཱཿརང་བྱོན། བོན་སྐུ་སྣང་བ་ཀུན་ཁྱབ་དང་བོན་ཡིག་མང་པོ་རང་བྱོན། དམ་ཅན་གྱི་ར་ཆིབས་པའི་རའི་ཞབས་རྗེས། རྒྱ་གར་གྱི་རིག་འཛིན་བརྒྱད་ཀྱི་ཞབས་རྗེས། ཡང་ཆུ་ཕ་རི་ན་ཨཱཿརང་བྱོན་ཆེན་པོ། གནས་བརྟན་བཟང་པོའི་སྐུ། མཚོ་རྒྱལ་ཞབས་རྗེས་ཆ་གཅིག་བཻ་རོ་ཙ་ནའི་ཕྱག་བྲིས་ཝ་གི་ཤྭ་ར་བྲག་འགགས་ཐམས་ཅད་ན་ཡི་གེ་རང་བྱོན་མང་པོ་ཡོད། དགོས་འདོད་ཀུན་འབྱུང་ཡི་གེ་ཨཱཿ སྨོན་ལམ་གང་བཏབ་འགྲུབ་པར་འགྱུར། ཅོག་རོ་ཀླུའི་རྒྱལ་མཚན་གྱི་གནས་བརྟན་བ་ཀུ་ལ་ཞག་ལྔ་བསྒྲུབ་པའི་ཕུག་པར་ཞབས་རྗེས་ཆ་གཅིག་ཨཱཿརང་བྱོན་གྲུབ་ཐོབ་ཆོས་དཔལ་གྱི་ཞབས་རྗེས། ཡི་གེ་ལ་རིང་བསྲ
བཀའ་བརྒྱུད་གྲུབ་པའི་གཤེགས་ཤུལ་དཔལ་ལྡན་འབའ་རོམ་པ་ཆེན་པོ་ལ་མཉམ་མེད་དྭགས་པོ་རིན་པོ་ཆེའི་ཞལ་ཆེམས་མནོག་ཆོས་སུ་སྩལ་བའི་ཐབས་ལམ་ནཱ་རོའི་ཆོས་དྲུག་དང༌། གྲོལ་ལམ་ཕྱག་རྒྱ་ཆེན་པོ། བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་སོགས་ཀུན་ལས་མན་ངག་གི་ཞབས་དོན་ཁྱད་པར་དུ་འཕགས་པ་དུ་མ་ཞིག་སྩལ་བའི་ནང་ཚན་ཟབ་ལམ་རྡོ་རྗེའི་ཆོས་བཞི་དང༌། ཡན་ལག་གི་ཆོས་གཉིས་བཅས་ཡོངས་དྲིལ་ནཱ་རོའི་ཆོས་དྲུག་ཅེས་གསང་སྔགས་བླ་མེད་མ་རྒྱུད་ཀྱི་རྫོགས་རིམ་མཐར་ཐུག་ཏུ་སྡོམ་པར་མཛད་པས་རིགས་ཅན་གསུམ་གྱི་གདུལ་བྱ་མཐའ་དག་རབ་ཚེ་གཅིག་ལུས་གཅིག །འབྲིང་བར་དོ་མཁའ་སྤྱོད། ཐ་ན་སྐྱེ་བ་བདུན་ནས་མངོན་པར་འཚང་རྒྱ་བའི་གསེང་ལམ་རྨད་དུ་བྱུང་བ་འདི་ཉིད། བཀའ་བརྒྱུད་གྲུབ་པའི་གཙུག་རྒྱན་དཔལ་ལྡན་དར་མ་དབང་ཕྱུག་ནས་བཟུང་གྲུབ་བརྙེས་གསེར་རིའི་ཕྲེང་བ་ཟླ་ལྕི་འབྲི་གསུམ་གྱི་བར་ན་སྒོམ་སྡེ་རི་ཁག་བཅོ་བརྒྱད་སོགས་མཁས་མང་ནམ་མཁའི་སྐར་ཚོགས་ལྟར་བཀྲ་ཞིང༌། གྲུབ་ཐོབ་སེང་ཁྱུ་འདྲོགས་པ་ལྟ་བུ་ཆོས་དང་ཆབ་སྲིད་ཀུན་ལས་ཁྱད་པར་དུ་འཕགས་པ་ཞིག་བྱུང་མོད། འོན་ཀྱང་ཕྱིས་སུ་གདན་ས་ཐོག་འོག་བར་གསུམ་ལ་གཞན་རྐྱེན་གྱིས་ཉམས་རྒུད་རིམ་པར་བྱུང་བར་བརྟེན་གདམས་ངག་གསེང་ལམ་གྱི་བརྒྱུད་པ་རྣམས་ཕྲ་ཤུས་སུ་གྱུར་རུང༌། ཆོས་དྲུག་རྩ་བ་མུན་པའི་སྒྲོན་མེ་དང༌། ཕྱག་ཆེན་ནམ་མཁའི་ཁེབ་མ་་་་་་སྐྱོ་བྲག་ཆོས་རྗེ་རིན་པོ་ཆེས་མཛད་པ་དང༌། དེ་དག་གི་རྒྱབ་ཆོས་སུ་འབའ་རོམ་པའི་མགུར་འབུམ། བསྲེ་འཕོ་དར་ཁུག་མ། རྗེ་ཏི་ཤྲཱི་རས་པའི་བཀའ་འབུམ་པོད་གཉིས། རིན་པོ་ཆེ་གཅིག་ཆོད་བཅས་རྩ་འགྲེལ་པོད་གཅིག །སྤྱན་སྔ་ལུས་མེད་རྡོ་རྗེའི་ཆོས་བཞི། རྟོག་པ་བྲལ་བའི་ཕྱག་ཆེན། དམར་མོ་ཆོས་རྗེའི་གསུང་མགུར་ཉམས་ཁྲིད་སྐོར་དང༌། སྟོང་ནག་རས་པ་བློ་གྲོས་རྡོ་རྗེའི་མགུར་འབུམ། དམར་མོ་བསོད་ནམས་འོད་ཟེར་གྱི་ཕྱག་ཆེན་ལུང་གི་གཏེར་མཛོད་པོད་གཅིག་དར་མ་དབང་ཕྱུག་མགུར་འབུམ་བཅས་བརྒྱུད་པ་མ་ཉམས་པར་བཞུགས་པ་ལ། དེ་ཡང་ཆོས་རྗེ་རིན་པོ་ཆེའི་ལུང་བསྟན་ལས། །འཇིག་རྟེན་སྤོས་ཆུས་བརྒྱན་པའི་ཞིང་ཁམས་ཀྱི། །མི་མཇེད་ཐུགས་ཀྱི་གནས་མཆོག་དམ་པ་འདིར། །མི་རབས་བཅུ་གསུམ་འདས་པའི་འོག་རོལ་ཏུ། །ང་ཉིད་དངོས་སུ་གདན་ས་འདི་རུ་འོང༌། །ཟབ་མོ་ནཱ་རོ་ཆོས་དྲུག་བསྟན་པ་དར། །དེ་དུས་ཁྱོད་ཀྱང་སློབ་མའི་གཙོ་བོར་འབྱུང༌། །ཞེས་དང༌། ཡང་ཆོས་རྗེའི་ཞལ་ནས། མངའ་བདག་མཻ་ཏྲི་པའི་སྤྲུལ་པས་ཟབ་གཏེར་ལ་ལོངས་སྤྱོད་པའི་དུས་སུ། ང་ཉིད་ཀྱང་གནས་འདིར་དངོས་སུ་ཡོང་ལ་ཟབ་མོ་ནཱ་རོ་ཆོས་དྲུག་གི་བསྟན་པ་དར་བར་བྱེད་དོ། །ཞེས་གསུངས་པ་ལྟར་ཐུགས་བསྐྱེད་དུས་སུ་སྨིན་པ་སྤྲུལ་པའི་སྐུ་མཆོག་ཀརྨ་མི་ཕམ་ཆོས་ཀྱི་སེང་གེ་ཞེས་སྐྱེས་སྦྱངས་ཀྱི་ཡོན་ཏན་ཕུལ་དུ་སོན་ཅིང༌། པདྨ་ཉིན་བྱེད་དབང་པོ། བསྟན་འཛིན་དགེ་ལེགས་ཉི་མ། ཟླ་བཟང་བསྟན་པ་རབ་རྒྱས་སོགས་སྐྱེས་ཆེན་དུ་མས་རྗེས་སུ་བཟུང་ཞིང༌། གསང་བ་ཟབ་མོའི་མཛོད་ལ་མངའ་དབང་བརྙེས་པའི་ཚུལ་བཀའ་ལུང་རྡོ་རྗེའི་དྲིལ་ཆེན་པོ་བསྒྲགས་པར་མཛད་པ་དེ་ཉིད་ལ་འབའ་རོམ་པའི་གསེར་ཆོས་ཟབ་མོའི་སྨིན་གྲོལ་གྱི་རྒྱུན་རྣམས་སྙན་བརྒྱུད་དག་སྣང་རྗེས་དྲན་གྱི་སྒོ་ནས་བཀའ་བབས་པའི་ཚེ། དེའི་རྟོགས་བརྗོད་རྡོ་རྗེའི་གླུར་བཞེངས་པའི་འཇིགས་མེད་སེང་གེའི་ང་རོ་ལས། དཔལ་ཀིརྟཱི་དྷྭ་ཛའི་ནམ་མཁའ་ལ། །མགོན་མ་ཏི་དང་པུཎྱཻའི་ཉི་ཟླ་ཤར། །བུ་སློབ་མ་དང་ཡང་སློབ་གཟའ་སྐར་བཀྲ། །གསལ་ཉི་ཟླའི་འོད་ལ་ནུབ་པ་མེད། །ལས་སྔོན་བསགས་པདྨོའི་དྲོད་ལ་བཀུག །བཅུད་རོ་བརྒྱས་རྐང་དྲུག་གཤོག་རྩལ་རྒྱས། །མུན་སེལ་གྱི་ཟླ་བས་གླིང་བཞི་བསྐོར། །ད་དུས་བབས་ཀྱི་རྟེན་འབྲེལ་རི་མོ་དང༌། །འགྱུར་མེད་ཀྱི་བཀའ་རྟགས་ཕྱག་རྗེས་མངོན། །ཞེས་དང༌། མཆོག་རྡོ་རྗེ་བཙུན་མོ་མི་མོའི་ཚུལ། །གནས་འཇིག་རྟེན་འདི་རུ་བྱོན་པ་ཡི། །དབྱིངས་ཌཱ་ཀི་ནམ་མཁའི་རྣལ་འབྱོར་མས། །སྔོན་འོག་མིན་ས་སྤྱོད་དགོན་པ་རུ། །མི་ཁོ་བོ་རྗེས་སུ་བཟུང་བའི་ཕྱིར། །ཚུལ་དམ་ཚིག་ཌཱ་ཀིའི་ཆ་ལུགས་ཀྱིས། །རྒྱུད་ཟབ་མོའི་དོན་དང་བརྡ་ཡི་དབང༌། །དོན་སྙན་བརྒྱུད་ཀྱི་མན་ངག་ཆིག་རྫོགས་རྩལ། །ཕ་བཀའ་བརྒྱུད་ཀྱི་རྗེས་ཤུལ་ཟིན་ནམ་སྙམ། །ཡིད་དད་སྤྲོའི་དགའ་བ་ཚད་མེད་ཐོབ། །ཅེས་གསུངས་སོ། རྗེས་འཇུག་ཐ་ཤར་བདག་གིས་ནི་ཉམས་ལེན་ལྟ་ཅི་སྨོས་ཟབ་ཆོས་ཅི་ཡོད་མི་ཤེས་པས་ཡིད་སྐྱོ་བའི་ཅན་བྱས་བཀའ་དྲིན་གསུམ་ལྡན་བློ་གྲོས་རིན་ཆེན་གྱིས་གསུང་ལྟར་དུ་དྲན་གསོ་སྐུལ་ཕྱིར་ཕབ་པ་དགེའོ། སེ་སྤྲུང་མིང་འཛིན་པ་ཚོགས་གཉིས་ནས་དགེའོ།