གཅན་འོད་འབར།
༡
ཁོར་ཡུག་འདིའི་གྲུ་ཟུར་ཀུན་ཏུ་དྲག་རླུང་ལྟར་ལྡང་ཞིང་འབྲུག་སྒྲ་བཞིན་གྲགས་པའི་ཡ་མཚན་དངོས་བྱུང་གི་གནས་ཚུལ་ཁྱད་མཚར་ཞིག་ཁྱབ་བཞིན་པ་དེ་ནི་ཁ་སང་འཇིག་རྟེན་འདི་དང་གཏན་དུ་ཁ་བྲལ་བའི་ཤི་བོ་དེའི་དོན་རྐྱེན་རེད། བསམ་བློ་པ་ཚོས་བཤད་ན། ཁོར་སེམས་ནད་བྱུང་ནས་ཤི་བ་རེད་ཟེར། ཚན་རིག་པ་ཚོས་སྨྲས་ན་མ་རེད། ཁོ་གཞན་གྱིས་ལྐོག་གསོད་བྱས་པ་རེད་ཟེར། སྨན་པ་ཚོས་བརྗོད་ན། དེ་མ་རེད། ཁོ་ནད་རྙིངབསྐྱར་འཕར་བྱུང་ནས་འཆི་བ་རེད་ཟེར། གང་ལྟར་སུས་ཀྱང་ཁ་ཚོན་གཅོད་མ་ཐུབ་པའི་དོན་རྐྱེན་འདི་གྲུ་ཟུར་འདིའི་སྐྱེ་དངོས་ཚང་མས་ལན་རྒྱག་དཀའ་བའི་དྲི་བའམ་གབ་ཚིག་ཅིག་རེདལ། གངས་ལྷ་སྒྲོལ་མར་མཚོན་ན་ཆེས་འགྲེལ་དཀའ་ཞིང་བརྗེད་མི་ཐུབ་པའི་གནད་དོན་ཞིག་ཀྱང་རེད། འོན་ཀྱང་ཡིད་སྐྱོ་བ་ཞིག་ལ་ཁ་སང་གི་ཉིན་མོ་དེ་ཁོའི་སྐྱེས་སྐར་རེད་ལ་ཤི་སྐར་ཡང་རེད། ཁོ་འཇིག་རྟེན་འདི་དང་གཏན་དུ་ཁ་བྲལ་བའི་དོན་དག་འདི་བདག་གིས་དེ་རིང་ཅི་ཞིག་དང་འབྲེལ་བ་ཡོད་པ་རྟོགས་ལ་ཁོ་ཤི་ནས་རོ་ལངས་རྒྱག་དོན་ཡང་གང་ཞིག་ལ་ཐུག་ཡོད་པ་བདག་གིས་གཏམ་རྒྱུད་འདི་ལས་ཤེས་བྱུང་མོད། འོན་ཀྱང་ང་ལ་ཡང་བདེན་དཔང་ཡང་དག་ཅིག་མེད།
ཁོ་ཤི་བ་ནས་བཟུང་གངས་ལྷ་སྒྲོལ་མའི་ལུས་སེམས་གཉིས་བདེ་ལ་ཐེངས་གཅིག་ཀྱང་བབས་མ་མྱོང་ལ་ལྷག་པར་དུ་དངངས་སྐྲག་དང་ཐེ་དོགས་ཀྱི་སྣང་བ་ལྕི་མོ་ཞིག་གིས་ཁོ་མོར་བག་ཡངས་དང་ཞི་འཇམ། ད་དུང་ལྷིང་འཇགས་ཀྱི་འཚོ་བ་ཞིག་ནམ་ཡང་སྤྲད་མ་མྱོང། མདང་དགོང་རྨི་ལམ་དུ་ཡང་འདས་ཟིན་པའི་ཁོ་རང་རྨིས་པས་ད་ནངས་མོ་གྲོགས་མོའི་ཉལ་ཁང་དུ་སླེབས་ནས་ཁོ་མོར་མདང་ནུབ་རྨི་ལམ་ཅི་ཞིག་རྨིས་པ་རྣམས་ཤོད་འགོ་ཚུགས། “སྒྲོལ་མ། མདང་དགོང་ཡང་རྨི་ལམ་ཞེད་སྣང་ཅན་ཞིག་རྨིས་སྟབས་མཚན་གང་ལ་གཉིད་སྐྱིད་པོ་ཞིག་གཏན་ནས་ཁུག་མ་བྱུང། གལ་ཏེ་དོ་དགོང་ཡང་་་་་་་་་་་་།” མོས་སྐད་ཆ་བཤད་ནས་མ་ཚར་གོང་གྲོགས་མོས་ལམ་སེང་ “ཨ་་་་ཁྱོད་འདི་ཇི་འདྲའི་རྣམ་རྟོག་ཚ་བོ་ཞིག་རེད་ཨང། རྨི་ལམ་ལ་ཡིད་ཆེས་མ་བྱེད། དེ་ཚོ་ཚང་མ་རྫུན་མ་རེད། དེ་ལས་སེམས་པ་གུ་ᩏ་བྱོས། གོ་སོང་ངམ།” བདེན་བདེན་ཅོག་ཅོག་གི་གྲོགས་མོའི་སྐད་ཆ་དེས་མོའི་སེམས་པ་ཅུང་ཙམ་ལྷོད་ལ་འབབ་ཏུ་བཅུག་པས་མོ་ཕྱིར་ཉལ་ཁང་དུ་ལོག་ནས་སྨྱོན་པས་བྲིས་པའི་སྒྲུང་གཏམ་[ཕྱིར་ལོག་པའི་རྣམ་ཤེས།] ཀློག་རྒྱུའི་སྟབས་གོན་བྱས་མོད། མདང་ནུབ་ཀྱི་རྨི་ལམ་དེ་ཡང་བསྐྱར་ཡིད་ལ་འཁོར་བས་བློ་རིག་དེབ་ཀྱི་སྒང་དུ་ཁྱོན་ནས་བསྒྲིམས་མ་ཐུབ། རྨི་ལམ་ནང་གི་ཁོའི་འཛུམ་མདངས་བྲལ་བའི་ངོ་གདོང་གི་རྣམ་འགྱུར་དང་ངུ་ངག་འདྲེས་མའི་སྐད་ཆ་རྣམས་ད་དུང་ཁོ་མོའི་མིག་གོང་དང་རྣ་ལམ་དུ་དངོས་བྱུང་གི་དོན་དག་ཅིག་དང་འདྲ་བར་གསལ་ལྷང་ངེར་འདུག “ᨵᩏ་ལྷ། ང་ཁྱོད་ཀྱི་ཆེད་དུ་ཕྱིར་ལོག་པ་ཡིན་པས་ཁྱོད་ཀྱིས་ང་ལ་ལན་དེ་སྤྲོད་རོགས་གནང་དང། ང་ད་དུང་ཁྱོད་ལ་ཧ་ཅང་དགའ།“ ཁོས་སྐད་ཆ་འདི་ལན་མང་ཞིག་ལ་བཤད་རྗེས་འཁྲེང་ཞེན་གྱི་ཕྱི་མིག་རེ་འཇོག་ཞོར་མོ་དང་རྒྱང་ཐག་རིང་དུ་བུད་སོང་ལ་སྐབས་ཤིག་ལ་གསལ་ལ་མི་གསལ་བའི་ཐག་རིང་གི་འོད་ཐིགས་ཤིག་ཏུ་གྱུར་ནས་ཡལ་སོང། མོས་ཉལ་ཁྲིའི་སྒང་དུ་མིག་ཟུང་ཇི་ལྟར་བཙུམ་ཡང་རྨི་ལམ་ནང་གི་ཁོའི་སྐྱོ་གདུང་གི་རྣམ་འགྱུར་དང་ངུ་ངག་འདྲེས་མའི་སྐད་ཆ་དག་སེམས་སུ་ཡང་ཡང་དྲན་པས་ངལ་གསོ་ཡག་པོ་ཞིག་གཏན་ནས་རྒྱག་མ་ཐུབ།
༢
འཁྱག་སིབ་སིབ་ཀྱི་ཁ་བ་བུ་ཡུག་དྲག་ཏུ་འཚུབ་པའི་དོ་ནུབ། སྐྱེ་དངོས་ཡོད་ཚད་རྨི་ལམ་གྱི་འཇིག་རྟེན་རེ་རེེར་སྔ་རོལ་ཞིག་ནས་ཉུལ་ཚར་མོད། འོན་ཀྱང་། གཉིད་ཁུག་མ་ཐུབ་པའི་གངས་ལྷ་སྒྲོལ་མས་སྒེའི་ཁུང་ཕྱི་རོལ་ན་ལྷབ་ལྷུབ་ཏུ་འབབ་བཞིན་པའི་ཁ་བར་བལྟ་ཞོར་བསམ་གཞིགས་ཀྱི་མཚོ་མོར་དཔྱངས་འདུག “ཁྲོག་ཁྲོག་་་་ཁྲོག་ཁྲོག་་་” སྒོ་རྡུང་བའི་སྒྲ་ཞིག་དང་ལྷན་དུ་ ”་་ཐྲིག་ཐྲིག་་་“ ཅེས་པའི་གསལ་ལ་མི་གསལ་བའི་རྡོག་སྒྲ་ཞིག་གིས་མོ་ཞི་འཇམ་གྱི་བསམ་གཞིགས་ལས་དཀྲོགས་པས་མོས་ཡོད་ཚད་བདེ་སྐྱིད་ཀྱི་གཉིད་ལ་རོལ་བའི་མཚན་གུང་འདི་འདྲ་ཞིག་ལ་སྒོ་རྡུང་མཁན་སུ་ཞིག་ཡོད་དམ་སྙམ། དོགས་སྣང་དང་འཇིགས་སྐྲག་འདྲེས་མའི་ཚོར་བ་ཞིག་གིས་མོའི་ཡོད་ཚད་གློག་འཁྱུག་པ་བཞིན་ཚ་ལམ་མེར་བཏང་ཞིང་བྲང་ཁོག་གི་སྙིང་ཆུང་ལུ་གུ་འདྲ་བོའི་འཕར་ལྡིང་ཡང་ཇེ་མགྱོགས་ནས་ཇེ་མགྱོགས་སུ་ཕྱིན། “་་་ཁྲོག་ཁྲོག་་་་ཁྲོག་ཁྲོག་་་” སྒོ་རྡུང་བའི་སྒྲ་དེ་ཡང་བསྐྱར་གྲགས་བྱུང་བས། མོས་གློ་བུར་དུ་རྨི་ལམ་ནང་གི་ཁོའི་ཉམ་ཐག་གི་ངང་ཚུལ་དང་སྐྱོ་གདུང་གི་སྐད་ཆ་དག་ཡིད་ལ་དྲན་ཞིང་དངངས་སྐྲག་གི་ཚོར་བ་ཇེ་ཆེ་ནས་ཇེ་ཆེར་གྱུར་ནས་དབུགས་ཀྱང་ཡག་པོ་ཞིག་གཏོང་ལེན་བྱེད་མི་ཐུབ་པའི་གནས་སུ་གྱར། ཡུན་ཙམ་གྱི་རྗེས་སུ་སྒོ་རྡུང་བའི་སྒྲ་དེ་ལྷོད་ཀྱིས་འཇགས་པ་དང། “་་་ཐྲིག་ཐྲིག་་་” ཅེས་པའི་རྡོག་སྒྲ་དེ་ཡང་རྒྱང་ནས་རྒྱང་དུ་ཕྱིན་པས་མཚན་མོའི་ཁོར་ཡུག་སྔར་བཞིན་ཁུ་སིམ་མེར་གྱུར། ཁོ་མོས་ཉལ་ཆས་མགོར་གོན་ཞིང་ལག་པས་རྣ་བ་གཉིས་བཀབ་ནས་གཉིད་ཁུག་ཐབས་བྱས་མོད། སྒོ་གླེགས་རྡུང་བའི་སྒྲ་དང་རྡོག་སྒྲ་སོགས་སེམས་སུ་ཡང་ཡང་འཁོར་ནས་མཚན་གང་བོར་གཉིད་སྐྱིད་པོ་ཞིག་ཁུག་མ་ཐུབ།
“་་་ཁྲོག་ཁྲོག་་་” “་་་ཐྲིག་ཐྲིག་་”
༣
ད་ནངས་མོ་ཡང་བསྐྱར་གྲོགས་མོའི་གམ་དུ་སླེབས་དུས། མིག་འབྲས་གཉིས་དམར་པོ་ཆགས་ཤིང་ངོ་གདོང་ཡང་ཅུང་ཙམ་བསྐྲངས་འདུག་པས་གྲོགས་མོས་འཚུབ་སྣང་ཞིག་དང་ལྷན་དུ་ ”གངས་ལྷ། ཁྱོད་ལ་ཅི་ཞིག་བྱུང་སོང་ངམ། གཟུགས་པོ་མི་བདེ་བ་མིན་ནམ། ཞེས་དྲིས་པས།” གངས་ལྷ་སྒྲོལ་མས་ངག་འདར་འདར་དང་སེམས་སྐྲག་སྐྲག་གིས་མདང་དགོང་བྱུང་བའི་གནས་ཚུལ་ཁྱད་མཚར་དེ་གྲོགས་མོར་གཅིག་གཅིག་གཉིས་གཉིས་བྱས་ནས་བརྗོད་འགོ་ཚུགས་པ་དང་། བརྗོད་ཚར་དུས་མོའི་གྲོགས་མོར་ཡང་ཡིད་ཆེས་དཀའ་བའི་གནས་ཚུལ་དེས་དོགས་མི་བདེ་བའི་ཚོར་བ་ཞིག་སྤྲད་པ་མོའི་ངོ་གདོང་གི་རྣམ་འགྱུར་ལས་ཤེས་ཐུབ། གྲོགས་མོས་ཤུ་རིང་ཞིག་འཐེན་རྗེས། “གངས་ལྷ། ད་ཞེད་སྣང་དང་དོགས་པ་མང་པོ་མ་སྐྱེས། གཅིག་བྱས་ན་མི་ཞིག་གིས་ཁྱོད་ལ་ཆེད་དུ་སྐྲག་སྣང་བསྐུལ་བ་ཡིན་རྒྱུ་རེད། དེ་མིན་ན་ཁྱེད་རང་གི་རྣ་བ་འཁྲུལ་བ་ཡིན་རྒྱུ་རེད། གང་ལྟར་སེམས་ལ་འདྲ་མིན་མ་དྲན། དེ་ལས་སེམས་པ་ལྷོད་ལ་བོབས། འཛམ་གླིང་འདིའི་སྒང་དུ་གདོན་འདྲེ་ཟེར་བ་ཞིག་དང་ཤི་ཚར་བའི་མི་ཞིག་ཕྱིར་ལོག་པ་སུ་ཞིག་གིས་ཀྱང་མཐོང་མ་མྱོང་ལ་དེར་ཡིད་ཆེས་བྱེད་མཁན་ཡང་ཡོད་པ་མ་རེད།” ཟེར། གྲོགས་མོའི་སྐད་ཆ་དེས་མོའི་ལུས་སེམས་གཉིས་ཅུང་ཙམ་ལྷོད་དུ་འབབ་དུ་བཅུག་མོད། འོན་ཀྱང་དངངས་སྐྲག་དང་ཐེ་ཚོམ་གྱི་ཚོར་བའི་མེ་ལྕེ་ཞིག་ད་དུང་མོའི་སེམས་ཁོང་ན་མ་ཡལ་བར་འབར་གྱིན་འདུག དངངས་སྐྲག་གི་ཚོར་བ་འདི་ད་ཐེངས་གཅིག་པོ་ག་ལ་ཡིན་ཏེ་ཁོ་མོ་ཁེར་རྐྱང་དུ་ལྷག་ཐེངས་རེ་དང་རང་ཉིད་གཅིག་པུ་སྟོང་བསམ་ལ་ཞུགས་དུས་རེར་ཚོར་བ་འདིས་ཁོ་མོའི་ལུས་སེམས་གཉིས་འཇིག་སྐྲག་གི་འཆིང་ཐག་ལས་ནམ་ཡང་ལྷོད་མ་མྱོང་ལ་ལྷག་པར་དུ་ཁོ་མོའི་ལུས་སེམས་ལ་གུ་ཡངས་དང་ལྷིང་འཇགས་ཤིག་གཏན་ནས་བྱིན་མ་མྱོང།
གྲུ་ཟུར་འདིའི་ཡོད་ཚད་གཏི་མུག་གི་གཉིད་ལ་ཡུར་བའི་དོ་དགོང་། ཐག་རིང་ནས་གྲགས་ཡོང་བའི་ཅེ་སྤྱང་ཚོའི་ངུ་ཟུག་ལས་གཞན་ཅི་ཡང་མི་གོ་མོད། གངས་ལྷ་སྒྲོལ་མ་ཁ་སང་དགོང་མོའི་རྨི་ལམ་འདྲ་བའི་རྨི་ལམ་གཞན་ཞིག་གིས་ཡང་བསྐྱར་གཉིད་ལས་དཀྲོགས་བྱུང། དེ་དང་བསྟུན་ནས་ “་་་ཁྲོག་ཁྲོག་་་ཁྲོག་ཁྲོག་་་་་” སྒོ་རྡུང་བའི་སྒྲ་ཞིག་ཀྱང་ཁོ་མོའི་རྣ་ལམ་དུ་ལྷུང་བས། མོའི་དོན་ལྔ་སྣོད་དྲུག་ལས་དངངས་སྐྲག་གི་ཚ་རླབས་ཤིག་དྲག་ཏུ་རྒྱས་བྱུང། མོས་དངངས་འདར་ཞིག་དང་ལྷན་དུ་ལག་གཉིས་ཐལ་མོ་སྦྱར་ནས་དཀོན་མཆོག་གསུམ་ལ་སྙིང་ནས་གསོལ་བ་དང་སྨོན་ལམ་ཡང་ཡང་བཏབ་མོད། ལུས་སེམས་གཉིས་ལྷོད་ལ་འབབ་མ་ཐུབ། “་་་་ཙིར་་་་་” ནང་སྒོ་ཕྱེས་པའི་སྒྲ་ཞིག་གྲགས་པ་དང་མཉམ་དུ་མོའི་ལུས་ཀྱི་བ་སྤུ་རྣམས་ཀྱང་སྐྲག་སྣང་གིས་གྱེན་དུ་གཟེངས་སུ་བཅུག “་་་ཐྲིག་ཐྲིག་་་་” རྡོག་སྒྲ་ཞིག་ཁོ་མོ་དང་ཐག་ཉེར་སླེབས་པས་མོའི་གློ་སྙིང་མཆིན་གསུམ་མིད་ཁར་འཚང་ནས་དབུགས་ཀྱང་འགག་ལ་ཁད་བྱེད། ཁོ་མོས་ཁུ་སིམ་མེར་ཉལ་གོས་འོག་ནས་རྡོག་སྒྲ་གྲགས་སའི་ཕྱོགས་སུ་ལྐོག་ལྟ་བྱེད་དུས། སྐྲ་ལོ་ཕྲག་སྟེང་དུ་སླེབས་ཤིང་ལུས་ལ་སྟོད་གོས་ནག་པོ་དང་དོད་མ་དཀར་པོ་གྱོན་པའི་མི་ཞིག་མདུན་སྒོའི་འགྲམ་དུ་ལངས་ཡོད་པ་མཐོང། གངས་ལྷ་སྒྲོལ་མས་མུན་ནག་ཁྲོད་ནས་མི་དེའི་ངོ་གདོང་གསལ་པོ་ཞིག་མཐོང་མི་ཐུབ་མོད། འོན་ཀྱང་མི་དེའི་གཟུགས་པོའི་རིང་ཐུང་དང་བཟོ་ལྟ་ལས་ཁོ་སུ་ཡིན་པ་ངོ་ཤེས་སོང། ཁོ་ནི་ཆ་རྒྱུས་མེད་པའི་མི་ཞིག་མ་རེད་ལ། ངོ་མི་ཤེས་པའི་མི་ཞིག་ནི་དེ་བས་ཀྱང་མ་རེད། ཁོ་ནི་ཉེ་སྔོན་འཇིག་རྟེན་འདི་དང་གཏན་དུ་ཁ་བྲལ་བའི་ཁོ་སྟེ། ཁོ་མོར་དགའ་ཞིང་དུངས་ནས་ལོ་ཟླ་གང་མང་ཞིག་སོང་རྗེས་སྨྱོས་ནས་རང་སྲོག་རང་གིས་བཅད་པའི་སྨྱོན་པ་ཚངས་དབྱངས་རྡོ་རྗེ་རེད། གངས་ལྷ་སྒྲོལ་མས་ཁོ་མཐོང་མ་ཐག་སེམས་སུ་ཁོ་ཤི་ནས་བདུན་ཕྲག་ཁ་ཤས་ཤིག་ཕྱིན་ཚར་བ་མ་ཡིན་ནམ། ཁོ་ཡང་བསྐྱར་ཕྱིར་ལོག་པ་འདི་ཅི་རེད། ཁོ་རོ་ལངས་བརྒྱབ་པ་ཡིན་ནམ། ཡང་ན་ངའི་མིག་འཁྲུལ་བ་རེད་དམ། དེ་མིན་ན་་་་་་། ཡིད་མི་ཆེས་ལ་ལན་རྒྱག་དཀའ་བའི་དྲི་བ་དང་ཐེ་ཚོམ་མང་པོ་ཞིག་རྦ་རླབས་བཞིན་མོའི་ཡིད་ངོར་འཚང་ཁ་བརྒྱབ་པས་མོའི་སེམས་པ་དེ་བས་ཀྱང་ཇེ་འཚབ་དང་ཇེ་སྐྲག་ཏུ་གྱུར།
༤
“་་་ཐྲིག་ཐྲིག་་་་” མོས་ཚངས་དབྱངས་རྡོ་རྗེ་ཁོ་མོའི་ཕྱོགས་སུ་ཡོང་གིན་པ་མཐོང་བྱུང། ཁོའི་ངོ་གདོང་སྐམ་ནས་ཟུངས་ཁྲག་མེད་པ་ལྟར་སེར་པོར་གྱུར་ཞིང་དཔྲལ་བའི་མིག་རིས་གཉིས་ཀྱང་ལྐོག་ཏུ་ལྷུང་འདུག་པས་དངོས་ནས་སྙིང་རྗེ་སྐྱེ་དགོས་པའི་ཚོད་དུ་གདའ། ཁོ་གངས་ལྷ་སྒྲོལ་མ་དང་ཐག་ཉེར་སླེབས་དུས། མོའི་དངངས་སྐྲག་གི་སེམས་པ་ཡང་ཅུང་ཙམ་ལྷོད་ལ་བབས་བྱུང། “གངས་ལྷ། ཁྱོད་ཀྱིས་ང་ལ་ལན་དེ་བྱིན་དང། ངས་ད་དུང་ཁྱོད་ཀྱི་ལན་དེར་སྒུག་ཡོད། ང་ལན་དེ་མ་རེག་པར་གང་ལ་ཡང་འགྲོ་མི་འདོད་ལ། གང་ཡང་བྱེད་མི་འདོད་པས་ཁྱོད་ཀྱིས་ང་ལ་མྱུར་དུ་ལན་དེ་གནོངས་དང། གངས་ལྷ། ཁྱོད་ང་ལ་སྐྲག་མི་དགོས།” ཁོས་ངུ་ངག་འདྲེས་ཤིང་འ་ཆད་འུ་ཐུག་གི་སྐད་ཆ་དེ་བཤད་སྐབས། འོད་མདངས་དབེན་པའི་མིག་གོང་ལས་མུ་ཏིག་ལྟ་བུའི་མིག་ཆུ་རྡོག་པོ་རེ་སྐམ་ཞིང་རིབ་བའི་འགྲམ་ངོས་བརྒྱུད་ས་སྟེང་དུ་ཟགས་མོད། ས་སྟེང་དུ་ཅི་ཡང་མི་མངོན། ཁོ་མོས་སྙིང་རྗེ་ཞིང་སེམས་སྐྱོ་བའི་ཁོའི་ངང་ཚུལ་དང་སྐད་ཆ་དག་དེ་དག་བསམ་དུས། བརྗོད་མི་ཤེས་པའི་ན་ཟུག་ཅིག་གིས་ “ང་ཁྱོད་ལ་དགའ། ང་ཁྱོད་ལ་ཧ་ཅང་དགའ།” ཞེས་ཁ་ནས་རང་དབང་མེད་པར་ཤོར་དུ་བཅུག དྲང་མོར་བཤད་ན་གངས་ལྷ་སྒྲོལ་མ་ཁོའི་ཀུན་མཐུན་གྱི་གཤིས་ཀ་དང་སྔོན་ཐོན་གྱི་བསམ་བློ། ཐུན་མིན་གྱི་ལྟ་བ། ད་དུང་ཕོ་ཉམས་དོད་པའི་ཁྱད་ཆོས་སོགས་ལ་བློ་སེམས་མ་ཤོར་བ་གཏན་ནས་མིན་མོད། འོན་ཀྱང་། ཁོ་གངས་ལྷ་སྒྲོལ་མར་དགའ་དྲག་པའམ་གཞན་དང་མི་འདྲ་བའི་ཁོའི་ཁེར་ཚུགས་ཀྱི་བྱ་སྤྱོད་ལ་མི་ཁ་རྒོད་དྲག་པ་སོགས་རྒྱུ་མཚན་གང་ཡིན་མི་ཤེས་པར་གློ་བུར་དུ་སྨྱོན་པ་ཆགས་པ་ནས་བཟུང། གངས་ལྷ་སྒྲོལ་མ་དང་ནམ་རྒྱུན་ཁོའི་ཉེ་འཁྲིས་སུ་བཅར་ནས་བློས་ཐུབ་ཀྱི་གྲོགས་པོ་གྲོགས་མོ་ཡིན་ཟེར་བ་ཚང་མས་ཀྱང་རང་ཉིད་ལ་མི་ཁ་དང་མིང་འཁྱེར་ངན་པ་འཁོར་ཡོང་དོགས་ནས་ཁོ་དང་འབྲེལ་ལམ་བཅད་པ་རེད། རྗེས་སུ་བློས་མི་དཔོག་པའི་གནས་ཚུལ་ཞིག་བྱུང་བ་ནི་ཁོས་རང་ཉིད་ཀྱི་སྐྱེས་སྐར་ཉིན་མོར་རང་སྲོག་བཅད་པའི་དོན་རྐྱེན་དེ་རེད་ལ། ཁོ་མོས་གནས་ཚུལ་འདི་ཤེས་དུས་སེམས་སུ་བཟོད་དཀའ་བའི་འགྱོད་གདུང་ཞིག་དང་ཕངས་སེམས་ཤིག་སྐྱེས་མོད། གང་ལྟར་ཡུན་ཙམ་གྱི་རྗེས་སུ་མོས་ཀྱང་དོན་རྐྱེན་དེའི་ཐོག་ཏུ་བསམ་བློ་གཏོང་རྒྱུ་མཚམས་འཇོག་བྱ་རྒྱུ་སེམས་ཐག་བཅད་པ་རེད།
ཚངས་དབྱངས་རྡོ་རྗེས་གངས་ལྷ་སྒྲོལ་མས་བཤད་པའི་སྐད་ཆ་དེ་གོ་བས་ངོ་གདོང་དུ་འདོད་བློ་ཁེངས་བའི་འཛུམ་ཞིག་མངོན་བཞིན། གངས་ལྷ། “ད་ངའི་འདོད་དོན་ཐམས་ཅད་འགྲུབ་སོང་པས་ང་འགྲོ་རྒྱུ་ཡིན། གཏན་དུ་བདེ་མོ་བྱོས།” ཁོས་འདི་ལྟར་བརྗོད་ཞོར་ལག་པས་མོའི་ངོ་གདོང་ལ་རེག་གྲབས་ཅིག་བྱས་མོད། ཅི་ཡིན་འདི་ཡིན་མེད་པར་ཡང་བསྐྱར་ཕྱིར་བསྐུམས་ཤིང་འཁྲེང་སེམས་དང་ཞེན་ཆགས་ཀྱི་ཕྱིར་མིག་རེ་འཇོག་ཞོར་ཁོ་མོའི་མཐོང་ལམ་ནས་གཏན་དུ་ཡལ་སོང། གངས་ལྷ་སྒྲོལ་མས་ཁོར་རང་ཤི་རྒྱག་དགོས་པའི་རྒྱུ་མཚན་ངོ་མ་དེ་འདྲི་དགོས་སྙམ་མོད། དངངས་སྐྲག་གི་ཚོར་བ་ཞིག་གིས་མོའི་མིད་པ་བཀགས་ཤིང་མགྲིན་པ་བརྣང་དུ་བཅུག་པས་ཅི་ཡང་བཤད་མ་ཐུབ།
མཚན་མོ་དེ་ནས་བཟུང་ཡུན་རིང་ཞིག་ལ་གངས་ལྷ་སྒྲོལ་མའི་ལྷིང་འཇགས་ཀྱི་འཚོ་བ་དང་བདེ་སྐྱིད་ཀྱི་རྨི་ལམ་དཀྲོགས་མཁན་མ་བྱུང་ལ་འཇིགས་སྐྲག་གི་ཚོར་བ་སྦྱིན་མཁན་དེ་བས་ཀྱང་མ་བྱུང་མོད། འོན་ཀྱང་ཤི་ཟིན་པའི་ཁོས་མོ་ལ་བཅངས་བའི་ལྷད་མེད་དྭངས་གཙང་དང་འགྱུར་མེད་ལྷག་བསམ་གྱི་བརྩེ་དུང་དེ་ཡིད་ལ་དྲན་དུས། མོའི་སེམས་གཏིང་ནས་ནོངས་འགྱོད་ཀྱི་གདུང་ཚོར་དྲག་པོ་ཞིག་ངམ་ངམ་ཤིག་ཤིག་གིས་སྐྱེས་ལ་ལྷག་པར་དུ་མོའི་ཆེད་དུ་སྨྱོས་ཤིང་རང་ཤི་རྒྱག་ཕོད་པའི་ཁོའི་བྱ་སྤྱོད་དེ་དག་(འདི་ཁོ་མོའི་བསམ་ཚུལ་ཙམ་རེད།) དྲན་ཚེ་སོ་སོ་ཡང་བརྩེ་དུང་གི་ཉེས་ཅན་ཞིག་ཡིན་སྙམ་པའི་གདུང་བ་ལྕི་མོ་ཞིག་ནམ་ཡང་སེམས་ཁོང་ནས་ཡལ་མ་མྱོང།
ཁོའི་འདས་རྐྱེན་གྱི་གནད་དོན་དེར་གྲུ་ཟུར་འདིའི་བསམ་བློ་བ་དང་ཚན་རིག་པ། སྨན་པ་སོགས་ཀྱིས་ཡོངས་མཐུན་དྲན་བདེན་གྱི་འགྲེལ་བཤད་ཅིག་ད་དུང་ཡང་རྒྱག་མ་ཐུབ་པར་ལུས་འདུག ད་དུང་ང་ཚོ་སུ་ཞིག་གིས་ཀྱང་ཚོད་དཔག་བྱེད་མི་ཐུབ་པ་ནི་ཚངས་དབྱངས་རྡོ་རྗེ་རང་ཤིང་རྒྱག་དགོས་པའི་རྒྱུ་མཚན་ངོ་མ་དེ་དང་། རྗེས་སུ་རོ་ལངས་རྒྱབ་པའི་གཏམ་རྒྱུད་འདིའི་རྒྱབ་ལྗོངས་ཅི་ཞིག་ཡིན་ནམ། ཞེས་པ་དེ་རེད།
༥
ཡང་བསྐྱར་དགུན་ཁ་སླེབས་བྱུང། གངས་ལྷ་སྒྲོལ་མས་སྒེའུ་ཁུང་ལས་སྙན་འཇེབས་ཀྱི་གླུ་སྒྲ་ཞིག་ཐོས་བྱུང། གླུ་སྒྲ་འདི་ཁོར་ཡུག་འདིའི་མི་མང་པོ་ཞིག་གིས་རྒྱུན་དུ་གོ་ཐོས་སུ་གྱུར་ཡང་གཏོང་མཁན་སུ་ཞིག་གིས་ཀྱང་མཐོང་མ་མྱོང་པའི་གླུ་གཞས་ཤིག་ཀྱང་རེད། ཁོ་མོས་གླུ་སྒྲ་གྲགས་སའི་ཕྱོགས་ལ་རྣ་བ་གཏད་ནས་ཉན་དུས། “ད་ལྟའི་ཚེ་ཐུང་འདི་ལ།། དེ་ག་ཙམ་ཞིག་ཞུས་ནས།། རྟིང་མ་བྱིས་པའི་ལོ་ལ།། མཇལ་འཛོམས་ཨེ་ཡོང་ལྟའོ།།” ཞེས་པའི་གསལ་ལ་མི་གསལ་བའི་གླུ་ཚིག་འདི་ཁོ་མོའི་རྣ་བར་ངང་གིས་ལྷུང་བྱུང། འདི་ནི་འདས་ཟིན་པའི་ཁོས་རྣམ་ཀུན་གཏོང་རྒྱུ་དགའ་ལ། ཤི་ཁར་ཡང་བཏང་མྱོང་བའི་གླུ་གཞས་དེ་མ་ཡིན་ནམ། གླུ་སྒྲ་འདི་མྱ་ངན་གྱི་རོལ་དབྱངས་ཤིག་དང་འདྲ་བར་ཁོ་མོའི་ལུས་སེམས་གཉིས་ལ་འཁྱག་སིབ་སིབ་ཀྱི་ཚོར་བ་ཞིག་སྤྲད་བྱུང།
“ཐྲིག་ཐྲིག་་་་་ཁྲོག་ཁྲོག་་་་་་” མདང་དགོང་གི་གོམ་སྒྲ་དང་སྒོ་རྡུང་བའི་སྒྲ་སོགས་ཀྱིས་གངས་ལྷ་སྒྲོལ་མ་མཚན་གང་བོར་གཉིད་ཡག་པོ་ཞིག་ཁུག་ཏུ་མ་བཅུག་ལ་ད་ནངས་ཁང་པའི་སྒོ་འགྲམ་ནས་མི་མངོན་པའི་རྒྱང་དུ་འཐེན་པའི་ཁ་བའི་ཁྲོད་ཀྱི་གསལ་ལ་མི་གསལ་བའི་རྐང་རྗེས་དེས་མོའི་སེམས་ལ་འདས་ནས་ཕྱིར་ལོག་པའི་ཚངས་དབྱངས་རྡོ་རྗེ་ཡང་བསྐྱར་དྲན་དུ་བཅུག་བྱུང།
“་་་ཐྲིག་ཐྲིག་་་་་་ཁྲོག་ཁྲོག་་་” །།
བརྩམས་སྒྲུང་བཀླགས་རྗེས་ང་རང་དངོས་གནས་ཞེད་སྣང་སྐྱེས་སོང་། བཙན་འོད་འབར་ལགས་རྗེས་མར་བརྩམས་སྒྲུང་གང་མང་ཡོང་བའི་རེ་སྨོན་ཞུ།།
བརྩམས་སྒྱུང་ནི་སྤྱི་ཚོགས་ཀྱི་འཚོ་བ་དངོས་མཚོན་པའི་མེ་ལོང་ཡིན་ཕྱིན་རོ་ལངས་ཞེས་པའི་བརྩམས་སྒྲུང་དེར་ངོ་མ་དངོས་ཡོད་ཀྱི་འཚོ་བའི་དོན་སྙིང་ལྡན་པས།རྩོམ་པ་པོ་ནས་མུ་མཐུད་དུ་བརྩམས་སྒྲུང་གང་མང་འབྲི་བའི་རེ་བ་ཡོད།