འབའ་སྲས།
དེ་རིང་འཐུང་བའི་ཆང་འདི་ཞིམ་པོ་མ་རེད།།
དེ་རིང་ལངས་པའི་གླུ་འདི་སྙན་མོ་མ་རེད།།
དེ་རིང་སྡོད་སའི་རྐུབ་སྟེགས་བདེ་བོ་མ་རེད།།
སང་ཉིན་སྐྱིད་པའི་འཚོ་བ་བདག་ལ་ཡོད་དམ།།
དེ་རིང་བབས་པའི་ཁ་བ་དཀར་པོ་མ་རེད།།
དེ་རིང་འབར་བའི་མེ་ལྕེ་དམར་པོ་མ་རེད།།
དེ་རིང་སྐྱེས་པའི་ལོ་ཏོག་སྔོན་པོ་མ་རེད།།
སང་ཉིན་མ་འཁྲུལ་ཁ་དོག་བདག་གིས་མཐོང་ངམ།།
དེ་རིང་བཞུར་བའི་རྫ་ཆུ་དྭངས་མོ་མ་རེད།།
དེ་རིང་ལྡིང་བའི་བསིལ་རླུང་འཇམ་པོ་མ་རེད།།
དེ་རིང་ཤར་བའི་ཉི་མ་དྲོན་པོ་མ་རེད།།
སང་ཉིན་འཇམ་པའི་རེག་བྱ་བདག་གིས་བརྙེད་དམ།།
དེ་རིང་གྲོགས་པོའི་ལག་འཇུ་དམ་པོ་མ་རེད།།
དེ་རིང་མཛའ་མོའི་སྙིང་གཏམ་བདེན་པ་མ་རེད།།
དེ་རིང་མི་ཡི་འཛུམ་མདངས་ངོ་མ་མ་རེད།།
སང་ཉིན་ཁྲེལ་ཡོད་དམ་བཅའ་བདག་ལ་བརྟན་ནམ།།
དེ་རིང་སྡོད་སའི་གོ་ཁ་དྲོན་པོ་མ་རེད།།
དེ་རིང་ཉལ་སའི་འབོབ་སྟན་བདེ་བོ་མ་རེད།།
དེ་རིང་ཆུང་མའི་བྲང་ཁ་ཚ་བོ་མ་རེད།།
སང་ཉིན་དྲོན་པོའི་གནས་ཤིག་བདག་གིས་བརྙེད་དམ།།
དེ་རིང་ཉན་པའི་གསར་འགྱུར་བདེན་པ་མ་རེད།།
དེ་རིང་གོ་བའི་སྐད་ཆ་ངོ་མ་མ་རེད།།
དེ་རིང་བྲིས་པའི་སྙན་ངག་གསོན་པོ་མ་རེད།།
སང་ཉིད་བདེན་པའི་གཏམ་ཞིག་བདག་གིས་ཐོས་སམ།།
དེ་རིང་ལུས་ཀྱི་ཁྲག་རྒྱུན་དམར་པོ་མ་རེད།།
དེ་རིང་རུས་པའི་ཡང་སྙིང་དཀར་པོ་མ་རེད།།
དེ་རིང་བསམ་པའི་སེམས་པ་རྣམ་དག་མ་རེད།།
སང་ཉིན་ལུས་རྟེན་གཙང་མ་བདག་ལ་འཐོབ་བམ།།
དེ་རིང་བགྲོད་པའི་ལམ་འདི་བདེ་བོ་མ་རེད།།
དེ་རིང་འདུག་སའི་གནས་འདི་གཙང་མ་མ་རེད།།
དེ་རིང་བརྩིགས་པའི་མཁར་འདི་བརྟན་པོ་མ་རེད།
སང་ཉིན་བདེ་འཇགས་ཡུལ་ཞིག་བདག་ལ་ཡོད་དམ།།
དེ་རིང་ཉོས་པའི་གྲི་འདི་རྣོན་པོ་མ་རེད།།
དེ་རིང་བརྡུངས་པའི་མདུང་འདི་རིང་པོ་མ་རེད།།
དེ་རིང་འཕངས་པའི་མདའ་འདི་གཟིར་མོ་མ་རེད།།
སང་ཉིན་བློ་ལྡན་རལ་གྲིལ་བདག་གིས་ཁུག་གམ།།
དེ་རིང་གཡག་གི་ཧུར་སྒྲ་བཙན་པོ་མ་རེད།།
དེ་རིང་ལུག་གི་འབའ་སྒྲ་གཉོམ་པོ་མ་རེད།།
དེ་རིང་འབྲོང་གི་རྭ་རྩེ་རྣོན་པོ་མ་རེད།།
སང་ཉིན་ཕྱུག་གི་གཡང་ཁ་བདག་ལ་དར་རམ།།
དེ་རིང་གོན་པའི་ཝ་ཞྭ་དྲོན་པོ་མ་རེད།།
དེ་རིང་གྱོན་པའི་ལྭ་བ་གོང་ཆེན་མ་རེད།།
དེ་རིང་སྐེད་རགས་མདུད་པ་དམ་པོ་མ་རེད།།
སང་ཉིན་ཨ་ཤི་རས་བདག་ལ་མཁོ་འདུག །
༈གོང་ས་མཆོག་གི་སྐུ་ཕྱྭའི་ཞབས་རིམས་སུ་ལོ་གཅིག་རིང་ཤ་མེད་ཁོ་ན་བསྟེན་པའི་ལྷག་དཀར་སྲུང་བརྩི་ཞུ་སྲོལ།།
འདི་ལོའི་འཁྲུངས་སྐར་དུས་ཆེན་ནས་བཟུང་ལོ་རྗེས་མའི་འཁྲུངས་སྐར་དུས་ཆེན་བར་རང་ཅག་བོད་མི་ཡོངས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཞབས་རིམས་སམ་མགོན་པོ་གང་ལ་བརྟན་བཞུགས་མཚོན་པའི་འབུལ་རྟེན་དུ་བོད་མི་ཡོད་དོ་ཅོག་ཚང་མས་ལོ་གཅིག་ཧྲིལ་པོ་ཟས་སུ་ཤ་མེད་ཁོ་ན་བསྟེན་པ་དེ་ནི་གོང་ན་མེད་པའི་སྐུ་ཚེ་ཚེ་སྒྲུབ་རླབས་ཆེན་ཞིག་ཡིན།ཟས་སུ་ཤ་མེད་དཀར་སྐྱོང་ཁོ་ན་བསྟེན་པ་དེ་ལས་ལྷག་པའི་བརྟན་བཞུགས་ཞབས་རིམས་གཞན་ཞིག་ནི་འཚོལ་དུ་མི་རྙེད།དེ་ནི་ལུང་རིག་གཉིས་ཀས་སྒྲུབ་ཐུབ་པ་མ་ཟད་ཤེས་ལྡན་སྐྱེས་བུ་སུས་དཔྱད་ཀྱང་
གསལ་པོར་ཤེས་ཐུབ་པས་དེ་ནི་རྩོད་མེད་ཡིན།དེར་བརྟེན་རང་ཅག་ཆོས་ལྡན་བོད་མི་རྣམས་སངས་རྒྱས་པའི་ཆོས་ལ་
དད་གུས་དང་བྱམས་སྙིང་རྗེ་འཚེ་བ་མེད་པའི་ལམ་ལ་ཤིན་ཏུ་ནས་རྒྱུས་མངའ་གཏིང་ཟབ་དང་གོམས་གཤིས་བཟང་
པོ་ཡོད་པར་བརྟན་ལོ་གཅིག་རིང་ཟས་སུ་ཤ་མེད་ཁོ་ན་བསྟེན་པའི་ལས་འགུལ་འདིའི་ནང་དྭངས་བ་ཆེན་པོའི་ཐོག་ནས་མཉམ་བཞུགས་གནང་རོགས་ཞུ་རྒྱུ་ཡིན། ལས་འགུལ་འདི་ལྟ་བུ་ནི་ཕལ་ཆེར་ལྷག་དཀར་གྱི་ལས་འགུལ་
གལ་ཆེ་ཤོས་ཤིག་ལ་སེམས་ཐག་ཆོད་པོས་ངོས་འཛིན་བྱེད་ཆོག་སྙམ། ཤ་མེད་ཁོ་ན་བསྟེན་པའི་
ལྷག་དཀར་གྱི་ལས་འགུལ་ནང་རང་ཉིད་མཉམ་བཞུགས་གནང་བ་ཙམ་མིན་པར་རང་དང་སྐལ་པ་མཉམ་པ་རང་གི་
ཕ་མ་དང་སྤུན་མཆེད་ཆོས་གྲོགས་སོགས་སུ་འདྲ་ཞིག་ཡིན་རུང་སེམས་ཅན་གྱི་ཚེ་སྲོག་སྐྱོབ་པའི་ཤ་མེད་དཀར་སྐྱོང་གི་དགེ་བའི་བྱ་བ་རླབས་ཆེན་འདི་ལྟ་བུའི་ཕྱོགས་སུ་ཁ་ཕྱོགས་སྒྱུར་ཐབས་གནང་བ་ཡིན་ན་དེ་ནི་རང་གིས་དགེ་བ་བྱས་པ་དང་གཞན་དགེ་བ་ལ་བསྐུལ་བའི་དགེ་རྩ་ཉིས་བརྩེགས་ཡོད་པ་དེ་ནི་བརྗོད་མི་དགོས་པ་ཡིན།
ད་ལམ་འདི་གར་མཚམས་འཇོག་བྱེད་པ་དང་ཆབ་གཅིག་མཁྱེན་ལྡན་ཡོངས་ནས་ཤ་མེད་དཀར་སྐྱོང་བསྟེན་པའི་
ཕན་ཡོན་དང་གཞན་དཀར་སྐྱོང་ལ་འཇུག་པའི་ཐབས་ལམ་ཇི་ཡོད་སྐོར་ལ་མཆན་གང་མང་འབྲི་རོགས་གནང་ཞེས་
འབོད་སྐུལ་ཞུ་རྒྱུ་ཡིན། ཡང་རྣམ་པ་ཚོ་སུས་ཀྱང་རྣམ་གསུམ་དག་པའི་དམར་ཟས་ཞེས་ལུང་འདྲེན་གྱིས་
དམར་ཟས་ཆོག་པ་དང་ཡང་དེ་ལས་ལྡོག་སྟེ་གཞན་དམར་ཟས་བསྟེན་མཁན་རྣམས་ལ་སྐུར་འདེབས་ངན་སེམས་
ཀྱིས་ཚིག་ངན་སྨྲ་བ་སོགས་མི་ཡོང་བ་གནང་ན་དགེ་མཚན་ཧ་ཅང་ཆེ་བས་དེ་ལུགས་དགོངས་འཇགས་ཡོང་བ་ཞུ།།
རྗེས་མ་ཡང་བསྐྱར་དཀར་སྐྱོང་དང་འབྲེལ་བའི་ལྷག་དཀར་གྱི་ལས་འགུལ་འདིའི་ཐོག་མཇལ་ཡོང། ཐུགས་རྗེ་ཆེ།
༼སང་ཉིད༽ བཏགས་ནོར། སང་ཉིན།
༼ཨ་ཤི་རས༽ ཆད། ཨ་ཤི་རས་ཁ།
ད་ལོའི་དབྱར་ཟླ་བཞི་བ་དྲོད་འཇམ་མེད་གི་། ད་ལོའི་ཁུ་ཕྱུགས་སྔོན་མོའི་གསུང་སྙན་ཞན་གི་། ད་ལོའི་མེ་ཏོག་སེར་ཆེན་རྒུག་ཡུན་རེང་གི་། སང་ལོའི་ལོ་ཟླ་འདི་ལས་སྐྱིད་ཅིག་ཡོད་དམ་།
སང་ལོ་ལོ་ཟླ་འདི་ལས་སྐྱིད་ཅིག་ཡོད་དམ་། གོང་གི་ཚིག་བཅད་རྗེས་མ་བསྐྱལ་བཅོས་།
དེ་རིང་སྐྱེས་པའི་ལོ་ཏོག་སྔོན་པོ་མ་རེད། ཞེས་པ་དེ། དེ་རིང་སྐྱེས་པའི་ལོ་ཏོག་ལྗང་ཁུ་མ་རེད། ཅེས་བཅོས་ན་མི་ལེགས་སམ། བསམ་ཚུལ་ཙམ་ཡིན། སྔོ་ཚལ་དང་སྔོ་རིགས་སོགས་ཀྱི་ཁ་དོག་ལྗང་ཁུ་རེད་མ་གཏོགས་སྔོན་པོ་མིན་པ་ཚང་མས་ཤེས།
ཞིབ་བཀླགས་ཟིན། དམིགས་བསལ་བསམ་འཆར་ཅང་མེད། འོན་ཀྱང་འབྲི་ཐབས་བདེ་མོ་ཞིག་བེད་སྤྱད་འདུག
སྙན་མོ་འདུག
ཚིག་སྦྱོར་སོགས་གང་ཅའི་ཐད་ནས་ཡག་པོ་འདུག
༄ ། །དྲ་རྒྱའི་ཐོག་ལ་ཐོན་པ་དང་པོ་ཡིན་པས་ལྷན་རྒྱས་ལ་མཚམས་འདྲི་བཀྲིས་བདེ་ལེགས་ཞུ་བ་དང་། གང་ཅི་སྟེང་ནས་རོག་རམ་ཡོད་པ་མཁྱེནེ།།
ཞིབ་ཏུ་བཀླགས་པ་ཡིན།་་་་ཚིག་དོན་གཉིས་ཀའི་ཕྱོགས་ནས་དོན་དངོས་ཤིག་ར་སྤྲོད་པའི་ཤན་སྟོབས་བདེན་བསྡུར་གྱིས་སྙན་ཚིག་ཡག་པོ་ཞིག་རེད་སྙམ།
དེ་རིང་གུང་ཁྲན་གཞུང་འདི་དྲང་བདེན་མ་རེད།
དེ་རིང་ངེད་ཅག་བོད་འདི་སྤྱང་གྲུང་མ་རེད།
དེ་རིང་འཛམ་གླིང་སུ་ཡི་གནོན་ཤུགས་མ་རེད།
སང་ཉིན་རང་བཙན་ཐོབ་པའི་ཐབས་ཤིག་རྙེད་དམ།
དེ་རིང་ཟོས་པ་མར་རྩམ་མ་རེད།།
དེ་རིང་འཐུང་བ་བོད་ཇ་མ་རེད།།
དེ་རིང་མཐོང་བ་གངས་རི་མ་རེད།།
དེ་རིང་འགྲོགས་ས་བོད་མོ་མ་རེད།།
སེང་ཉིན་ཟ་རྒྱུར་པེས་ཙ་མ་དགོས།།
སེང་ཉིན་འཐུང་རྒྱུར་ཁོ་ཧྥེས་མི་དགོས།།
སེང་ཉིན་མཐོང་བར་གྲོང་འཁྱེར་མི་དགོས།།
སེང་ཉིན་འགྲོགས་སར་དབྱིན་མོ་མི་དགོས།།
དེ་རིང་བྲིས་བ་སྙན་མོ་མ་རེད། །
དེ་རིང་ལེགས་སོ་ཟེར་ན་མ་འདོད། །
སང་ཉིན་རྣ་བར་སྙན་ནི་སྤྲོ་ནི། །
བྲིས་ཤོག་དབྱངས་ཅན་ཁྱོ་བོ་ལགས། །
དེ་རིང་རྣམ་རིག་གསལ་བོ་མ་རེད།།
དེ་རིང་ཁ་ལྕེ་བདེ་བོ་མ་རེད།།
དེ་རིང་སྙན་ངག་སྙན་མོ་མ་རེད།།
སང་ཉིན་ངག་རིག་བདག་ལ་སྩོལ་ལམ།།
དྲ་གྲོགས་བསྟན་འཛིན་སྦྱིན་པ་ལགས་ཀྱིས་དགོངས་ཚུལ་ལ་རྒྱབ་སྐྱོར་ལོས་ཞུ། རྒྱུ་མཚན་ནི་རང་ཉིད་བོད་མི་ཞིག་དང་།ནང་པ་སངས་རྒྱས་པ་ཡིན་པས་སོ།།
བཀྲ་ཤིས་བདེ་ལེགས་ལགས་འཚམས་འདྲིའི་འཚམས་་་་་ཧ་་ཧ་་ཧ་་
ཡ་ཡ་བཀྲ་ཤེས་བདེ་ལེགས་ལ་འཚམ་འདྲི་ཡོད་། བདག་ཀྱང་དྲ་ཐོག་འདིར་ཡོང་ནས་ཡུན་རིང་མིན་་། འོན་ཀྱང་དྲ་ཐོག་འདིར་ཁ་བརྡ་སྙན་མོ་ཁོ་ན་གསན་པའི་གོ་སྐབ་ཡོད་གི་། འཚམ་འཚམ་སུ་གད་མོ་སློང་ནས་རྒྱུ་མ་གཟེར་དུ་འཇུག་གི་། འཚམ་འཚམ་སུ་བདེན་པའི་རྣོ་སོ་ཡང་སྙེད་གི་། གནའ་རབ་དང་དང་རབ་གི་རྩོམ་ཡིག་མཉམ་འབྲེལ་ཡོང་གི་། ཕེབས་པ་དགའ་། ང་ཚོ་མུ་འཐུད་དུ་འགྲོ་། མཆན་འང་གྲང་ ༨ པའི་ལན་དུ་།
དེ་རིང་གི་གནམ་གཤེས་མག་མོག་དེ་། དེ་རིང་གི་སེམ་པ་ཚབ་ཚོབ་དེ་། དེ་རིངགི་བྱ་བ་རྫབ་རྫོབ་དེ་། སང་ཉིན་ནས་དངས་གཙང་་ཡོད་དམ་ཅི་་། འབའ་སྲས་ལགས་འབའ་སྲས་། རྩོམ་སྟང་འདི་ནི་གནས་རབ་པས་མ་གཉེར་བ་ཞིག་། དེང་རབ་པའི་མ་ཟིན་པ་ཞིག་། ང་ཡི་གསར་དུ་སྙེད་པའི་རྣམ་ཤེས་ཞིག་། ཀྱག་ཀྱོག་གི་འཕྲེང་རིང་ནས་བདེན་པ་གླེང་། ང་ཡིས་བདེན་པ་ནས་བདེན་དོན་འཙལ
སྙན་མོ་བྱུང་།
དེ་རིང་མཐོང་བའི་བུ་མོ་མཛེས་མ་མི་འདུག། དེ་རིང་ཐོས་པའི་སྙིང་གཏམ་སྙན་མོ་མི་འདུག།
དེ་རིང་བསམ་བློའི་དཀྱིལ་འཁོར་འཁྲིག་ཆགས་མི་འདུག། སང་ཉིན་དྲན་པའི་ཀ་ཆེན་ལས་སྐལ་ལྡན་ནམ
དེ་རིང་མཐོང་བའི་བུ་མོ་མཛེས་མ་མི་འདུག། དེ་རིང་ཐོས་པའི་སྙིང་གཏམ་སྙན་མོ་མི་འདུག།
དེ་རིང་བསམ་བློའི་དཀྱིལ་འཁོར་འཁྲིག་ཆགས་མི་འདུག། སང་ཉིན་དྲན་པའི་ཀ་ཆེན་ལས་སྐལ་ལྡན་ནམ།།
དེ་རིང་བུ་མོར་ཐུག་ནོ་གསར་བ་མ་རེད།།
དེ་རིང་ནུ་མར་རེག་ནོ་གཙང་མ་མ་རེད།།
དེ་རིང་འཁྲིག་པ་སྤྱད་ནོ་སྐྱིད་པོ་མ་རེད།།
སང་ཉིན་མེ་ཏོག་མ་ཞིག་ཁྱེད་ལ་འཐོབ་ཡོང་།།
དེ་རིང་འབའ་སྲས་སེམས་པར་འབབ་སྟེགས་མི་འདུག།
དེ་རིང་འབའ་སྲས་ངག་ནས་འབའ་སྒྲ་མི་འདུག།
དེ་རིང་འབའ་སྲས་ལུས་ཀྱི་འབབ་ཆུ་མི་འདུག།
སང་ཉིན་འབའ་སྲས་སྔ་བཞིན་འབར་རྒྱུ་ཡོད་དམ།།