ནགས་ཕྲན་པ་བསོད་ནམས་ཚེ་རིང་།
བོད་ནི་སྔ་རབས་ནས་ས་ལྒང་འདིར་ཐུན་མོང་མ་ཡིན་པའི་ས་ཁམས་དང་རིག་གཞུང་ཁྱད་འཕགས་ལྡན་པའི་མི་རིགས་ཤིག་ཡིན་པས་མ་ཚད། དུས་རབས་བདུན་པའི་གཡས་གཡོན་དུ་བོད་རྒྱལ་ཁབ་ཀྱི་ཆབ་སྲིད་དང་དམག་དོན་གྱི་སྟོབས་ཤུགས་ཀྱིས་ཤར་གླིང་ས་ཡི་གསུམ་གཉིས་དབང་དུ་བསྡུས་པའི་ལོ་རྒྱུས་བསྐྲུན་ཡོད། དེའི་སྐབས་བོད་ཀྱིས་དམག་འཁྲུག་རྒྱག་ས་གཙོ་བོ་ཡང་རྒྱ་ནག་ཡིན་པ་དང་། བོད་ཀྱི་རྒྱལ་པོ་མངའ་བདག་ཁྲི་རལ་པ་ཅན་གྱི་སྐབས་སུ་རྒྱ་བོད་དབར་དབོན་ཞང་མཇལ་འདུམ་མཛད་པའི་ས་མཚམས་རྡོ་རིང་ངོས་སུ་“དེའི་ཤར་ཕྱོགས་ཐམས་ཅད་ནི་རྒྱ་ཆེན་པོའི་ཡུལ་དང། ནུབ་ཕྱོགས་ཐམས་ཅད་ནི་ཡང་དག་པ་བོད་ཆེན་པོའི་ཡུལ་ཏེ། དེ་ལས་ཕན་ཚུན་དགྲ་མྱི་འཐབ། དམག་མྱི་དྲང་”ཞེས་སོགས་བཀོད་པ་རེད། ཐ་ན་བོད་སིལ་བུར་འཐོར་བ་དང། སོག་པོའི་དབང་ཤུགས་སླེབས་རྗེས་སུ་ས་སྐྱ་བས་བོད་ཆོལ་ཁ་གསུམ་ལ་དབང་བསྒྱུར་ནས། བོད་གཞུང་དགའ་ལྡན་ཕོ་བྲང་གི་བར་དང་། དེ་ནས་རྒྱ་ནག་གུང་ཁྲན་ཏང་གིས་རྒྱ་ནག་ལ་དབང་བསྒྱུར་མ་བྱས་པའི་བར་དུ་བོད་དང་སོག་པོ། ཡོན། མིང་། མན་ཇུ་གོང་མ་རིམ་བྱུང་། གོ་མིན་ཏང་མི་སེར་རྒྱལ་ཁབ་བཅས་ཀྱི་བར་མཆོད་ཡོན་དང་། དམག་དོན། གཡུལ་འཁྲུག་སོགས་ཀྱི་འབྲེལ་ལམ་སྣ་ཚོགས་པ་བྱུང་ཡོད་པ་དང་། བོད་ཤར་ཕྱོགས་ཀྱི་ས་ཁུལ་རེ་ཟུང་དུ་རྒྱ་ནག་གོ་མིན་ཏང་དམག་གིས་བཙན་བཟུང་བྱས་པའི་ལོ་རྒྱུས་ཀྱང་བྱུང་མྱོང་ཡོད་ནའང་། དངོས་ཡོད་གནས་ཚུལ་ནི་ཕྱི་ལོ་༡༩༤༩ ལོར་རྒྱ་ནག་གུང་ཁྲན་ཏང་གིས་གོ་མིན་ཏང་སྲིད་གཞུང་མགོ་རྟིང་བསློགས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་ཚུགས་(༡༩༤༩/༡༠/༠༡) རྗེས་མའོ་ཙེ་ཏུང་གིས་བོད་དང་ཤིན་ཅང་། ཐེ་ཝན་སོགས་མེས་རྒྱལ་ཁྱིམ་ཚང་ཆེན་མོར་ལོག་དགོས་པ་དང་། བོད་བཅིངས་བཀྲོལ་ཟེར་བ་གཏོང་རྒྱུ་ཡིན་པའི་ཧམ་བཤད་དྲིལ་བསྒྲགས་བྱས་སྐབས། བོད་གཞུང་དགའ་ལྡན་ཕོ་བྲང་གི་ཕྱི་རྒྱལ་ལས་ཁུངས་ནས་(༡༩༤༩/༡༡/༢) རྒྱ་ནག་དམར་སྲིད་གཞུང་ལ་ཡི་གེ་ཕུལ་ཏེ་“བོད་ནི་ཆེས་སྔ་མོ་ནས་ད་ལྟའི་བར་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན། ཆབ་སྲིད་ཀྱི་དབང་བསྒྱུར་ཐད་ལའང་ཕྱིའི་རྒྱལ་ཁབ་སུས་ཀྱང་བཙན་འཕྲོག་བྱས་པ་མེད་ཁར་ཕྱི་རྒྱལ་བཙན་འཛུལ་བར་གདོང་ལེན་གྱིས་རང་ས་རང་སྲུང་གི་སྒོ་ནས་དུས་རྟག་ཏུ་ཆོས་ལྡན་རྒྱལ་ཁབ་ཅིག་ཏུ་གནས་ཡོད་”ཅེས་སོགས་དང་། མི་འགྱངས་བར་“རྒྱ་ནག་གི་གཞུང་སྔོན་མ་ཚོའི་སྐབས་སུ་བོད་ཀྱི་ས་ཁུལ་མང་པོ་ཞིག་རྒྱ་ནག་གི་མངའ་ཁུལ་དུ་བཙན་བཟུང་ཟླ་བསྒྲིལ་བཏང་ཡོད་པ་དེ་དག་བོད་ལ་ཕྱིར་སློག་ཐག་གཅོད་བྱེད་སླད་ཐད་ཀར་གྲོས་བསྡུར་བྱེད་འགོ་འཛུགས་འདོད་ཡོད་”ཅེས་བཤད་པ་རེད། གནད་དོན་འདིའི་ཐོག་ནས་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་ཚུགས་སྐབས་ཀྱང་བོད་ནི་རང་བཙན་རྒྱལ་ཁབ་ཏུ་གནས་པ་དང་། དེའི་སྔོན་བོད་ཀྱི་ལོ་རྒྱུས་ཐོག་ནས་བོད་རྒྱ་ནག་ལས་ཁ་བྲལ་མིན་གྱི་སྐད་ཆ་ལ་གཞི་རྩ་གང་ཡང་མེད་པའི་དཔང་རྟགས་བསྟན་པ་རེད།
ཕྱིི་ལོ་༡༩༤༩ ལོར་རྒྱ་དམག་བོད་ལ་འཛུལ་བ་དང་༡༩༥༠ ཟླ་༡༠ ཚེས་༧ ཉིན་ཆབ་མདོ་བཙན་བཟུང་བྱས་རྗེས། ༡༩༥༡ ལོའི་ཕྱི་ཟླ་༣ ཚེས་༢༣ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་བོད་བར་ཁྲིམས་འགལ་དང་། འཇིགས་སྐུལ་དྲག་སྤྱོད་ཀྱི་འོག་ནས་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བར་བོད་མིའི་ལས་ཐམ་ཡན་རྫུན་བཟོ་བྱས་ནས་མིག་སྔར་མིང་རྟགས་བཀོད་དེ། “བོད་མི་དམངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མེས་པོའི་རྒྱལ་ཁབ་ཆེན་པོ་ནང་ལོག་དགོས།”ཞེས་པར་ངོས་ལེན་མི་བྱེད་ཐབས་མེད་བྱུང་ཡོད་ཀྱང་། རྒྱ་ནག་གིས་མི་རིགས་ཆེན་པོའི་རིང་ལུགས་ཁུར་ནས་བོད་མི་རིགས་རྩ་མེད་གཏོང་བའི་གཏིང་ནག་གི་སྲིད་ཇུས་ཀྱི་ངན་མཚང་མངོན་པའི་མི་གསོད་ཁྲག་སྦྱོར་དང་། གཏོར་བཅོམ་ཚད་མེད་བྱས་ཏེ་བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱི་གནས་སུ་བསྐྱལ་བ་དང་། ༸གོང་ས་སྐྱབས་མགོན་རིན་པོ་ཆེས་གཙོས་པའི་གཞུང་ཞབས་ཧྲག་བསྡུས་དང་མི་མང་སྟོང་ཕྲག་མང་པོ་བཙན་བྱོལ་དུ་ཕྱིན་དགོས་བྱུང་། ཕྱི་ལོ་༡༩༥༩ ལོའི་ཕྱི་ཟླ་༣ པའི་ནང་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་བཀའ་ཕབ་པ་བཞིན་ལྷ་སར་བཅངས་བཀྲོལ་དམག་ཟེར་བས་ལྷ་སའི་ཟིང་འཁྲུག་ལྷིང་འཇགས་བཏང་ནས་མི་གསོད་ཁྲག་སྦྱོར་གྱི་འཁོར་ལོ་བསྐོར་ནས་གྲོས་མཐུན་དོན་ཚན་༡༧ གཞི་མེད་རྩབ་ཧྲལ་དུ་བཏང་བ་དང་། ཡང་ལོ་དེའི་ཟླ་༤ པའི་ཚེས་༡༨ ཉིན་རྒྱ་གར་དུ་༸གོང་ས་སྐྱབས་མགོན་ཆེན་པོས་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཙན་དབང་འོག་བཞག་པ་དང་། རྒྱ་ནག་གིས་གྲོས་དོན་རྩིས་མེད་བཏང་བ་བཅས་ཀྱི་རྒྱུ་མཚན་གྱིས་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་ཁྲིམས་ལུགས་ཀྱི་ཐོག་ནས་རྩིས་མེད་བཏང་བ་ནས་གྲོས་མཐུན་དོན་ཚན་བཅུ་བདུན་དང་འབྲེལ་བའི་ལོ་རྒྱུས་དང་དོན་དངོས། ཁྲིམས་ལུགས་གང་གི་ཐོག་ནས་ཀྱང་བོད་རྒྱ་ནག་དང་ཁ་བྲལ་མིན་གྱི་སྐད་ཆའི་གཞི་རྩ་གཏན་དུ་བྲལ་བ་ཞིག་རེད།
བོད་གཞུང་དགའ་ལྡན་ཕོ་བྲང་བཙན་བྱོལ་དུ་འབྱོར་བའི་“བཙན་བྱོལ་བོད་གཞུང་”གིས་སྔ་ཕྱི་བར་གསུམ་དུ་བོད་ཀྱི་བྱུང་རབས་ལོ་རྒྱུས་ལ་བཅོས་ཐབས་མེད་པ་དང་། ཆོལ་གསུམ་བོད་མི་ཁ་བྲལ་མི་གཏོང་བའི་སྲིད་ཇུས་རྒྱུན་འཁྱོངས་བྱས་ནས། ཕྱི་ལོ་༡༩༧༩ ནས་༡༩༩༣ བར་རྒྱ་ནག་དང་ལྷན་དུ་འབྲེལ་མོལ་ཐེངས་༢༠ ཙམ་བྱས་པའི་བརྒྱུད་རིམ་ཁྲོད། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོའི་རླབས་ཆེ་ཞིང་གཟི་བརྗིད་ལྡན་པའི་དགོངས་གཞིར། བཙན་བྱོལ་བོད་མི་མང་གི་རྒྱབ་གཉེར་གཏན་འབེབས་གནང་བ་བཞིན་ཕྱི་ལོ་༡༩༨༧ ལོ་ཟླ་༩ ཚེས་༢༡ ཨ་རིའི་གྲོས་ཚོགས་སུ་རྒྱ་བོད་ཞི་འགྲིག་ཆེད་ཞི་བདེའི་སྔོན་འགྲོའི་གྲོས་འཆར་དོན་ཚན་ལྔ་དང་། ༡༩༨༨ ལོ་ཟླ་༦ པའི་ཚེས་༡༨ ཉིན་སི་ཏྲས་སི་སྦག་ཏུ་ཡོ་རོབ་གྲོས་ཚོགས་སུ་དོན་ཚན་བདུན་བཅས་གྲོས་མོལ་བྱ་བར་གཞུང་འབྲེལ་གྲོས་འཆར་བཏོན་ཏེ། མ་འོངས་པའི་བོད་དེ་རྒྱ་ནག་དང་ཁ་མི་འབྲལ་བར་སྡོད་རྒྱུའི་སྲིད་ཇུས་བཟུང་ན་ཡང་། རྒྱ་ཕྱོགས་ནས་དོན་ཕན་ལྡན་པའི་ཡ་ལན་མ་སྤྲད་པར་བརྟེན། མཐར་ཕྱི་ལོ་ ༡༩༩༠ ཟླ་༥ ཚེས་༢༩ ཉིན་སྐབས་བཅུ་གཅིག་པའི་སྤྱི་འཐུས་ལྷན་ཚོགས་སུ་༸གོང་ས་སྐྱབས་མགོན་ཆེན་པོས་གོང་འཁོད་གྲོས་དོན་ཁག་རང་བཞིན་གྱིས་རྩིས་མེད་དུ་སོང་བའི་གསལ་བསྒྲགས་བྱས་པ་རེད།
ཡིན་ན་ཡང་ཕྱི་ལོ་༡༩༩༦ དང་༩༧ ནང་བོད་མིའི་རྩ་དོན་འཐབ་རྩོད་ཀྱི་ལངས་ཕྱོགས་མང་གཙོའི་ལམ་སྲོལ་ལྟར་འོས་བསྡུ་བྱས་པ་དང་། གྲོས་ཚོགས་རིམ་པ་བརྒྱུད་དེ་དབུ་མའི་ལམ་ཀྱི་སྲིད་ཇུས་རྒྱུན་འཁྱོངས་བྱས་པ་ནས། ༢༠༠༢ ལོར་སླར་ཡང་རྒྱ་ནག་དང་འབྲེལ་མོལ་བསྐྱར་གསོ་བྱས་ཏེ། འབྲེལ་མོལ་སྔ་ཕྱི་ཐེངས་དགུ་ལ་ཕྱིན་པའི་བརྒྱུད་རིམ་ཁྲོད། “བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོངས་ཐབས་ཀྱི་བསམ་འཆར་”དང་དེའི་འགྲེལ་བརྗོད་བཅས་ཀྱི་ནང་། “ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འགྲོ་ལམ་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས།”བཅས་ཁས་ལེན་བྱས་ཤིང་། མ་འོངས་པར་བོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་གནས་རྒྱུའི་ཁས་ལེན་ཡིག་ཐོག་ནས་རྒྱ་ནག་སྲིད་གཞུང་ལ་ཕུལ་བ་རེད། ཡིནའང་། རྒྱ་ནག་གཞུང་ནས་“ཏཱ་ལའི་བླ་མའི་ཕྱོགས་ལ་གནད་དོན་དེ་འདོད་པའི་ཐོབ་ཐང་མེད་”ཅེས་ཡིག་ཆ་དེའི་མགོ་ནས་མཇུག་བར་ངོས་ལེན་མི་བྱེད་པར་རྩིས་མེད་བཏང་སྟེ། མཐར་བོད་རྒྱའི་འབྲེལ་མོལ་ཡང་མཚམས་ཆད་པ་དང་། ༸གོང་ས་སྐྱབས་མགོན་ཆེན་པོ་དང་བཙན་བྱོལ་བོད་གཞུང་བཅས་ནས་རྒྱ་ནག་གཞུང་ལ་ཡིད་ཆེས་མེད་ཅེས་ཕྱིར་བསྒྲགས་དགོས་བྱུང་བ་རེད། གནད་དོན་འདིའི་ཐོག་ནས་རྒྱ་བོད་བར་ལ་བཙན་བྱོལ་བོད་གཞུང་གི་སྲིད་ཇུས་དབུ་མའི་ལམ་དང་འབྲེལ་བའི་ཉེ་བའི་ལོ་རྒྱུས་དང་དངོས་ཡོད་གནས་ཚུལ་བཅས་ཀྱི་ཐོག་ནས་བོད་རྒྱ་ནག་དང་ཁ་འབྲལ་མིན་གྱི་སྐད་ཆའི་གཞི་རྩ་གཏན་བྲལ་དུ་གྱུར་ཡོད།
གནས་ལུགས་དང་རྒྱུ་མཚན་འདི་ལྟ་བུའི་ཐོག་ནས་བལྟས་ན་བོད་རྒྱའི་བར་གཅིག་གྱུར་དང་ཁ་འབྲལ་ཟེར་བའི་གླེང་གཞིའི་གཞི་རྩ་གཏན་བྲལ་གྱུར་པའི་ལན་པ་ཡོངས་སུ་རྫོགས་པ་རྒྱ་ནག་གི་ཕྱོགས་ལ་ཡོད་པ་ཡང་དོན་དངོས་ཡིན་པས་བོད་མིས་འགན་ཁུར་དགོས་དོན་རྩ་བ་ནས་མེད།
འོན་ཀྱང་། ཁྲེལ་དང་ངོ་ཚ་གཏན་ནས་མེད་པ་དང་། ཐམས་ཅད་རང་ཉིད་ཀྱི་ཐོབ་དང་གོ་ས་ཁོ་ནའི་ཆེད་དུ་བརྩོན་བཞིན་པའི་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་ད་དུང་བོད་དོན་ལས་འགུལ་གང་སྤེལ་ལ་ཁ་བྲལ་འཐབ་རྩོད་ཀྱི་སྒྲོ་འདོགས་བསྙོན་འཛུགས་རྒྱུན་ཆད་མེད་པར་བྱེད་བཞིན་པ་དང་། བོད་ཀྱི་ཕྱོགས་ནས་ཀྱང་ཁ་བྲལ་རྩོད་ཀྱི་མེད་པའི་རྩོད་གླེང་བྱེད་བཞིན་པ་ནི་གཞི་རྩ་བྲལ་བའི་རྩོད་གླེང་ཞིག་ཏུ་གྱུར་ཡོད།
མདོར་བསྡུས་ནས་བཤད་ན། དོན་དངོས་ཐོག་བོད་ནི་སྔ་བར་ཕྱི་གསུམ་དུ་བོད་རང་གི་ངོ་བོར་འགྱུར་མེད་དུ་གནས་པ་དང་། རྒྱ་ནག་གིས་བོད་བཙན་བཟུང་བྱས་པའི་དམིགས་ཡུལ་ཡང་ཡོངས་སུ་འགྲུབ་མེད་པ་ཞིག་ཡིན། ངས་འདི་ལྟར་བཤད་པའི་ནང་དོན་ནི་རྒྱ་ནག་གིས་བོད་ཀྱི་སྣོད་བཅུད་གཉིས་ཀ་དབང་འོག་བསྡུས་ནས་བཙན་གནོན་དང་དྲག་སྤྱོད་ཀྱིས་མནན་ཡོད་ནའང་། ལོ་རྒྱུས་དང་ཁྲིམས་ལུགས་བཅས་ཀྱི་ཐོག་ནས་དོན་དངོས་ལ་བལྟས་ན་བོད་རྒྱལ་ཁབ་དང་མི་རིགས། བོད་ཀྱི་ཆོས་ནོར་སྲིད་གསུམ་གྱི་བདག་དབང་ཡོངས་སུ་རྫོགས་པ་ད་དུང་བོད་རང་ལ་ཡོད་ཅེས་བཤད་པ་ཡིན་ལ། བོད་མི་རྣམས་ཀྱིས་བོད་ཀྱི་རང་དབང་སླར་གསོ་བྱ་རྒྱུ་དེའང་ནམ་ཡང་བློས་གཏོང་མི་སྲིད་ཅེས་པ་དེ་ཡིན། ། ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༣ ཉིན་བྲིས།
རྒྱ་ནག་དམར་གཞུང་གིས་སྔ་ཕྱི་བར་གསུམ་དུ་བཙན་བྱོལ་བོད་གཞུང་གི་དགོས་འདུན་ཁག་ལ་ཨ་ལན་མ་སྤྲད་པའི་རྣམ་འགྱུར་དེ། མདོར་བསྡུས་ནས་བཤད་ན་བོད་གངས་ཅན་ལྗོངས་ཀྱི་ཡོད་ཚད་ལ་བདག་དབང་ཡོད་པར་སྙམ་པས་རེད། ལོ་རྒྱུས་ཀྱི་ཐོག་བོད་རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པར་ཀུན་གྱིས་སྨྲ་བའི་བདེན་པ་རི་འདྲ་བོ་འདི་ལ་ཡང་རྒྱ་དམར་གཞུང་གིས་ཆད་དུ་ལོ་རྒྱུས་རྫུན་བཟོ་བ་སྒྲིག་ཏེ་མ་འོངས་པའི་ལོ་ངོ་བརྒྱ་སྐོར་རྗེས་ལ་བོད་ཀྱི་ཡོད་དོ་ཅོག་ལ་ཁོ་བ་ཚོས་དབང་སྒྱུར་བྱས་པ་ཡིན་སྙམ་ནས་སྡད་ཡོད་པ་རེད་དོ།། ལོ་རྒྱུས་ཡིག་ཆ་ལ་བདག་པོ་རྒྱག་རྒྱུ་དང་། རྒྱ་མིས་རྫུན་བཟོ་ལོ་རྒྱུས་ཀྱི་རྫུན་ཁུངས་དུས་ཐོག་ལ་བརྟོལ་རྒྱུ་ནི་བོད་མི་སྨྱུག་ཐོག་པ་ཚང་མས་འོས་འགན་རེད་དྲན། སྤྱི་ཚོགས་འདིར་གླེང་རིན་ཡོད་པའི་བསོད་ནམས་ཚེ་རིང་གི་དཔྱད་བརྗོད་འདི་ལ་རྒྱབ་སྐྱོར་དང་སློབ་སྦྱོང་བྱེད་ཀྱིན་ཡོད། རྩོམ་པ་པོ་ཐུགས་རྗེ་ཆེ།
ཁྲེལ་དང་ངོ་ཚའི་སྐད་ཆ་ནི་འཇིག་རྟེན་རིག་པའི་སྐད་ཆ་ལས་ཆབ་སྲིད་དང་དཔལ་འབྱོར། རྩེད་རིགས་སྒང་དུ་ཡོང་ཐབས་མེད་ལ། ཁྲེལ་དང་ངོ་ཚ་ཟེར་བ་ཁེ་ཕན་དོན་གཉེར་བ་ཞིག་ལ་མཚོན་ན་ལག་ཆ་དེ་བས་ཡོང་ཐབས་མེད་ལ། གལ་སྲིད་ཁོ་ཚོས་བཤད་ན་ལག་ཆ་ཁོ་ན་རེད། རྒྱུ་མཚན་ནི་ཁྱེད་ཀྱིས་དྲང་པོ་བྱས་ན་འགྲན་ཡས་ཕམ་ཁ་སྤྲད་པས་རེད། དཔེར་ན། ཤོག་རྩེད་བྱེད་སྐབས་དྲང་ཚིག་བཟུང་ནས་རང་གི་ཤོག་ངོ་འགྲན་ཡ་བསྟན་ན་ཕམ་ཁ་མྱོང་བ་ལྟར་རེད།
ཁྱེད་ཀྱི་གཡོ་སྒྱུ་དུག་བརྩི་ཡང་གཞན་ལ་གཡོ་སྒྱུ་ཐབས་རེད། ཁྱེད་ཀྱིས་ངོ་ཚ་བཟང་དུ་བརྩི་ཡང་གཞན་གྱི་ངོ་ཚ་གྱོང་གུད་རེད། ཁྱེད་ཀྱིས་དྲང་ཚིག་མཆོག་ཏུ་བརྩི་ཡང་གཞན་གྱིས་དྲང་པོ་གླན་པ་འདོད། ཁྱེད་ཀྱིས་སྙན་གྲགས་གཙིག་ཏུ་བཀུར་ཡང་གཞན་གྱིས་ཁེ་ཕན་མཆོག་ཏུ་འཛིན་པ་སོགས་ཀྱི་དེ་ཉིད་ལས་ཁ་བྲལ་རིང་ལུགས་པ་ཞེས་བའི་ཐ་སྙད་འདི་བྱུང་བ་རེད། ཐ་སྙད་འདི་རྒྱ་ནག་གི་ཁེ་ཕན་དང་འབྲེལ་བས་ཁེ་ཕན་ཁ་ཚོད་ཡོད་པ་དེ་ཚོད་ཀྱིས་རྒྱ་གཞུང་གི་བེད་སྤྱོད་བཏང་ངེས་རེད། རྒྱུ་མཚན་ནི་རྒྱ་ནག་པ་སུ་ཡང་རྒྱ་ནག་ཁ་བྲལ་ལ་མི་མོས་བས་རྒྱ་དཔོན་ཚོས་ཚིག་འདི་བེད་སྤྱོད་ནས་བོད་དང་གྲངས་ཉུང་མི་རིགས་འདུལ་བཞིན་ཡོད། རྒྱ་ནག་མི་མང་རྒྱབ་ཏུ་ཡོད་ན་རྒྱ་གཞུང་གིས་བོད་མིའི་འདུལ་བའི་འཇོན་ཐང་ཡོད་པའི་བློ་སྤོབས་ཡོད་པས་རེད། དེ་ན། ཁ་བྲལ་རིང་ལུགས་ཟེར་བ་ནི་ཐབས་ལམ་ཞིག་རེད། བོད་ལ་དབང་སྒྱུར་བྱེད་པའི་དེང་གི་ཐབས་ལམ་ཞིག་རེད། རྒྱ་ནག་མི་མང་གི་རྒྱབ་སྐྱོར་ཡོད་མེད་ལ་མ་ལྟོས་བར་ག་དུས་རྒྱ་གཞུང་གིས་བོད་འདི་དབང་སྒྱུར་བྱེད་པའི་བློ་སྤོབས་ཉམས་ཚེ་ཁ་བྲལ་ཟེར་བའི་ཚིག་འདི་བཀོད་སྤྱོད་བྱེད་རྒྱུ་ཉུང་དུ་འགྲོ་ཞིང་། དེའི་ཚབ་ཏུ་གཉིས་སྨན་དང་མཛའ་གྲོགས། གཅིག་ཕན་གཅིག་གྲོགས། རོགས་སྐྱོར་སོགས་ཀྱི་ཚིག་འདི་མང་དུ་ཡོང་བ་འདོད། དེ་ནི་མ་འོངས་བའི་བོད་མིའི་ཆབ་དཔལ་རིག་གསུམ་གྱི་འཇོན་ཐང་ཁོ་ན་ལ་རག་ལས་བ་འདོད།
ནགས་ཕྲན་པས་སྙུག་གུ་ས་ལ་མ་གཡུགས་པར་དབྱེ་ཞིབ་ལྡན་པས་རྩོམ་ཡིག་སྤེལ་བ་ལེགས།
ནགས་ཕྲན་པས་དཀའ་ལས་ཞེ་བྲག་སྐྱོན་ཤག །འོན་ཀྱང་དོན་དངོས་ཐོག་དགེ་མཚན་ག་རེ་ཡོད་མེད་སུས་ཀྱང་བཤད་པར་དཀའ། ད་ལྟའི་ཆར་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོ་མཐུན་སྒྲིལ་ཡག་པོ་མེད་པ་གསལ་པོ་རེད། ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་རྐྱང་བྱས་ནས་དུས་འདའ་བཞིན་ཡོད། ལྷག་པར་དུ་ལྷ་སྲུང་བསྟེན་གསོལ་བྱེད་ཕྱོགས་ཀྱི་སྐོར་དེ་དངོས་གནས་མགོ་ན་ཡག་རང་རེད།
ངའི་གྲོགས་པོ་ཕྱི་རྒྱལ་བ་ཞིག་ནས་ངར་དྲི་བ་འདི་འདྲ་ཞིག་བཏང་སོང་། ཁྱོད་ཚོ་བོད་པ་ཚོས་དགོས་ངེས་ཀྱི་རྩ་དོན་བོར་ནས་དགོས་མེད་ཀྱི་སྤུན་ཟླ་ནང་ཁུལ་དུ་ཕན་ཚན་ཆོས་དང་ཟང་ཟིང་གི་འབྲེལ་བ་མི་བྱེད་པའི་ས་ཡིག་བརྒྱབ་པ་དང་མནའ་སྐྱེལ་པ་སོགས་བྱས་པ་རེད་ཟེར་གྱིན་འདུག་དེ་དངོས་གནས་རེད་པས? གལ་ཏེ་བདེན་པ་ཡིན་ན་དེ་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་ནམ་་་བྱེད་བཅུགས་ངེས་སུ་རེད། ཟེར་གྱིན་འདུག །དྲི་བ་དེས་་་་་ང་ཁག་པོ་ཞེ་བྲག་བཟོས་སོང་།། གྲོགས་པོ་ཚོ་དེ་ལ་ལན་ག་རེ་བརྒྱབ་ན་ཡག་གི་རེད?