བདེ་ཆེན་སྒྲོལ་མ།
༼ཝར་ཎ་ནས་ཁྱོད་རང་དྲན་ཚུལ།༽
ང་མེ་འཁོར་ལ་བསྡད་དེ། ཉིན་དང་མཚན་མཐུད་ཀྱིས་མདུན་དུ་བསྐྱོད།
ཁྱོད་རང་དྲན་བཞིན། ཉིན་དང་མཚན་མཐུད་ཀྱིས་མདུན་དུ་བསྐྱོད།
འགྲུད་བཞུད་ཀྱི་གདུང་བ་ལྕི་མོ།
ཁྱོད་ཁོ་ན་དྲན་པའི་གཏམ་རྒྱུད་གླེགས་བམ་ཞིག་དང་འདྲ།
དགའ་ཞོར་དང་སྡུག་ཞོར།
ཁྱོད་དྲན་པའི་ན་བུན། སྙིང་ཁུངས་ནས་དྭངས་ཐབས་དཀོན་སོང༌།
ཝར་ཎ་ནས། ཚ་བ་ཅི་འདྲའི་ཆེ་ཞིང་དུག་སྦྲང་དུག་བཞིན་རྩུབ་ན་ཡང༌།
ཁྱོད་རང་དྲན་ཡུལ་ནས་བོར་མ་མྱོང༌།
འདི་ནི། ངས་ཁྱོད་རང་དྲན་པའི་དྲན་ཚུལ་ཡིན།
འདི་ནི། ངས་རང་སེམས་བྲིས་པའི་ཟིན་ཐོ་ཡིན།
༢༠༠༨ཟླ༧ཚེས༦ཕྱི་དྲོ་ཝར་ནའི་མཆོད་རྟེན་མཐའི་སྤང་ཁུག་ནས་བྲིས།
༼ཟླ་བ་མཚོ་ལ་ལྷུང་བའི་གཏམ་རྒྱུད།༽
རང་གི་བྱིས་དུས་གླེང་བའི་སྙན་ངག
ཟླ་བའི་གཏམ་རྒྱུད་ཀྱིས་སེམས་པ་བཟི་ཞིང༌།
ཟླ་བའི་གཏམ་རྒྱུད་ཀྱིས་ཡོད་ཚད་ཀྱི་ཁ་དོག་བསྒྱུར།
དེ་རིང་ཕྱིར་དྲན་གྱི་ཀློང་ན། མང་པོ་ཞིག་དྲན་པ་རབ་རུབ།
ས་རུབ་ཁའི་ཐག་རིང་གི་ཤིང་སྡོང་རྒས་འཁོགས་དེ་དང་འདྲ།
ཨ་ཕའི་བཤད་པའི་གཏམ་རྒྱུད།
ཨ་ཁུ་སྤྱང་ཀི་དང་ཨ་མ་རི་བོང་ཡིན།
དགེ་རྒན་གྱིས་བསླབ་པའི་གཏམ་རྒྱུད།
ཟླ་བ་མཚོ་ལ་ལྷུང་བའི་སེམས་ཁྲལ་རེད།
དགའ་བ་ལྷད་མེད་ཞིག་གི་ཁྲོད་ནས།
བྱིས་དུས་ཆུང་ཆུང་འདི་ལྟར་རྒྱང་ལ་བཞུར་སོང༌།
༢༠༠༨ཟླ༧ཚེས༩མཚན་མོར་ཝར་ན་ནས་ལྡི་ལིར་བསྐྱོད་པའི་མེ་འཁོར་དུ་བྲིས།
༼ཐག་རིང་གི་གློག་འོད།༽
རང་གི་མ་འོངས་པར་ཚོད་དཔག་རགས་ཙམ་བྱས་པ།
མེ་འཁོར་གྱི་སྒེའུ་ཁུང་བརྒྱུད་ནས།
ཐག་རིང་ཐག་རིང་གི། གནམ་མཐའི་གློག་འོད་དེ་མཐོང་དུས།
ངས་རང་གི་མ་འོངས་པ་དེ་སེམས་ལ་སྒོམ།
རྒྱང་ཐག་རིང་བའི་མ་འོངས་པ།
རིན་ཐང་ཆེ་བའི་མ་འོངས་པ།
བསམ་ཞིང་བསམ་ན། མི་ཞིག་གི་མ་འོངས་པ་ནི་ཅི་འདྲའི་རྩ་ཆེ་བ་ཞིག་ཨང༌།
༢༠༠༨ཟླ༧ཚེས༩མཚན་མོར་མེ་འཁོར་དུ་བྲིས།
༼ཁ་བྱང་མེད་པའི་སྙན་ངག༽
བྱིས་དུས་སྒྲུང་གཏམ་གྱིས་བསྐྱལ་བའི་མི་ཚེ།
རྒས་དུས་གསེར་འོད་ཀྱིས་ཕྱུག་འདོད་པ་སྟོང་སེམས་ཤིག
འདི་ནི། ཟླ་བ་སེམས་ནང་ལ་འཆར་བའི་མཚན་མོ།
རྨི་ལམ་ཞིམ་པོ་ཞིག་གི་རྗེས་ཤུལ་འཛིན་མི་ཐུབ་པ་དང་འདྲ།
༢༠༠༨ཟླ༧ཚེས༡༠ཉིན་རྒྱལ་ས་ལྡི་ལིའི་ཞི་བདེའི་མགྲོན་ཁང་གསར་བར་བྲིས།
ངས་ཁྱེད་ཀྱི་སྙན་ངག་དེ་ཚོ་འདི་ལྟར་ལེགས་ཞེས་བརྗོད་ཤེས་མ་སོང་ཡང་འདི་ལེགས་པོ་མི་འདུག་ཅེས་ཀྱང་བཤད་ཤེས་མ་སོང༌། ལེགས་པའམ་ཡང་ན་ཉེས་པ། ཕྱོགས་གཞན་ཞིག་ནས་ལེགས་ཉེས་ཀྱི་ངོས་གཉིས་ཀྱི་ཆ་དང་ལྡན་པར་སྲིད་ཀྱང་ཁོ་བོས་འདིར་འདི་ཡིན་ཞེས་བརྗོད་དུ་མ་རྙེད། སྐད་ཆ་འདི་ནི་ངས་ཁྱེད་ཀྱི་སྙན་ངག་བྋཐྲྤཀླགས་རྗེས་སུ་ཁྱེད་ལ་ཤོད་ནུས་པའི་སྐད་ཆ་གཅིག་པོ་དེ་ཡིན། ཁྱེད་ཀྱི་སྙན་ངག་གི་ངོ་གདོང་གི་མཛེས་པ་ལས་ཀྱང་ཁྱེད་གྱི་ཝ་ར་ཎ་སིར་བསྐྱོད་པའི་འགྲུལ་བཞུད་རིང་མོ་དེའི་སྣང་བརྙན་ཞིག་ངོས་གཞན་ནས་ཤར་དུ་བཅུག་པ་དེས་ཚོར་སྣང་རྣོན་པོ་ཞིག་སྤྲད་བྱུང༌།
གྲོགས་པོ་ལགས། བརྒྱ་ཆ་བརྒྱ་ཐམས་པ་རང་ཉིད་ཀྱི་ལྷན་སྐྱེས་ཀྱི་འཇོན་ཐང་དང་སློབ་སྦྱོང་གི་གྲུབ་འབྲས་ལ་ཡིད་ཆེས་སྐྱེད་དང༌། འདི་ཁོ་ནས་ཁྱེད་ཀྱིས་འཇིག་རྟེན་ལ་ཟས་རིན་འཇལ་ནུས། བོད་པ་ཚོ་བཀའ་སློབ་གནང་རྒྱུར་དགའ་བོ་ཡོད་སྟབས་མཇུག་ཏུ་ངས་ཀྱང་ཁྱེད་ལ་བཀའ་སློབ་ཅིག་འོས་བབ་ཡོད་མེད་ལ་མ་ལྟོས་པར་ཕུལ་བ་ཡིན།