དཔེ་མཛོད་ཁང་འདིའི་མིང་ལ་”ལ་རྩེ་། དེང་རབས་བོད་ཀྱི་རིག་གཞུང་དཔེ་མཛོད་ཁང་”ཞེས་འབོད་ཀྱི་ཡོད་སྟབས། ངས་འདིར་ལ་རྩེ་ཞེས་པའི་མིང་ལས་འཕྲོས་ཏེ་སྐད་ཆ་ཚིག་ཁ་ཤས་བཤད་འདོད་བྱུང་། ལ་རྩེ་ཞེས་པའི་མིང་འདི་བོད་སྐད་ཅུང་ཙམ་གོ་མཁན་ཞིག་ཡིན་ཚེ་རང་ཤུགས་ཀྱིས་ས་མཐོ་ས་དང་རི་ཡི་རྩེ་མོ་ལ་གོ་འགྲོ་བ་ལྟར་རེད། འདི་ག་དཔེ་མཛོད་ཁང་གིས་གསོག་ཉར་བྱེད་པའི་ཡིག་རིགས་རྒྱུ་ཆ་གཙོ་བོ་ནི་བོད་ཀྱི་རིག་གཞུང་སྐོར་ཡིན་ལ། རིག་གཞུང་དེ་ནི་འཛམ་བུ་གླིང་འདིའི་ཆེས་མཐོ་ས་སྟེ། འཛམ་གླིང་གི་གཙུག་ཏོར་དུ་འབོད་པ་གངས་ཅན་བོད་ཀྱི་ཡུལ་ནས་ཡོང་བས་སོ།
བོད་པ་རྣམས་ཀྱིས་ཆེས་སྔ་མོའི་དུས་ནས་རང་ཉིད་འཛམ་བུ་གླིང་འདིའི་ཆེས་མཐོ་སར་གནས་པ་ལ་དགའ་སྣང་དང་སྤོབས་ཉམས་བསྟན་ཡོད། ལྷ་སའི་གཙུག་ལག་ཁང་གི་མདུན་ན་སྤྱི་ལོ་བརྒྱད་བརྒྱ་ཉི་ཤུའི་དུས་མགོར་བསླངས་ཤིང་ཡོངས་གྲགས་སུ་དབོན་ཞང་རྡོ་རིངས་སུ་འབོད་པའི་རྡོ་རིང་དེར། བོད་པ་རྣམས་ཀྱིས་རང་ཡུུལ་ལ་”གངས་རི་མཐོན་པོའི་དབུས། ཆུ་བོ་ཆེན་པོའི་མགོ ཡུལ་མཐོ་ས་གཙང་”ཞེས་བསྔགས་བརྗོད་ཡིད་དབང་འཕྲོག་པ་འདི་བྱས་ཡོད།
བོད་པ་རྣམས་འཛམ་གླིང་གི་ཆེས་མཐོ་སར་གནས་ན་ཡང་། དེས་ཀྱང་ཁོང་ཚོའི་འདོད་བློ་ཁེངས་མེད་པར་བོད་པ་རྣམས་ཀྱིས་དེ་ལས་ཀྱང་མཐོ་བར་འདོད་པའི་སེམས་ཁམས་ཤིག་བསྟན་ཡོད།
ང་ཚོ་བོད་ཀྱི་ཡུལ་གྲུ་གང་ཞིག་ཏུ་སླེབས་ཀྱང་བོད་ཡུལ་ཡིན་རྟགས་སུ་རི་ཡི་རྩེ་མོ་ལ་ཤིང་སྐམ་ཚོམ་བུ་རེ་ཡི་རྩེ་ན་དར་ལྕོགས་དང་རླུང་རྟ་རྣམས་རླུང་གིས་སྐྱོད་བཞིན་པ་མཐོང་ཐུབ། དེ་དང་ཉེ་བར་བཏང་ནས་བལྟས་ན། དེ་ནི་ས་རྡོ་གང་རུང་སྤུངས་བའི་ཁྲི་སྟེགས་ཀྱི་སྟེང་དུ་སྐམ་པོར་གྱུར་བའི་ཤིང་གི་ཡལ་ག་དང་། ཤིང་གི་མདའ་མདུང་གྲི་གསུམ་སོགས་གནའ་བོའི་གོ་མཚོན་མང་པོ་བཙུགས་ཡོད་ཅིང་། དེ་དག་གི་སྟེང་ན་དར་ལྕོགས་དང་རླུང་རྟ་རྣམས་རླུང་གིས་སྐྱོན་བཞིན་ཡོད་པ་འདི་ལ་ལ་རྩེ་ཞེས་འབོད།
ཨ་མདོ་བ་རྣམས་ཀྱིས་རི་རྩེ་དག་ལ་དེ་ལྟ་བུའི་ལ་རྩེ་འཛུགས་པའི་སྲོལ་རྒྱུན་གྱི་ལས་འགུལ་དེ་”ལ་རྩེ་བསྟོད་”ཅེས་བརྗོད། འདིའི་སྐབས་ཀྱི་བྱ་ཚིག་”བསྟོད་”ནི་མཐོ་བར་བྱས་བའི་དོན་ཡིན། ལ་རྩེ་ལ་”ལབ་ཙེ”འམ་”ལ་བཙེ”་སོགས་དག་ཆ་འདྲ་མིན་ཞིག་འབྱུང་ན་ཡང་། “ལ་རྩེ་བསྟོད”་ཅེས་པ་ལ་རྩེའམ་རི་རྩེ་ཇེ་མཐོར་བཏང་བ་ཡིན་པའི་གོ་དོན་གྱི་སྟེང་ནས་བལྟས་ན། དག་ཆ་འདྲ་མིན་དེ་དག་མཆེད་ཁུངས་ངོ་མ་ནི་”ལ་རྩེ་”ཞེས་པ་འདི་ཡིན་ལས་ཆེའོ།
བོད་པ་རྣམས་ཀྱིས་ལ་དང་རི་ཡི་རྩེ་མོ་མཐོ་བར་བྱས་པ་དེས་ཀྱང་ཁོང་ཚོའི་འདོད་པ་ཚིམ་གྱི་མེད་པར། ལ་དང་རི་ཡི་རྩེ་མོ་རྣམས་ནམ་མཁའ་དང་སྦྲེལ་ཐབས་བྱེད་ཀྱི་ཡོད། བོད་ཀྱི་ཡུལ་ཁམས་ཁག་ཅིག་ཏུ་རི་རྩེ་ན་ཡོད་པའི་”ལ་རྩེ་”རྣམས་རྨུ་ཐག་ཟེར་བ་སྟེ། བལ་སྐུད་ལ་བལ་ཚོམ་དང་དར་རྩེ་ཆུང་ཆུང་མང་པོ་བཀལ་བ་དེ་འདྲ་མང་པོས་སྦྲེལ་བར་བྱེད།
རྨུ་ཐག་ཟེར་བ་འདི་བོད་ལ་སངས་རྒྱས་ཆོས་ལུགས་མ་དར་སྔོན་གྱི་ཐ་སྙད་ཅིག་ཡིན་ཅིང་། བོད་ཀྱི་ཡིག་ཚང་རྣམས་སུ།བོད་ཀྱི་ཆེས་གནའ་བོའི་རྒྱལ་བོ་རྣམས་ལྷ་ཡུལ་ནས་རྨུ་ཐག་ལ་འཇུས་ནས་མི་ཡུལ་ལ་ཕེབས་པ་དང་། མི་ཡུལ་དུ་ཚེ་ཡི་འདུ་བྱེད་རྫོགས་རྗེས་རྨུ་ཐག་ལ་འཇུས་ནས་སླར་ཡང་ནམ་མཁའི་ལྷ་ཡུལ་ལ་ལོག་ཕེབས་འགྲོ་བར་བཤད་དེ། མདོར་ན་རྨུ་ཐག་ནི་མཐོ་ནམ་མཁའི་ལྷ་ཡུལ་དང་དམའ་ས་ཐོག་གི་མི་ཡུལ་གཉིས་སྦྲེལ་བྱེད་ཅིག་ཏུ་གོ
ལ་རྩེ་བསྟོད་པའི་སྲོལ་རྒྱུན་འདི་ནི་བོད་ཡུལ་གཅིག་པོ་ལ་དར་བ་ཞིག་དང་། དེ་ཡང་བོད་ཀྱི་ཆོས་སྡེ་དང་ཆོས་པ་རྣམས་ལས་བོད་པ་སྐྱ་བོའི་སྤྱི་ཚོགས་སུ་དར་ཤུགས་ཆེ་ལ། བོད་ལ་སངས་རྒྱས་ཆོས་ལུགས་མ་དར་སྔོན་ནས་ད་བར་དུ་(རིག་གནས་གསར་བརྗེའི་ལོ་ཤས་ཕུད། )རྒྱུན་མ་ཆད་པར་གནས་བའི་བོད་ཀྱི་གནའ་བོའི་སྲོལ་རྒྱུན་དྭངས་མ་ཞིག་ཡིན།
སྤྱིར་བཏང་ནས་བོད་ཀྱི་རིག་གཞུང་ཞེས་ཚེ། དེའི་ནང་དུ་སངས་རྒྱས་ཆོས་ལུགས་ཀྱིས་ཆ་ཆེན་པོ་ཞིག་བཟུང་ཡོད་པ་རེད། ཡིན་ན་ཡང་འདི་ག་དཔེ་མཛོད་ཁང་ནས་དེ་གཙོ་བོར་བཟུང་མེད།
བོད་བརྒྱུད་ནང་བསྟན་གཙོ་བོར་བཟུང་བའི་དཔེ་མཛོད་ཁང་དང་ཞིབ་འཇུག་སློབ་གཉེར་བྱེད་ས་ནི་དེང་སང་རྒྱལ་སྤྱིའི་སྟེང་ན་གང་མང་ཞིག་བྱུང་དང་འབྱུང་བཞིན་ཡོད། ང་ཚོས་དེ་དག་གི་ཕྱག་ལས་སྐྱར་ཟློས་བྱེད་འཆར་མེད། འདི་ག་དཔེ་མཛོད་ཁང་གི་གཙོ་གནད་དུ་འཛིན་པ་ནི་བོད་མི་དཀྱུས་མའམ་བོད་མི་སྐྱ་བོའི་རིག་གཞུང་དང་། དེ་དེང་དུས་སྤྱི་ཚོགས་ཀྱི་ནང་དུ་ཇི་ལྟར་འཚོ་གནས་བྱེད་བཞིན་པ་དང་འགྱུར་ལྡོག་འགྲོ་བཞིན་པའི་སྐོར་ཡིན།
ང་ཚོས་”ལ་རྩེ་”ཞེས་པ་འདི་བོད་མི་སྐྱ་བོའི་རིག་གཞུང་གི་མཚོན་བྱེད་དུ་བརྩིས་ཏེ། འདིས་རིག་གཞུང་འདིའི་འབྱུང་ཁུངས་དང་འཚོ་གནས། རིག་གཞུང་དེ་སྐྲུན་མཁན་རྣམས་ཀྱི་མཐོ་ས་ནས་མཐོ་སར་སྙེགས་པའི་སེམས་ཁམས། དེ་ལོ་ངོ་སྟོང་ཕྲག་སྔོན་ནས་བྱུང་ཡང་ད་ལྟའི་དུས་འགྱུར་ཆེན་པོ་འདིའི་ནང་ལ་ཡང་ད་དུང་གསོན་ཤུགས་མ་ཉམས་པར་གནས་ཡོད་པ་བཅས་མཚོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།
དེ་རིང་སང་ཉིན་། ནངས་དགོང་གི་ཆུ་ཚོད་སྟོང་པ་དག་བེད་སྤྱད་དེ། ངེད་ཀྱིས་བོད་ཀྱི་མཁས་བ་རྒན་པ་དག་གི་གསུང་རྩོམ་ཇི་སྙེད་ཅིག་ྐློག་གང་ཐུབ་བྱེདཀྱིན་ཡོད།
མཁས་བ་རྒན་པ་རྣམས་ཀྱི་གསུང་རྩོམ་དག་གི་ཁྲོད་ན། ཞིབ་འཇུག་དང་བློ་བསྐྱེད་ཀྱི་ཡོན་ཏན་ཇི་སྙེད་ཅིག་ལེན་རྒྱུ་ཡོད་པ་ནི་སྨྲས་མེད་ཐོག ངེད་རང་སྒེར་ལ་མཚོན་ན། ཁོང་ཚོའི་གསུང་རྩོམ་དག་ྐློག་གིན་ྐློག་གིན་བསྐྱར་དུ་ྐློག་འདུན་སླེབས་ཡོང་གི་འདུག མཁས་དབང་པད་མ་འབུམ་གྱི་གསུང་རྩོམ་དག་ཀྱང་དེའི་ཁྲོད་ཀྱི་གཅིག་རེད། འོན་ཀྱང་། བོད་ཕྱི་ནང་གཉིས་ན་ཁོང་གི་གསུང་རྩོམ་ྐློག་འདོད་ཀྱི་འདུན་པ་ཡོད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་རུང་། ཁོང་གི་གསུང་རྩོམ་དག་མཇལ་བའི་སྐལ་བ་ནི་ཇེ་ཕྲ་ནས་ཇེ་ཕྲར་འགྲོ་བའི་ལྡོག་ངོས་ཀྱི་སྣང་ཚུལ་དེ་རེད། པད་མ་འབུམ་གྱི་རྩོམ་ཡིག་དག་གིས་བཙན་བྱོལ་སྤྱི་ཚོགས་ལ་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་པ་མ་ཟད་ཁོང་གི་ཚིག་སྦྱོར་སྤེལ་སྟངས་ལ་དགའ་མོས་དང་རྗེས་འཇུག་བྱེད་མཁན་ཡང་ཇེ་མང་ནས་ཇེ་མང་ལ་འགྲོ་བཞིན་ཡོད། ངེད་རང་ཡང་དེའི་ཁྲོད་ཀྱི་གཅིག་ཡིན། དེར་བརྟེན་། མཁས་དབང་པད་མ་འབུམ་གྱི་ལ་རྩེ་དཔེ་མཛོད་ཁང་གི་སྒོ་འབྱེད་གསུང་བཤད་དེ་ཕྱི་ལོ་༢༠༠༣ལོའི་ལ་རྩེ་དཔེ་མཛོད་ཁང་གི་གསར་འཕྲིན་འདོན་ཐེངས་དང་པོའི་ཐོག་ནས་བཤུས་ཏེ་འདི་རུ་བཀོད་པ་ཡིན།
ལ་རྩེའི་མིང་འདོགས་སྟངས་ཐད་ང་ལ་སྔོན་མ་ནས་བསམ་ཚུལ་ཐུང་ཐུང་ཞིག་ཡོད། དེ་རིང་ཁྱེད་ཀྱིས་འགྲེལ་བཤད་དེ་འདིར་བཀོད་པར་བརྟེན་ངའི་བསམ་ཚུལ་ཕྱིར་འདོན་རྒྱུའི་གོ་སྐབས་མ་བསྒྲིགས་རང་འགྲིགས་བྱུང་། ལ་རྩེ་དེང་རབས་བོད་ཀྱི་རིག་གཞུང་དཔེ་མཛོད་ཁང་གི་མིང་གསར་བ་འདི་ཀློག་ཐེངས་རེར་ངའི་ཡིད་ངོར་མ་བདེ་བ་ཞིག་ཡང་སེ་ཡོང་གི་ཡོད། རྒྱུ་མཚན་ནི་ངའི་ཕ་ཡུལ་དུ་ལབ་ཙེ་ཟེར་བ་མ་གཏོགས་ལ་རྩེ་མི་ཟེར་བ་དེ་གཅིག་བུ་ཡིན།
ང་ཚོའི་མཁས་པ་མང་པོ་ཞིག་ཐ་སྙད་ཆུང་ཆུང་ཞིག་ཡིན་ན་ཡང་ཡིན་གཅིག་མིན་གཅིག་ཁུངས་གཏུགས་ས་ཞིག་དགོས་པ་དང་། རྒྱུ་མཚན་དང་ལྡན་པའི་ཁུངས་གཏུགས་ས་ཞིག་ཡོད་ན་ཁུངས་ཐུབ་ཅེས་མཁས་པའི་མིང་ཞིག་ཀྱང་རང་བཞིན་གྱིས་ཐོབ་འགྲོ་གི་ཡོད་པ་དེ་དངོས་ཡོད་རེད། ཡང་ཕྱོགས་གཞན་ཞིག་ནས་བལྟས་ན། ད་ལྟ་བརྗོད་བཞིན་པའི་མི་མང་གི་སྐད་རྣལ་མ་ཞིག་གི་རིན་ཐང་དེ་སྣང་མེད་དུ་བཞག་སོང་བ་དེ་རེད། སྐད་ནི་དུས་རབས་རིམ་སོང་གིས་འགྱུར་འགྲོ་གི་ཡོད་པ་ཆོས་ཉིད་རེད། ཡིན་ན་ཡང་། འགྱུར་ཚར་བའི་སྐད་དེ་ལ་ཡང་རང་ངོས་ནས་དེ་ལ་རིན་ཐང་ཞིག་ཡོད་པ་རེད། ད་ལྟའི་མི་མང་སྤྱི་བྱིངས་ཀྱི་སྐད་དུ་ལབ་ཙེ་ཟེར་ན་ཡིག་ཐོག་ཏུའང་ལབ་ཙེ་ཟེར་ནས་བྲིས་ན་མ་མཐའ་ཡང་སྐད་སྲོལ་དང་འཚམས་པ་ཞིག་རེད། ཡང་ཁ་སྐད་དུ་ཉི་མ་ཧྲོ་ཟེར་བ་ལ་ཡིག་སྐད་དུ་ཉི་མ་བསྲོ་ཟེར་བ་འདི་ཚོ་ལོགས་ཀ་རེད། ཁོང་ནས་འགྲེལ་བཤད་གནང་བའི་ལ་རྩེ་ནི་ལབ་ཙེའི་འབྱུང་ཁུངས་ལོ་རྒྱུས་etymology ཡིན་པར་རྒྱུ་མཚན་ལྡན་ཡང་དེ་ལྟར་བཏགས་པ་ནི་སྐད་སྲོལ་ཞིག་ལྡོག་རོལ་དུ་བཏང་བར་སེམས།
རྒྱལ་ཁབ་གང་ཞིག་ཡིན་ན་ཡང་ཐ་སྙད་མང་པོ་ཞིག་འགྱུར་གི་ཡོད་པ་དང་། ཐ་སྙད་དེ་རེ་རེ་བཞིན་དུ་དེ་ལ་ཁུངས་དང་ལོ་རྒྱུས་etymologyརེ་ཡོད་པ་རེད། ཡིན་ན་ཡང་། དངོས་སུ་འབྲི་བཀོལ་བྱེད་སྐབས། སྐབས་ཐོག་གི་ཐ་སྙད་དེ་རང་བེད་སྤྱོད་གཏོང་བ་ཤས་ཆེ་བར་འདོད། མ་གཞི་རང་རང་སོ་སོས་ཐ་སྙད་གང་ཞིག་བཀོལ་མིན་དེ་རང་འདོད་རེད། ང་ཡིན་ན་ལབ་ཙེ་ཟེར་ནས་འབྲི་རྐྱང་བྱེད་ས་རེད།
བོད་ཀྱི་ལ་རྩེ་སྐད་གྲགས་ཆེ་ཤོས་དང་ཆེས་རྙིང་ཤོས་ཤིག་ཕོ་བྲང་པོ་ཏ་ལའི་དབུས་སུ་འདུག དེ་ནི། ཕོ་བྲང་པོ་ཏ་ལ་མ་བཞེངས་གོང་། ཕོ་བྲང་དེ་གནས་ཡུལ་གྱི་རི་བོ། མཚན་ལ་དམར་པོ་རི་ཟེར་བའི་རི་རྩེ་དེ་རེད། དེའི་གཡོན་ལ་བྲག་ཕུག་ཞིག་ཡོད་པ་དང་། དེར་ཆོས་རྒྱལ་སྲོང་བཙན་སྒམ་པོས་སྤྱན་རས་གཟིགས་ཀྱི་སྙེན་སྒྲུབ་གནང་མྱོང་ཡོད་སྟབས། དེ་ལ་ཆོས་རྒྱལ་སྒྲུབ་ཕུག་ཟེར།
རྗེས་ལ་རིམ་བཞིན་ལྷ་ཁང་དང་མགོན་ཁང་ཁ་ཤས་འཛུགས་བསྐྲུན་བྱས་ནས། ཕོ་བྲང་དེ་ཐོག་མར་ཆགས་འདུག ཡིན་ནའང་། སྐབས་དེ་དུས། ཕོ་བྲང་འཛུགས་སྐྲུན་གནང་སྐབས། ལབ་རྩེ་དེ་ལ་ཕོག་དུག་མི་ཡོང་བའི་ཆེད། ལ་རྩེའི་མཐའ་སྐོར་ལ་གྱང་སྐོང་བ་དང་། སྟེང་ལ་ཐོག་གཡོགས་ནས། ལ་རྩེ་དེ་ལྷ་ཁང་ལྟ་བུ་བཟོས་ནས། དེ་ལ་”ལབ་རྩེ་ལྷ་ཁང་།”ཟེར་གྱི་འདུག ད་ལྟ་ཕོ་བྲང་པོ་ཏ་ལའི་ནང་། ལྷ་ཁང་དེ་རྙིང་ཤོས་དང་རྩ་ཆེས་ཤོས་ལ་བརྩི་བཞིན་སྣང་།
སྐབས་སུ་བབ་པར། ཐོག་མར་ལྷ་ཁང་དེ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་བཞེངས་པ་དང་། རྗེས་ལ་བོད་ཀྱི་རྒྱལ་པོ་རིམ་བྱོན་ཁག་དང་། སྲིད་སྐྱོང་བླ་མ་ཁག་གིས་དེ་ལ་དཀར་རག་ཅེས། འོ་མ་དང་གྲོ་ཞིབ་སོགས་ཀྱིས་ཚོན་བྱུག་སྲོལ་འདུག ལྷ་ཁང་དེའི་སྒོའི་སྟེང་ཙམ་ལ། མཚན་བྱང་ལྟ་བུ་ཞིག་ཡོད་པ་འདི། གསུངས་སྲོལ་ལ། མང་སྲོང་མང་བཙན་སྐབས་སུ་བརྐོས་པ་རེད་ཟེར། གསལ་པོ་མི་ཤེས། དྲན་པ་ཞིག་ལ་མཚན་བྱང་དེ་ལ་ “ལབ་རྩེ་ལྷ་ཁང་།”ཅེས་བྲིས་འདུག
དེར་བསམ་གཞིགས་བྱེད་སྐབས། ལོ་ངོ་སྟོང་གཅིག་ལྷག་ཙམ་གྱི་གོང་ནས། “ལབ་རྩེ།” ཞེས་འབྲི་སྲོལ་འདུག་པས། དེར་བརྟེན། ལ་རྩེ་དང་ལབ་རྩེ་གང་བྲིས་ཀྱང་སྐྱོན་མིན་འདུག་སྙམ། ཡིན་ནའི་ཁྱོན་ཡོངས་ནས་བསམ་བློ་གཏོང་སྐབས། ལ་རྩེ་གཅིག་བྲིས་ན། དོན་གསལ་བ་འདུག དེ་ལའི་རྩེ་མོ་ཡིན་པ་རྟོགས་སླ་བ་འདུག དེ་མིན། ལབ་ཅེས་པ་འདི་ལ་ནང་དོན་གཞན་ཡོད་སྟབས། གོ་ནོར་ཤོར་མི་སྲིད་པ་མིན།
ཨ་ཁ་ལོ་ངོ་ཁ་ཤས་ཀྱི་སྔོན་ལ་མང་གཙོ་དང་། དམངས་གཙོ་རྩོད་བཞིན་འདུག ད་ལྟ་ལ་རྩེ་དང་ལབ་རྩེ་བཞིན་འདུག་ །བོད་ས་ཡོངས་སུ་རྒྱ་མི་གོང་ཁྲིན་གྱིས་ས་མང་རེ་བཏགས་འདུག་ཅིང་་ དེ་ཚང་མས་ཧ་མ་གོ་བ་ལྟར་བྱེད་ཀྱིན་འདུག་ ཨ་སྐལ་ཆད་འཚོ་། །
གཅིག་ཐང་ན། ང་ཚོས་བོད་ཡིག་དང་བོད་སྐད་འདི་ཤོར་ཉེན་ཞིག་མཐོང་ནས་དྭོགས་པ་དང་རྣམ་རྟོག་འབུ་འཁོར་འཁོར་བྱེད་པ་མིན་ནམ་སྙམ། ཁ་སང་ཡང་མི་ཅིག་གིས་མིང་འདོགས་སྟངས་ལས་འཕྲོས་ནས་རྩོད་པ་བྱས་སོང་། དེ་རིང་ཡང་འདིར་བསམ་ཚུལ་གླེང་གི་འདུག བསམ་ཚུལ་སྤེལ་ལོས་ཆོག འོན་ཀྱང་བརྒྱུད་རིམ་ཞིག་ཡོད་པ་རེད། བརྒྱུད་རིམ་དེ་ངོས་ལེན་བྱེད་དགོས་པ་རེད། “ལ་རྩེ་”དང་”ལབ་ཙེ་”ཟེར་བ་དེ་ལོ་རྒྱུས་ཅན་གྱི་མིང་ཚིག་ཅིག་རེད། དེའི་འགྲེལ་བཤད་དེ་མཁས་དབང་གང་གིས་གོ་རིམ་དང་བཅས་བཤད་ཚར་སོང་། གོ་རིམ་དེ་ལ་རྩོད་ན་དེ་ནི་ལོ་རྒྱུས་ཀྱི་རྩོད་པ་ཞིག་རེད། མུ་མཐུད་ནས་བརྩད་ལོས་ཆོག འོན་ཀྱང་། “ལ་རྩེ་”ཞེས་པའི་ལས་ཀ་དེ་ད་ཆ་དཔེ་མཛོད་ཁང་ཅིག་གི་མིང་ཆགས་ཡོད་པ་རེད། དཔེ་མཛོད་ཁང་དེའི་མིང་འགྲིག་མིན་རྩོད་པ་བྱེད་རྒྱུའི་ཐོབ་ཐང་ཡོད་པ་མ་རེད། དཔེར་ན། ཕ་ཞིག་གིས་རང་གི་བུ་ལ། སངས་རྒྱས་ཞེས་མིང་བཏགས་ན། ཁྱིམ་མི་དང་གྲོང་གསེབ་ཚང་མས་ སངས་རྒྱས་ ཞེས་འབོད་པ་དང་གཅིག་མཚུངས་རེད། ད་ཁྱེད་ཀྱི་བུ་སངས་རྒྱས་མ་རེད་ཅེས་སྒོ་མདུན་ནས་ཟས་བཅད་ངོ་རྒོལ་བྱེད་རྒྱུ་ཡིན་ནམ། ཡང་དཔེ་གཞན་ཞིག་འཇོག དེང་སང་། “སྨོན་ལམ་བོད་ཡིག་”ཟེར་བའི་ཡིག་གཟུགས་ཤིག་ཐོན་ཡོད་པ་རེད། ཁྱོད་ཀྱིས་ང་ལ་ “ངས་སྨོན་ལམ་བོད་ཡིག་”ཉོ་གི་ཡིན། ཞེས་བཤད་ན་ངས་གོ་འགྲོ་གི་རེད། སྨོན་ལམ་དེ་ཡང་སྐབས་འདིར་ཐོན་རྫས་ཤིག་གི་མིང་རེད། དེ་ལ་རྩོད་པ་བྱེད་དགོས་པ་འདུག་གས།
པདྨ་འབུམ་ལ་ཚིག་ལྷུག་གི་འབྲི་རྩལ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་བདེན་ཡང་། ཁོང་ཕྱི་ནང་གི་རིག་གནས་གང་ལ་ཡང་མཁས་པ་མ་རེད་ལ། མཁས་དབང་དེ་བས་ཀྱང་མ་རེད། ཤེས་ཡོན་པ་ཞིག་ཡིན་པ་ཁས་བླངས་ཆོག དེར་བརྟེན་དྲ་དཔོན་གྱིས་རྗེས་ཕྱོགས་མཁས་པ་དང་མཁས་དབང་གི་མིང་བེད་སྤྱོད་གཏོང་སྟངས་ལ་ཡིད་གཟབ་གནང་གལ།
དགེ་འདུན་རབ་གསལ་ལགས་ཀྱི་གསུང་དེ་ལ་བདེན་པ་ཏོག་ཙམ་འདུག སྐུ་ཉིད་ཀྱིས་མི་དང་བཅའ་དངོས་ཀྱི་མིང་གང་འདོགས་རྒྱུ་དེ་བདག་པོའི་དབང་ཆ་རེད་གསུངས་ཀྱི་ཡོད་རེད།
དེར་བརྟེན། བོད་དེ་ད་ལྟ་རྒྱ་མིས་བཟུང་ཡོད་སྟབས ཨ་མདོ་ལ་མཚོ་སྔོན་དང་། ཁམས་ཁུལ་ལ་སི་ཁྲོན་ཀན་རྩེ་ཟེར་ཞིང་། དབུས་གཙང་ལ་ཤིས་ཙང་ཟེར། ཁྱེད་ཀྱི་ཀྱང་དེ་དག་ལ་བདག་པོའི་དབང་ཆར་བརྩི་བཀུར་བྱེད་རྒྱུ་ཡིན་པ་ལ་ཡིད་ཆེས་ཡོད། བྱས་ཙང་། ད་ལྟ་རྒྱ་མིས་བོད་ཀྱི་ས་ཆར་མིང་གསར་པར་འགེལ་སྐབས། ཁྱེད་ལ་བསམ་འཆར་ཡོད་ནེ་མ་རེད།
དོན་དག་ཆུང་ཆུང་རེ་བརྩད་ནས་བསྡད་ན་ཆོ་མེད་པ་ལྟ་བུ་ཞིག་འདུག་ཀྱང་མཚམས་རེར་གྲོགས་པོ་དག་དང་མཉམ་རིག་པའི་རོལ་རྩེད་ཅུང་ཟད་རེ་བྱས་པ་དེ་ཡང་ཆང་འཐུང་བ་ལས་དགའ་བར་འདུག གཅིག་བྱས་ན་ལབ་ཙེའི་ཁུངས་ ་་ལ་རྩེ་ཡིན་ལས་ཆེ་་་ ཞེས་གསུངས་པ་དེ་ལ་ཡང་ད་རུང་བརྟག་དགོས་པ་འདུག
སྤྱིར་བཏང་རི་རྩེ་ཟེར་བ་ལས་ལ་རྩེ་མི་ཟེར། ལ་ཟེར་བའི་དོན་དག་ནི་རི་བོའི་ངོས་ལ་འཇུག་པ་མ་གཏོགས་རི་ལ་མི་འཇུག ལ་ཡར་མར། ལ་རིང་པོ། ལ་མཐོན་པོ་ཟེར་བ་ལྟ་བུ་རེད། ཡིན་ན་ཡང་། ལ་ལ་རྩེ་མེད་ན་ཡང་མགོ་དང་སྒང་ཡོད་པ་རེད།
གལ་སྲིད་ཅིག་བསྟོད་དགོས་བྱུང་ན་ཡང་རི་རྩེ་ལ་སྒང་ཚང་མ་མི་བསྟོད་པར། བླ་རི་གཉན་པོ་དག་བསྟོད་པ་རེད། ང་ཚོར་གནའ་སྔ་མོ་ནས་་བླ་རི། བླ་མཚོ། བླ་ཤིང་། བླ་གཡུ་སོགས་བླ་སྲོག་དང་འབྲེལ་བའི་ཐ་སྙད་མང་པོ་ཞིག་ཡོད་པ་མ་ཟད། བླ་ཚབ་ལ་ལབ་ཅེས་འབོད་པ་ཡང་ཡོད་པ་ལྟར་རེད། དཔེ་བཞག་ན། བླ་བྲང་བཀྲ་ཤིས་འཁྱིལ་ལ་ལབ་རང་ཟེར་བས་མཚོན། དེས་ན་ལབ་ཙེ་བསྟོད་ཟེར་བ་འདི་་བླ་རིའི་རྩེ་བསྟོད་པའི་དོན་དུ་འཇུག་ཟེར་ནས་ཀྱང་བརྗོད་ཆོག ཨ་ལ་རྩེད་མོ་ཡིན།
ལབ་ཙེ་ཚང་མ་རིའི་རྩེ་ན་ཡོད་པ་དང་རྩེ་དང་ཙེ་གཉིས་ལ་འབྲེལ་བ་ཞིག་ཡོད་པའི་ཆ་ནས་ཚིག་མཛོད་དུ་མ་ཞིག་ནང་ལབ་རྩེ་ཞེས་བྲིས་འདུག ༡༩༧༨ ལོར་དཔར་སྐྲུན་བྱས་པ་མིན་ནམ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་བཏབ་པའི་རྒྱ་བོད་མང་མཛོད་ནང་ལ་རྩེ་ཞེས་བྲིས་འདུག ཡིན་ན་ཡང་། དེ་ལ་རྩེ་བེད་སྤྱོད་བཏང་བ་ཐེངས་དང་པོ་ཡིན་མིན་མི་ཤེས། དེ་ལ་དཔྱད་གཞིའི་ཚིག་མཛོད་སོགས་དུ་མ་ཞིག་འདུག
ཡང་ང་ཚོར་གནའ་སྔ་མོར་ལ་བཙས་ཟེར་ནས་ལ་རུ་ཁྲལ་སྡུད་མཁན་ཞིག་ཡོད་པ་དེ་འདྲ་ལ་ཡང་འབྲེལ་བ་མེད་མི་སྲིད་པ་མ་རེད། ཡང་གནའ་བོའི་ཞངཞུང་གི་སྐད་དང་བོན་ཆོས་ཀྱི་ཐ་སྙད་དེ་འདྲ་དང་། ཟུར་ཆགས་ཀྱི་སྐད་དེ་འདྲ་ཡང་མ་རེད་ཟེར་ནས་སུས་བཤད་ཐུབ། ལ་རྩེའི་འགྲེལ་བཤད་གཅིག་པོས་ཡིད་མི་ཚིམ་པས་ཡང་ཡང་དཔྱད་ཅིང་འཚོལ་བར་བྱ།
ལབ་ཙེ། ལབ་རྩེ། བླ་ཙེ། ལབ་བཙས། ལ་རྩེ། ལ་རྫི། ལ་རྫས་སོགས་ཐ་སྙད་མང་པོ་ཞིག་འདུག་པ་ཚང་མར་ཡང་འགྲེལ་བཤད་དམ་ངེས་ཚིག་རེ་འདུག་མོད། བསྟན་དོན་གཅིག་ཏུ་འབབ་པ་ཞིག་རེད། དག་ཆའི་འབྲི་སྲོལ་དེ་ནི་ལོ་རྒྱུས་ཀྱི་བྱུང་རིམ་དང༌། ཡང་ན། ས་གནས་སོ་སོའི་ངོས་འཛིན་བྱེད་ལམ་མི་གཅིག་པའི་སྐབས་དང་འབྲེལ་བའང་ཡོད་པ་འདྲ། འདིར་ལབ་ཙེའི་སྐོར་ལ་བསམ་ཚུལ་ཁ་གསབ་ཅིག་ཞུ་འདོད་བྱུང༌།
༡ ལོ་ཤས་རྩོམ་སྐུལ་ཞིག་དྭང་ལེན་བྱས་པ་དེ་དང་འབྲེལ་ནས་རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པའི་རྣམ་ཐར་བཀླགས་པ་དེའི་ནང༌། སྐུ་ཞབས་ལབ་བཙས་ཀྱི་སྐོར་ཞིག་བཀོད་འདུག་པ་དེའི་ནང༌། ལབ་བཙས་ཞེས་བཀོད་འདུག
༢ ཞྭ་དམར་དགེ་འདུན་བསྟན་འཛིན་གྱི་ལབ་ཙེའི་མཆོད་ཆོག་ནང༌། བཙན་པོའི་ལབ་ཙེ་རི་ཡི་རྩེ་མོ་དང༌།། འཕན་པོའི་ལབ་ཙེ་རི་ཡི་ཁིས་ཁ་སྟེ།། ཕྱུག་པོའི་ལབ་ཙེ་རི་ཤོད་ཀླུང་དུ་བརྩིགས།། ཡུལ་མིའི་བཙན་ཕྱུགས་ཕན་གསུམ་དར་བར་བྱས། ཞེས་ལབ་ཙེ་ཞེས་བཀོད་འདུག་པ་སོགས་དག་ཆ་ངེས་གཏན་པ་ཞིག་མེད་ཚོད།
༣ ཡང་བོད་ས་སྟོད་སྨད་ཀྱིས་ལབ་ཙེའི་ངོས་འཛིན་ཡང་མ་འདྲ་ཌ་མང་པོ་འདུག ཡུལ་ལུང་ཁ་ཤས་ཀྱིས་མདའ་མདུང་བསྟོད་པར་ལབ་ཙེ་དང༌། ཁ་ཤས་ནས་དར་ཕུང་ལ་ལབ་ཙེ། ཡང་འགའ་ཤས་ནས་རྡོ་སྤུངས་སམ་རྡོ་འབུམ་ལ་ལབ་ཙེའི་མིང་གིས་བསྙད་པ་སོགས་ཀྱང་ཡོད་འདུག
ང་ཚོ་གྲོང་ཁྱེར་ག་ས་གར་ཐ་ཐོར་དུ་གནས་པ་དང་། རང་རང་ངོས་ནས་ཉབས་ཞིབ་རེ་བྱེད་དགོས་བསམས་ཀྱང་དཔྱད་གཞིའི་ཡིག་ཆ་དང་དུས་ཚོད་སོགས་ཀྱི་དཀའ་ངལ་ཡོད་པ་བཤད་མ་དགོས་པས་ཁ་བརྡ་ཞིག་བྱས་ན་ཡང་ཆ་ཚང་ཞིང་མགོ་རྔ་ཡོད་པ་ཞིག་ཁག་པོ་རེད།
ཡིན་ན་ཡང་། དགའ་འོས་པ་ཞིག་ལ། བརྗོད་གཞི་རེའི་སྐོར་བགྲོ་གླེང་བྱེད་སྐབས་ཕྱོགས་སོ་སོ་ནས་དེའི་སྐོར་གནས་ཚུལ་གསར་བ་རེ་ཁ་སྣོན་བྱས་ཡོང་ན་རྩོམ་ཧྲིལ་བོ་ཞིག་གི་ཆ་རྐྱེན་འདང་ལ་ཁད། ནོར་བ་ཡོད་ན་ཡང་གཅིག་གིས་ནོར་བ་དེ་གཞན་གྱིས་བཅོས། གཞན་གྱིས་མ་ཤེས་པ་དེ་གཅིག་གིས་བསྟན་ནས་སློབ་སྦྱོང་དང་བགྲོ་གླེང་གི་དུས་ཚོད་གཉིས་ཀ་འདུག་པས་ཁ་བརྡ་འདིའང་དུས་ཚོད་འཕྲོ་བརླག་ལ་གཏོང་ས་དང་ཉི་མ་གཏོང་ས་གཅིག་པོ་རེད་ཅེས་བཤད་ན་འགྲིག་གི་མེད་པ་འདྲ།
རྡོར་དབང་གིས་ལུང་དྲངས་པ་ལྟར་ན། ངའི་གོང་དུ་མཆན ༨ ནང་། ལབ་ཙེ་ཚང་མ་རིའི་རྩེ་ན་ཡོད་པ་དང་ཞེས་པའི་ཚང་མ་ཟེར་བ་དེ་ཕལ་ཆེ་བར་བསྒྱུར་དགོས་པ་འདྲ།
དེ་རིང་ང་ཡང་ཁ་བརྡའི་ནང་ལ་ཡོང་ནས་གསར་བུ་ཚོ་དང་མཉམ་དུ་གོང་གི་དོན་དག་གཉིས་ཀྱི་སྟེང་ལ་ཁ་བརྡ་ཞིག་བྱེད་ན་འདོད་སོང་།
གཅིག་ནི་ལ་རྩེ་ཡི་སྐོར་རེད། ༡༩༩༡་གམ་༩༢ལོར་ཟླ་ཤས་ཀྱི་རིང་ལ་ངས་རྡ་རམ་ས་ལའི་དཔེ་མཛོད་ཁང་དུ་བོན་གྱི་ཡིག་ཚང་རྐྱང་རྐྱང་བཀླགས་ནས་བསྡད་པ་ཡིན། ད་ལྟ་ངས་ཡིག་ཚང་གི་མིང་བརྗེད་ཟིན་པ་ཞིག་གི་ནང་དུ་ལབ་བཙས་ཀྱི་ཚབ་ལ་ལ་རྩེ་ཞེས་པའི་མིང་འདི་ཐོན་འདུག དེའི་ནང་དུ་ལ་རྩེའམ་ལབ་བཙས་ནི་ལྷ་ཡུལ་གྱི་ལྷ་རྣམས་མི་ཡུལ་དུ་ཕེབས་པ་ལ་ལམ་ཐོའི་ཆེད་དུ་བཙུགས་པ་ཡིན་ཞེས་བརྗོད་འདུག དེ་ནས་ངའི་སེམས་ལ་དེང་སང་གི་ལ་རྩེའམ་ལབ་བཙས་ཟེར་བ་འདི་དང་དང་པོ་བྱུང་དུས་ཀྱི་ལ་རྩེའམ་ལབ་བཙས་ཀྱི་བར་ན་དམིགས་ཡུལ་དང་གོ་དོན་བཅས་ཀྱི་ཐད་ན་ཁྱད་པར་རེ་ཡོད་པ་འདྲ་བསམས་སོང་། ༢༠༠༣ ལོར་ལ་རྩེ་དཔེ་མཛོད་ཁང་སྒོ་འབྱེད་བྱེད་སྐབས་བོན་གྱི་ཡིག་ཚང་གི་གོ་དོན་འདི་འདྲ་ཞིག་རྒྱབ་སྐྱོར་དུ་བླངས་ནས་གཏམ་བཤད་དེ་བསྒྲིགས་པ་རེད། དེ་ཡང་གཏམ་བཤད་ཅིག་ཡིན་སྟབས་དཔྱད་རྩོམ་འབྲི་སྟངས་ལྟར་བྲིས་ཡོད་པ་མ་རེད། འབྲི་དགོས་ཀྱང་བོན་གྱི་ཡིག་ཚང་གི་མིང་དེ་གཏན་ནས་དྲན་གི་མི་འདུག
༢༠༠༣ ལོའི་སྟོན་ཀར་ང་ལོན་ཊོན་ལ་བོད་རིག་པའི་ཚོགས་འདུ་ཞིག་ལ་སོང་སྟེ་དེར་ཨ་ལགས་བོན་རྒྱལ་མཆོག་ལ་མཇལ་རྒྱུ་བྱུང་། ཁོང་ནི་བོན་ཕྱོགས་ཀྱི་མཁས་ཆེན་དང་བླ་ཆེན་གཉིས་ཀ་རེད། དེ་དུས་ལ་རྩེ་གསར་འཕྲིན་འདོན་ཐེངས་དང་པོ་ཐོན་པའི་སྟེང་ལ་ངའི་གཏམ་བཤད་དེ་བཀོད་ཡོད། ཁོང་གིས་ལ་རྩེ་ཟེར་བའི་དག་ཆ་དེར་གཟིགས་ནས་དེ་ནོར་འདུག་ཅིང་ལབ་བཙས་སམ་ལ་བཙས་ཟེར་དགོས་པ་རེད་གསུངས། ངས་བོན་གྱི་ཡིག་ཚང་ཞིག་ན་ལ་རྩེ་ཡི་དག་ཆ་འདི་དང་ལ་རྩེ་ལ་ལམ་ཐོ་བཙུགས་པའི་གོ་དོན་འདུག་ཅེས་པར་དེ་ལ་གསལ་བཤད་གནང་མ་སོང་ལ་མོས་མཐུན་ཡང་གནང་མ་སོང་། ང་ལ་ཡང་ཡིག་ཁུངས་དག་དག་ཅིག་བཤད་རྒྱུ་མེད་སྟབས་ཁ་རོག་མི་འདུག་རང་འདུག་ཏུ་གྱུར།
ལབ་བཙས་ཀྱི་ཡིག་ཁུངས་ལ་རྩེ་ཡིན་པར་འདོད་མཁན་ང་གཅིག་པོ་ཡང་མ་རེད། དགེ་འདུན་ཆོས་འཕེལ་གྱིས་ཀྱང་དེ་ལྟར་དགོངས་ཡོད་པ་འདྲ། ༢༠༠༣་ལོའི་ལོ་མཇུག་ལ་ལ་རྩེ་དཔེ་མཛོད་ཁང་ལ་དགེ་འདུན་ཆོས་འཕེལ་གྱི་བརྗེད་ཐོའི་འབྲི་དེབ་ཆུང་ཆུང་ཞིག་འབྱོར་ཏེ་དེ་ཆ་ཚང་ཞིག་གི་འདྲ་བཤུས་རྒྱག་རྒྱུའི་གོ་སྐབས་བྱུང་། དེའི་ནང་ལ་ཤོག་ལྷེ་མ་འདྲ་བ་གཉིས་ཀྱི་ཐོག་ལ་ལ་རྩེ=ལབ་བཙས་ཞེས་ཐོ་བརྒྱབ་འདུག ཕལ་ཆེར་དུས་སྐབས་མ་འདྲ་བ་གཉིས་ལ་དེ་གཉིས་འདྲ་མཚུངས་ཡིན་རྐྱེན་ཞིག་ཐུགས་ལ་འཁོར་ནས་བརྗེད་ཐོ་བརྒྱབ་པ་མིན་ནམ་སྙམ། འབྲི་དེབ་དེ་དང་ཁོང་གི་རི་མོ་སྐོར་ཞིག་ལ་རྩེ་ཚང་ནས་དཔེ་དེབ་ཏུ་རྩོམ་སྒྲིག་བྱེད་བཞིན་པ་དང་ད་ལོའམ་སང་ལོར་དཔེ་སྐྲུན་བྱེད་ཐུབ་རྒྱུ་ཡིན་པ་འདྲ། དེ་དུས་ཚང་མས་གཟིགས་ངེས་རེད།
མགོན་པོ་ཕྱག་གཉིས་ལགས་ནས་ལ་དང་རི་གཉིས་གོ་དོན་ཐ་དད་ཡིན་ཚུལ་གསུངས་འདུག དེང་སང་གི་ཨ་མདོའི་གོ་དོན་ལྟར་ན་མགོན་པོ་ཕྱག་གཉིས་ལགས་བདེན་པ་རེད། འོན་ཀྱང་སྔོན་མ་ཞིག་ལ་དེ་གཉིས་གོ་དོན་གཅིག་ཡིན་པའི་གོ་སྐབས་ཡོད་པའི་ཚོར་བ་ང་ལ་ཐེངས་ཁ་ཤས་ལ་སྐྱེས་སོང་། ད་ལྟ་ང་ཚོར་བ་དེ་སྟེར་བའི་ཡིག་ཁུངས་ཀྱང་དྲན་གི་མི་འདུག ཕལ་ཆེར་དབུས་གཙང་གི་སྟོད་པ་ཁུལ་དང་ཧི་མ་ལ་ཡའི་རི་རྒྱུད་ཁག་ན་དེང་སང་ཡང་རི་དང་ལ་གཉིས་གོ་དོན་གཅིག་པའི་གོ་སྐབས་མེད་དམ་སྙམ། འདི་ཡང་ཐེ་ཚོམ་ཙམ་ཡིན།
ཞོར་ལ། གངས་ཐིགས་ལགས་ནས་ང་མཁས་པ་དང་མཁས་དབང་གང་ཡང་མ་རེད་ཟེར་བ་དེའི་སྐོར་ཡིན། འདི་གངས་ཐིགས་ལགས་བདེན་པ་རེད། ང་ལ་མཁས་དབང་ངམ་མཁས་པར་འབོད་པ་དེ་༩༠ལོ་ཙམ་ལ་ལྗང་གཞོན་བཏོན་རྗེས་མི་རེ་གཉིས་ནས་འགོ་བཙུགས། དེ་དུས་མིང་དེ་ལྗིད་དྲགས་ནས་དེའི་འོག་ནས་དབུགས་ཀྱང་ལེན་མི་ཐུབ་པའི་ཚོར་སྣང་ཞིག་བྱུང་། རང་སེམས་རང་ལ་ལྐོག་གྱུར་མིན་པ་ལྟར་ངའི་ཤེས་ཚད་རང་གིས་ཤེས་ཀྱི་ཡོད་། ངས་ནམ་ཡང་རང་ཉིད་མཁས་པ་མིན་པ་དེ་གསལ་པོར་ཤེས་ཀྱི་ཡོད། ཡིན་ན་ཡང་རིམ་གྱིས་མིང་འདི་འབོད་ལོབས་དང་ཉན་ལོབས་སུ་སོང་བ་རེད། འདི་ལྟར་འབོད་མཁན་ཚང་མས་དངོས་གནས་ང་མཁས་པར་ངོས་འཛིན་གནང་གི་ཡོད་མེད་ངས་ཀྱང་མི་ཤེས། ཡིན་ན་ཡང་ཁོང་ཚོས་འདི་ལྟར་བོས་ནས་ང་ལ་བརྩི་འཇོག་ཅིག་གནང་འདོད་པ་དེ་ལ་ང་ཐེ་ཚོམ་མེད། ངས་མཁས་པའམ་མཁས་དབང་གི་ཆོ་ལོ་དེ་ངོས་ལེན་བྱེད་ཐབས་མེད་ན་ཡང་ཁོང་ཚོའི་བརྩི་འཇོག་དེ་རྩ་ཆེན་དུ་བརྩི་གི་ཡོད།
དོན་ལ་གནས་མིན་གང་ལྟར་ཡང་། གུས་སེམས་ཤིག་སྟོན་ཆེད་བསྟོད་མིང་ཞིག་གིས་འབོད་པ་འདི་བོད་པའི་སྤྱི་ཚོགས་དང་ལྷག་པར་དབུས་གཙང་ཁུལ་དུ་དར་ཁྱབ་ཆེ་བའི་སྲོལ་རྒྱུན་ཞིག་རེད། སྲོལ་རྒྱུན་ཟེར་དུས་རྒྱུ་མཚན་ཡོད་མེད་གཉིས་ཀ་ཡོང་གི་རེད།
པད་མ་འབུམ་ལགས་ནས་གསལ་བཤད་ཚིག་འཇམ་ཞིང་ལྷོད་ཆ་དང་ལྡན་པ། ཁ་གསལ་ལ་གོ་བདེ་བ། ཁུངས་དང་གོ་རིམ་ཡོད་པ་ཞིག་གནང་འདུག་པས་ཐུགས་རྗེ་ཆེ་ཞུ། ཁྱེད་རང་གིས་ག་རེ་བྲིས་ནའང་དེ་ལ་བལ་ཐིག་འདྲ་བའི་འཇམ་ཞིགའདུག
ངས་འདིར་ཁ་བརྡ་འཕྲོས་ནས་མང་པོ་ཞིག་བྲིས་ཐལ་ཤོར་སོང་། སྤྱིར་ངའི་བཤད་བྱ་གཙོ་བོ་དེ་མཆན་༢ པའི་ནང་ལྟར། ་་ལ་རྩེ་ནི་ལབ་ཙེའི་འབྱུང་ཁུངས་ལོ་རྒྱུས་etymology ཡིན་པར་རྒྱུ་མཚན་ལྡན་ཡང་དེ་ལྟར་བཏགས་པ་ནི་སྐད་སྲོལ་ཞིག་ལྡོག་རོལ་དུ་བཏང་བར་སེམས།་་ ཞེས་པ་སོགས་མིང་འདོགས་སྟངས་ཀྱི་ཐད་ལ་ཤོད་ཀྱི་ཡོད། དཔེ་གཅིག་བཞག་ན། བོད་ཀྱི་ཁུངས་བོན་ཡིན་ཟེར་མཁན་ཞིག་ནས་ད་ལྟའི་བོད་ཀྱི་ཚབ་ཏུ་བོན་ཟེར་ནས་གང་ཞིག་ལ་ཁུངས་གཏུགས་ནས་བྲིས་ན་དེ་ནི་སྐད་སྲོལ་དང་མ་མཐུན་པ་རེད་ཟེར་གྱི་ཡོད། མཆན་༢ ནང་གསལ་བོར་བྲིས་ཡོད་པས་ད་འདིར་ཉོག་བཤད་མང་པོ་བྱེད་གི་མིན།
ད་སོ་མ་རྩོམ་འདི་འདྲ་ཞིག་ཀྱང་རྙེད་སོང་བས་ཚང་མའི་དཔྱད་གཞིར་ཕུལ།
བོད་ཀྱི་ལབ་བཙས་བརྩིགས་སྲོལ།
རྩོམ་པ་པོ་ཁྱུང་ཐར་རྒྱལ། རྩོམ་སྒྲིག་པ་བསོད་ནམས་རྡོ་རྗེ། དུས་ཚོད2008-05-13 10:25:26 ཡོང་ཁུངས་མཚོ་སྔོན་པོ་དྲ་བ།
གླེང་གཞི།
ལབ་བཙས་བརྩིགས་པ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་ཆོས་ལུགས་ཆོ་ག་ཞིག་ཡིན། བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ནས་བཟུང་ལབ་བཙས་བརྩིགས་པའི་སྲོལ་དར་བར་བཤད་ལ། ལབ་བཙས་ལ་གསེས་མཁར་དང་དཔལ་མཁར། ལབ་བཙས་བཅས་གསུམ་དུ་དབྱེ་ཞིང༌། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་ལྷ་ཐོ་ཐོ་རི་སྙན་ཤུལ་གྱི་བར་རྒྱལ་རབས་ཉེར་བདུན་གྱི་རིང་ལ་ཆབ་སྲིད་བོན་གྱིས་བསྐྱངས་པས། སྐབས་དེར་བོན་ལུགས་ལྟར་གསེས་མཁར་དང་དཔལ་མཁར་བརྩིགས་པའི་སྲོལ་དར། དེའི་རྗེས་སུ་རྒྱ་རྗེའི་སྲས་མོ་འུན་ཤིང་ཀོང་ཇོ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཙུན་མོར་སྤྱན་དྲངས་ཏེ་ཕེབས་པའི་ཚེ་རྩིས་དང་ལབ་བཙས་བརྩིགས་ཚུལ་དར་བར་བཤད། དེ་ལྟར་ན་གསེས་མཁར་དང་དཔལ་མཁར་ནི་བོན་གྱི་ལུགས་དང༌། ལབ་བཙས་ནི་ཀོང་ཇོའི་ལུགས་སུ་སྣང༌། དེ་ཡང་གསེས་མཁར་ཞེས་པ་ནི་གཞལ་ཡས་ཁང་གི་དོད་དང་དཔལ་མཁར་ཞེས་པ་ཁང་བཟང་གི་དོད་ཡིན་ལ། ལབ་བཙས་ཞེས་པ་གཞི་བདག་གང་ཡིན་པ་དེ་གནས་པའི་ཕོ་བྲང་གི་མིང་ཡིན། སྤྱིར་ལབ་བཙས་ལ་འགྲེལ་ཚུལ་སྣ་ཚོགས་ཤིག་མཆིས་པ་ལས། མཁས་པ་ལ་ལས་ལབ་བཙས་ཞེས་པ་ཞང་སྐད་ཡིན་ཞིང་སྔོན་ཆད་ས་སྟོང་ལུང་སྟོང་དུ་ཕྱུགས་འཚོ་བར་འགྲོ་བའམ། ཡང་ན་དམག་ལ་འགྲོ་དུས་ལམ་ནོར་བར་དོགས་ནས་རི་མཐོན་པོའི་རྩེ་དང་ས་མཚམས་སུ་རྡོ་བརྩིགས་ནས་རྟགས་བཏབ་པ་ལས་རིམ་བཞིན་ལབ་བཙས་སྲོལ་དུ་ཆགས་པར་བཤད། ཡང་མཁས་པ་ལ་ལས་སྔོན་བོད་བཙན་པོའི་སྐབས་སུ་བོད་རྒྱའི་བར་དམག་འཁྲུག་བྱུང་ནས་དམག་དཔོན་ཆེན་པོ་གཡུལ་དུ་གྲོངས་པ་ལ། དེའི་དུར་ས་འོག་ཏུ་སྦས་ཤིང་སྟེང་དུ་མདའ་མདུང་བཙུགས་ནས་མྱ་ངན་དང་རྗེས་དྲན་བྱེད་པ་ལས་ལབ་བཙས་སྟོད་སྲོལ་བྱུང་ཟེར། ཡང་ཁ་ཤས་ཀྱིས་སྔོན་རྒྱ་གར་དུ་ཕྱི་རོལ་བས་རྡོ་ལས་གྲུབ་པའི་མཚན་མ་བསྟད་ནས་དབང་ཕྱུག་མཆོད་པའི་ཆོ་ག་ཞིག་ཡོད་པ་དེ་ལ་མཚན་མ་ཁྱུག་པ་ཟེར། རྗེས་སུ་བོད་རྣམས་ཀྱིས་དེར་ལད་མོ་བྱས་ཏེ་ཤྭ་རྭ་དང་འབྲོང་རྭ་སོགས་བསྟོད་སྲོལ་དར་བ་ལས་རིམ་གྱིས་ལབ་བཙས་བསྟོད་པའི་སྲོལ་འདི་དར་ཟེར། གང་ལྟར་ཀྱང་མདའ་མདུང་བཙུགས་པ་ལ་བལྟས་ནས། ཚང་མས་དེ་ནི་དམག་དོན་དང་འབྲེལ་བ་ཡོད་པར་སྙམ། ལབ་བཙས་བསྟོད་པ་ནི་གོ་རིམ་དང་སྒྲིག་གཞི་ཡོད་པའི་ཆོས་ལུགས་རིག་གནས་ཀྱི་བྱ་འགུལ་ཞིག་ཡིན། དེ་ལ་གཙོ་བོ་ལབ་བཙས་བཅའ་བ་དང་ལབ་བཙས་བརྩིགས་པ། ལབ་བཙས་བསྟོད་པ་བཅས་རིམ་པ་གསུམ་དུ་དབྱེ་ཆོག
དང་པོ། ལབ་བཙས་བཅའ་བ།
དེ་ཡང《ལྷ་རྟེན་བརྩིགས་ཚུལ་གྱི་ཆོ་ག་དགེ་ལེགས་དཔལ་སྟེར》ལས། དང་པོ་ལབ་བཙས་བཅའ་བ་ལ་ཐོག་མར་སྲོག་ཤིང་དང་གཏེར་འཁོར། གཏེར་བུམ་གསུམ་བཅའ་དགོས། དེ་ཡང་སྲོག་ཤིང་ནི་རྩ་དབུ་མའི་མཚན་དོན་ཡིན་ལ་སྐུའི་རྟེན་དང་ཐུགས་ཀྱི་རྟེན་ལ་བྱེད། གསུང་གི་རྟེན་མི་དགོས་ཤིང་སྲོག་ཤིང་གི་རྒྱུ་དང་དབྱིབས་སོགས་སྤྱི་དང་མཐུན་ཞིང་རིང་ཐུང་གི་ཚད་ལ་ངེས་པ་མེད། སྲོག་ཤིང་གི་ངོས་ལ་འབྲི་རྒྱུ་ནི་ཀོང་ཙེའི་ལུགས་ལ་མཆོད་རྟེན་གྱི་སྤྱི་འགྲོས་ལྟར་བྱས་པས་འཐུས་ཤིང་བོན་ལུགས་ལ་རང་གི་ཐུན་མོང་མ་ཡིན་པའི་འབྲི་ཚུལ་གཞན་དག་ཡོད། རྩེ་མོར་ཉི་ཟླ་སྐར་གསུམ་ལ་སོགས་པ་འབྲི་སྟེ། རྒྱུ་ མཚན་ནི། ཟླ་བ་སྐུའི་རྣམ་པའི་ངོ་བོ་དང༌། ཉི་མ་གསུང་གི་རྣམ་པའི་ངོ་བོ། ནཱ་ད་ཐུགས་ཀྱི་རྣམ་པའི་ངོ་བོ་ཡིན་པས་དེ་གསུམ་འབྲི་ཞིང་སྐར་མ་མི་འབྲི་བར་བཤད།
དེ་ཡང་ཤར་ངོས་ལ་རྣམ་སྣང་གི་ངོ་བོ་ཁྱུང་དཀར་པོ། དེའི་འོག་ཏུ་མི་བསྐྱོད་པའི་ངོ་བོ་ཁྱུང་སྔོན་པོ། ལྷོར་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་ཁྱུང་སེར་པོ། ནུབ་ཏུ་འོད་དཔག་མེད་ཀྱི་ངོ་བོ་ཁྱུང་དམར་པོ། བྱང་དུ་དོན་ཡོད་གྲུབ་པའི་ངོ་བོ་ཁྱུང་ལྗང་གུ་སོགས་འབྲི་ཞིང་རེ་རེའི་འོག་ཏུ་རང་རང་གི་གཟུངས་སྔགས་སོགས་ཆོས་ལུགས་ཀྱི་ཆོ་ག་སྣ་ཚོགས་ཚང་བར་འབྲི། གཏེར་འཁོར་གྱི་འབྲི་ཚུལ་ལ་རྒྱས་འབྲིང་བསྡུས་གསུམ་ལས། རྒྱས་པ་ལ་པད་མ་འདབ་བརྒྱད་གཉིས་ཀྱི་ལྟེ་བ་དང་འདབ་མ་བརྒྱད་ལ་ཛམ་བྷ་ཡབ་ཡུམ་གྱི་སྐུ་མངོན་རྟོགས་བྲིས་པའི་ལུགས་ལྟར་རང་རང་གི་ས་བོན་ལ་སྔགས་ཀྱིས་བསྐོར་བ་དང༌། འབྲིང་ལ་སྐུ་མེད་པར་སྔགས་སྦྱང་བ་བརྩེགས་ཏེ་འབྲི་བ་དང༌། བསྡུས་པ་ལ་ཛམ་དགུ་དང་བམ་དགུ་འབྲི་ཞིང་མཐར་རྡོ་རྗེའི་ར་བ་སོགས་རྒྱས་འབྲིང་བསྡུས་གསུམ་འབྲི། གཏེར་བུམ་ནི་རྫ་བུམ་གསར་བ་ལོངས་མ་སྤྱད་པའི་ནང་དུ་བྱ་རྒྱུད་ནས་བཤད་པའི་བུམ་རྫ་ཉེར་ལྔས་བཀང་ལ་དམ་པར་བཅད་དེ་རྒྱས་བཏབ་ལ་བཞག ཁ་རྒྱན་བཅུ་གསུམ་མམ་ཡི་གེ་བཅུ་གསུམ་ནི། ཨ་མྱེས་རྨ་ཆེན་གྱི་དབང་དུ་བྱས་ཏེ། རྨ་ཆེན་གྱི་མེས་པོ་དང་ཡབ། ཕྱི་མོ་དང་ཡུམ། སྲས་དགུ་དང་བཅས་པའི་བཅུ་གསུམ་གྱི་རྟེན་གཞི་ཡིན་པས། ཤིང་ལེབ་དཔངས་སོར་བཅུ་གཉིས། ཞེང་སོར་བཞི་བ་ལ་ཐོག་མར་མེས་པོ་ནས་རིམ་བཞིན་རྟེན་འདི་ལ་གནས་པར་མཛོད་ཅིག་ཅེས་ཆོས་ལུགས་ཀྱི་ཆོ་ག་ལྟར་བསྒྲུབ།
གཉིས་པ། ལབ་བཙས་བརྩིགས་པ།
དེ་ནས་ལག་ལེན་དངོས་གཞི་ལ།《ལྷ་རྟེན་བརྩིགས་ཚུལ་གྱི་ཆོ་ག་དགེ་ལེགས་དཔལ་སྟེར》ལས་ལབ་བཙས་ཕོ་བྲང་བཞེངས་པར་ས་ལ་རྒྱ་དཔངས་ཁྲུ་གང་ཙམ། གྲུ་ཟུར་བཞི་མཐིལ་དང་ལོགས་རྣམས་སུ་རྡོ་གཡམ་སོགས་བསྒྲིགས་པའི་ནང་དུ་མི་འགྱུར་བའི་གཡང་དྲུང་འབྲི་བ་དང༌། དྲི་བཟང་པོའི་ཤིང་དང་འབྲུ་སྣ་གོས་དར་སོགས་བཏིངས་པའི་སྟེང་དུ་གཏེར་འཁོར་ཕོ་སྟེང་དང་མོ་འོག་ཏུ་འོང་པར་བྱས་ལ་ལྟེ་བའི་ཡི་གེ་དབུ་རྟེན་གྱི་རྒྱབ་ངོས་སུ་བསྟན་ཏེ་བཞག དེའི་སྟེང་དུ་གཏེར་བུམ་ བཞག དེའི་སྟེང་དུ་མཚམས་དར་སོགས་ཀྱིས་བརྒྱན་པའི་སྟེང་དུ་སྲོག་ཤིང་འོག་ཕྱོགས་ལ་ཁ་བསྟན་ཏེ་བཙུགས། དེའི་མཐར་གསེར་དངུལ་ཟངས་ལྕགས་སོགས་རིན་པོ་ཆེའི་རིགས་དང་གོ་མཚོན་བཟང་པོ་དང༌། མདའ་མདུང་རལ་གྲི་སོགས་དར་ཚོན་སྣ་ལྔས་བརྒྱན་པའི་སྟེང༌། ཕྱོགས་བཞིར་སྲུང་བཞི་ཁ་ནང་དུ་བསྟན་ཏེ་བཞག དེའི་མཐར་ས་དང་རྡོ་ལ་སོགས་པས་ཟླུམ་པོ་གྲུ་བཞིར་བརྩིགས་ཏེ་བཀོད་པ་མཛེས་ཤིང་ལག་ཚགས་དམ་པ་བྱ། ཁ་བརྒྱན་བཅུ་གསུམ་པོ་ཡང་ལབ་བཙས་ནས་ཡར་འདོམ་རེ་རིམ་བཞིན་དྲལ་པོ་ཐ་ཆུང་ནས་མྱེས་པོ་རྩེ་འཛིན་གྱི་བར་དུ་བཙུགས་ཏེ། ཤིང་སྣ་ཚོགས་པས་མཛེས་པར་བྱས་ལ་དམུ་ཐག་གིས་འབྲེལ། དམུ་ཐག་ནི་གཟུང་ཐག་དང་དོན་གཅིག་ཡིན་པས། ཤར་ཏུ་དཀར་པོ། ལྷོར་སེར་པོ། ནུབ་ཏུ་དམར་པོ། བྱང་དུ་ལྗང་གུ དབུས་སུ་སྔོན་པོ་རྣམས་ལབ་བཙས་དབུས་ནས་དྲངས་པར་བྱ་བ་འདི་དག་ནི་ལབ་བཙས་བཅའ་པའི་ལག་ལེན་གྱི་རིམ་པའོ།
གསུམ་པ། ལབ་བཙས་བསྟོད་པ།
གསུམ་པ་ལབ་བཙས་བསྟོད་པ་ལ་ཐོག་མར་ལྷ་རྟེན་གྱི་མདུན་དུ་མཆོད་པ་དང་གཏོར་མ་སོགས་རྒྱས་པར་བཤམས་པར། ཐོག་མར་བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་བཤོས་བུ་གསུམ། སྡེ་བརྒྱད་སོ་སོའི་བརྔོན་གཏོར་སྣ་ཚོགས་ཕྱེ་མར་རིལ་བུ་འོ་མ་ཞུན་མར་སྨན་གྱི་ཞལ་བུ་མང་དུ་བཀོད། ཁྱུང་འབྲུག་སེང་གེ་གླང་ཆེན་འབྲས་ཀྱི་བྱ་ལུག་གཡག་གསུམ་སོགས་རི་དྭགས་གཡུང་དྭགས་འདབ་ཆགས་གཅན་གཟན་དང༌། ཉ་སྦལ་ལྕོང་གསུམ་སོགས་ཀྱི་གཟུགས་འཕོས་པ་སྣ་ཚོགས། གཞན་ཡང་འབྲུ་སྣ་སྨན་སྣ་ཤིང་རྩི་སྣ་ཚོགས་དར་ཟབ་བལ་ཚོན་གྱིས་བརྒྱན་པ། མདའ་མདུང་རལ་གྲི་ཕུབ་རྨོག་སོགས་གོ་མཚོན་སྣ་ཚོགས། གཞན་ཡང་ཤོག་ཤོག་དུང་ཙེ། ཤེལ་ཚིག་དཀར་ནག དཀར་གསུམ་མངར་གསུམ་བསང་དུད་དང་བཅས་བཀོད་པ་ལ་རང་ཉིད་ཡི་དམ་གྱི་ང་རྒྱལ་བརྟན་པོའི་ངང་ནས་བགེགས་ལ་གཏོར་མ་བསྔོ་བ་སོགས་སྔོན་དུ་བྱས་ཏེ། རིམ་བཞིན་རོལ་མོའི་དབྱངས་དང་བཅས་བདེ་ཆེན་ལྷུན་གྲུབ་ནམ་མཁའི་ཀློང་ཡངས་ནས།། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དང་།། ཉན་རང་དཔའ་བོ་མཁའ་འགྲོ་སྲུང་མའི་ཚོགས།། ཐམས་ཅད་སྤྱན་དྲངས་མདུན་གྱི་ནམ་མཁར་བཞུགས།། ས་ཡི་ལྷ་མོ་བསྟན་མས་གཙོ་བྱས་པའི།། ཡུལ་ལྷ་གཞི་བདག་སྤྱི་དང་ཁྱད་པར་དུ།། བདག་ཅག་གང་དུ་གནས་པའི་ཡུལ་ཕྱོགས་ཀྱི།། ལྷ་ཀླུ་གཞི་བདག་ཐམས་ཅད་གནས་འདིར་་བྱོན།། གདོན་བགེགས་ལན་ཆགས་ཤ་འཁོན་གཉེར་བ་དང་།། དྲི་ལ་སྤྱོད་པའི་མི་མིན་འབྱུང་བོ་སོགས།། མདོར་ན་བསང་གི་མགྲོན་དུ་འོས་པའི་རིགས།། ཇི་སྙེད་མཆིས་པ་ཐམས་ཅད་འདིར་འདུས་ཤིག ། ཅེས་མགྲོན་རྣམས་སྤྱན་དྲངས་ཏེ་དཀར་གཏོར་གཞུང་ལྟར་འབུལ་ཞིང་དེ་ནས་སྐྱབས་བཅོལ་བ་དང་ལབ་བཙས་ཁ་བསྟོད་བྱ་བ། མདའ་དར་དང་ཤེལ་ཚིག་འབུལ་བ། དམུ་ཐག་འཐེན་ཞིང་ཁ་རྒྱན་བསྟོད་པ། དེ་ནས་ལབ་བཙས་དཔངས་བསྟོད་བྱ་བ་དང་ཕྱཱ་གཡང་འགུགས་པ་སོགས་རྒྱས་པར་གཞུང་ལྟར་ཤེས་པར་བྱའོ།
གངས་ཐིག་མཚན་ཅན་གྱིས་བཤད་པ་དེ་ལ་ལན་འབྲི་བའི་རྩོལ་བ་བྱས་མེད། ཕྱོགས་གཅིག་ནས་གངས་ཐིག་དེ་གསང་མཚན་ཞིག་ཡིན་སྟབས་རླུང་བུ་ལ་བདག་པོ་བརྒྱབ་ནས་རྩོད་པ་དེ་ནི་ཆུ་ནང་ལ་རྡོ་གཡུགས་པའི་དཔེ་རང་རེད་དྲན་པ་ཡིན། འོན་ཀྱང་འདི་དག་ལ་སླར་ཡང་བསམ་བློ་ཞིག་འཁོར། དེ་ནི་ང་ཚོའི་སྤྱི་ཚོགས་ལ། “ང་ནི་ཚངས་པའོ།། ཚངས་པ་ནི་ཆེན་པོའོ།།”ཞེས་གོམས་སྲོལ་འདི་ལས། “གཞན་ནི་ཚངས་པའོ།། ཚངས་པ་ནི་ཆེན་པོའོ།།”ཟེར་བའི་གོམས་གཤིས་ཤིག་རྩ་ནས་མི་འདུག གཅིག་བྱས་ན། འདི་ནི་ང་ཚོ་ད་དུང་ཡང་”རིག་གནས་བཅུའི་”བཙན་འཛུལ་དེ་ལས་ཐར་མ་ཐུབ་པ་དང་། དེང་སང་གི་ཤེས་ཡོན་གྱི་འགྲོ་ལུགས་ལ་ཞུགས་མ་ཐུབ་པ་གཉིས་བར་གྱི་བར་བརྒལ་གྱི་རྣམ་པ་ཞིག་ལོས་ཡིན་དྲན། ངའི་གྲོགས་པོ་ཞིག་གི་སྲིང་མོའི་མག་པ་དེ་ནི་སྦལ་པ་ལ་ཞིབ་འཇུག་བྱེད་པའི་མཁས་པ་ཞིག་རེད། ང་ཚོས་”མཁས་པ་”དང་”མཁས་དབང་”གི་མཚན་འདི་ལ་དེ་ཙམ་གྱིས་སེར་སྣ་བྱེད་དགོས་དོན་གང་ཡིན་ནམ། སྔོན་མ་ཞིག་ལ། མཁར་རྨེའུ་བསམ་གཏན་དང་ཨ་མྱེས་རྨ་ཆེན་ཚང་གི་བཀྲ་ཤིས་ཚེ་རིང་ལྟ་བུ་ལ་ཡང་ “མཁས་པ་”ཞེས་སྦྱར་ན་འགྲིག་མིན་ལྟ་བུ་གསུངས་སོང་། སྐྱེས་བུ་འདིའི་གྲས་ལ་ “མཁས་པ་”འི་ཆོ་ལོ་མི་འབུལ་ན་ད་ནི་སུ་ཞིག་ལ་འབུལ་དགོས་པ་རེད། ལར་ནས། བོད་རྒྱ་ཚིག་མཛོད་ཆེན་མོ་ན། མཁས་པ་ཞེས་པའི་གོ་དོན་ལ། ༡ རབ་ཏུ་ཤེས་པའམ་ལེགས་པར་རྟོགས་པ། ༢ ཤེས་རབ་ཅན། ༣ གྲིམས་པོའམ་གྲུང་པོ། ༤ ལེགས་པར་ལོབས་པའམ་བྱང་ཆུབཔའམ་ཐུབ་པ། སོགས་བཀོད་འདུག
ལྷན་རྒྱས་ཚོར། མཁས་དབང་གི་སྐོར་ལ་བསམ་ཚུལ་ཞིག་འབུལ་རྒྱུ་ཡིན།
ངེད་ཚོས་པད་མ་འབུམ་དང་། བཀྲིས་ཚེ་རིང་སོགས་ལ། མཁས་དབང་ཞེས་འབོད་ན་སྟབས་བདེ་པོ་མིན་འདུག་ན། ཞིབ་ཕྲ་རུ་བཏང་ནས། ལོ་རྒྱུས་མཁས་དབང་བཀྲིས་ཚེ་རིང་ལགས་དང་། རྩོམ་ཡིག་མཁས་དབང་པད་མ་འབུམ་ཟེར་ན། དེ་ངོ་གསོ་གཏོང་ཆེད་མིན་པར། དངོས་ཡོད་དང་ཅུང་ཐག་ཉེ་བ་འདུག མཁས་དབང་གཅིག་པུ་བེད་སྤྱོད་བཏང་ན། ཅུང་འཚམས་པོ་མིན་འདུག ཚིག་འདི་སྟོང་པར་འགྲོ་ཉེན་འདུག དཔེར་ན། མཁས་དབང་ཧོར་གཙང་འཇིགས་མེད་ཟེར་ན། མི་རྣམས་ལ་ཅུང་མི་བདེ་བ་ཡོང་སྲིད་ལ། སྙན་ངག་མཁས་དབང་ཧོར་གཙང་འཇིགས་མེད་ཟེར་ན། མི་འགྲིག་པ་ཅིས་ཀྱང་མིན་འདུག གོང་དུ་དགེ་འདུན་རབ་གསལ་ལགས་ཀྱིས་གསུངས་པ་བཞིན། སྦལ་པའི་སྐོར་ལ་མཁས་པ་ཡིན་སྟབས། སྦལ་པ་མཁས་ཅན་ཟེར་རྒྱུ་རེད། ནུབ་ཕྱོགས་ལ་ཀྱང་། ཤེས་བྱ་སྣེ་གཅིག་ལ་གཏིང་ཟབ་པའི་མཁྱེན་རྒྱ་ཡོད་མཁན་ལ་མཁས་དབང་ཟེར་བཞིན་འདུག
པད་མ་འབུམ་ལགས་ཀྱིས། “གུས་སེམས་ཤིག་སྟོན་ཆེད་བསྟོད་མིང་ཞིག་གིས་འབོད་པ་འདི་བོད་པའི་སྤྱི་ཚོགས་དང་ལྷག་པར་དབུས་གཙང་ཁུལ་དུ་དར་ཁྱབ་ཆེ་བའི་སྲོལ་རྒྱུན་ཞིག་རེད།” གསུངས་པ་འདི་ལ་བསམ་བློ་ཞིབ་ཕྲ་ཞིག་བཏང་སྐབས། “མཁས་དབང་”ཟེར་བའི་ཚིག་འདི་གོང་གི་སྡེ་ཚན་ནང་འགྲོ་གི་མ་རེད་སྙམ།
དཔེར་ན། དབུས་གཙང་ཁུལ་ལ། གདན་ས་ནས་དགེ་བཤེས་བཏང་ཡོད་ན། དགེ་བཤེས་ལགས་དང་། ཡང་སྲིད་དེ་ཚོར་མཆོག་སྤྲུལ་རིན་པོ་ཆེ། དེ་བཞིན་བླ་བྲང་ཆེ་བའི་བླ་མ་དེ་ཚོར། ཁྲི་བྱང་རིན་པོ་ཆེ་དང་། གླིང་རིན་པོ་ཆེ་ལྟ་བུ། གནས་སྔའི་གཞུང་སྤྱིའམ། བྱེ་བྲག་རིག་གཞུང་སྣེ་གཅིག་ལ་བྱང་པ་ཡོད་པ་རྣམས་ལ་རིག་གནས་མཁས་དབང་ཟེར་བ་ལས། མཁས་དབང་ཞེས་པའི་ཚིག་འདི་གང་བྱུང་ལ་བེད་སྤྱོད་བྱེད་མཁན་ཉུང་ཉུང་རེད།
དཔེར་ན། ཉེ་བའི་ལོ་རྒྱུས་ནང་། དབུས་གཙང་ཁུལ་གྱི་མིའི་ནང་ནས། མཁས་དབང་ཟེར་བའི་མིང་དེ་བླ་སྨན་མཁྱེན་རབ་ནོར་བུ་དང་དུང་དཀར་རིན་པོ་ཆེ། དེ་བཞིན་སྨན་རྩིས་མཁས་དབང་བྱམས་པ་འཕྲིན་ལས་ལགས་སུ་མ་གཏོགས། དེ་མིན་གཞན་ལ་ཡོངས་གྲགས་བེད་སྤྱོད་གཏོང་བ་ཉུང་ཉུང་རེད་སྙམ། ཕྱིས་སུ་རྒྱ་གར་ནང་། “མཁས་དབང་ཟམ་སྟོང་རིན་པོ་ཆེ།”ཞེས་འབོད་སྲོལ་འདུག དེ་ཡང་ཟམ་སྟོང་རིན་པོ་ཆེའི་མཁྱེན་པ་གང་ལ་མཁས་དབང་ཐོབ་བམ་ཞེས་ཁོང་རྒྱུས་ཡོད་མཁན་གྱི་མི་སྣ་རྣམས་ལ་འདྲིས་པས་ན། གང་སྤྱིའི་ཐད་ལ་མཁས་པ་རེད་གསུངས་པ་ལས། ཞིབ་ཕྲ་གསུངས་རྒྱུ་མིན་འདུག
གུས་པའི་བསམ་ཚུལ་ལ། རྗེས་མ། ཆབ་སྲིད་མཁས་དབང་ཟམ་སྟོང་རིན་པོ་ཆེ་ཞུས་ན། ལན་པོ་འདུག་སྙམ། ཁོང་གི་ཆབ་སྲིད་ཐོག་གི་ཉམས་མྱོང་དང་མཁྱེན་རྒྱ་གཉིས་ཀ་གཏིང་ཟབ་པོ་རེད་སྙམ། དེ་མིན། རིག་གནས་མཁས་དབང་ཟམ་སྟོང་རིན་པོ་ཆེ་ཟེར་བ་ལས། མཁས་དབང་ཟམ་སྟོང་རིན་པོ་ཆེ་ཟེར་ན། བསྟོད་རྒྱུ་བཞག་ནས། སྨད་རར་འགྲོ་བའི་ཉེན་ཁ་འདུག
ཚངས་དབྱངས་ལགས་ཀྱིས་འདིར་གསལ་བཤད་གནང་བ་དེ་ངས་གོ་བྱུང་། དབུས་གཙང་ན་མཁས་དབང་མཚན་སྙན་ཅན་གཅིག་གཉིས་ཤིག་ལས་མི་འདུག་གསུངས་པ་དེ་ཁྱེད་ཀྱི་ཐོས་ཚོད་གསུངས་གི་ཡོད་དམ་ཡང་ན་དུས་དེབ་སོགས་ན་བཀོད་པ་དེ་གསུངས་གི་ཡོད། གལ་སྲིད་ཐོས་ཚོད་ཡིན་ན་ང་དེ་ལ་དྲི་བ་མེད། དུས་དེབ་སོགས་ཡིན་ན། ངས་ཧམ་པ་གཅིག་བཤད་འདོད་སྐྱེས། བོད་ལྗོངས་ཞིབ་འཇུག་སོགས་གཟིགས་ཚེ་མཁས་དབང་གི་མཚན་ཅན་དེ་ལས་མང་གི་རེད་དྲན། ད་སྐད་ཆ་མང་པོ་མི་བཤད། དུང་དཀར་ཚིག་མཛོད་ཀྱི་ནང་། ༼ཤོག་གྲངས་ ༤༤༢༽ “ཡང་མཁས་པ་ཞེས་པའི་གོ་དོན་སྒྲ་ཡངས་པའི་དབང་དུ་བྱས་ཏེ་བཤད་ན། རང་ཉིད་ཀྱིས་གང་བསླབས་པ་དེ་ལེགས་པར་སྦྱངས་ཤིང་ཤེས་པ་ཞིག་ལའང་ཟེར་ཆོག་སྟེ། དེ་ནི་སྣ་གཅིག་ལ་མཁས་པ་ཞེས་ཟེར་་་་་”སོགས་བཀོད་འདུག ཡང་མཁས་པ་ཞེས་པའི་ཐ་སྙད་སྦྱར་བའི་མི་འགའ་ཞིག་འདི་ན་འདུག
མཁས་པ་ཆེན་པོ་ནི་ཁོ་ལཱ་ཞེས་ཀུན་གླེང་གིས་སྤེལ་འདུག
http://www.youtube.com/watch?v=jUticPb-Tn4&feature=channel_page
མཁས་དབང་པི་ཀེ་སོ་རེན་སེན། (Dr. P.K. Sørenson)ཞེས་འདི་ན་བཀོད་འདུག
http://www.library.gov.bt/publications/books-DZ.html
བོད་གནས་མཁས་པ་ཝ་རེན་སམིཐ་ཞེས་འདི་ན་བཀོད་འདུག་
http://www.rfa.org/tibetan/chediklaytsen/ukaylatsen/bodnaykheswang/verdict-already-in-on-beijing-olympics-08182008113149.html
ཨ་རིར་གནས་སྡོད་མཁས་དབང་བློ་བཟང་སེང་གེ་ལགས་ཞེས་འདི་ན་གསལ་འདུག
http://www.clubaristocats.com/index.php?option=com_content&view=article&id=1325:2009-04-18-06-03-13&catid=44:exile&Itemid=63
སྐུ་མཁྱེན། ད་མཁས་དབང་གི་ཐ་སྙད་སྐོར་ལ་རྩད་འདྲ་བོ་བརྒྱབ་ནས་འདུག་ཨེ་དགོས། གང་མཁས་པ་ཡིན་མིན་དང་གང་གིས་ཅི་ཙམ་མཁྱེན་མིན་སོགས་བརྩམས་པ་དེ་ཚོ་ྐློགས།
གཞན་དང་བསྡུར་ནས་ྐློགས། དུས་ཚོད་དང་མི་རབས་གཉིས་ཀར་བསྡུར་ནས་ྐློགས། དེ་ནས་སོ་སོས་དཔྱད་པ་ཐོངས། དཔྱད་པ་སྔོན་ལ་ཐོངས། བསམ་ཚུལ་རྗེས་ལ་ཤོད།
མི་སྒེར་བ་སོ་སོའི་ཤེས་ཡོན་གནས་ཚད་དང་བསམ་བློའི་འཁྱེར་སོ། རིན་ཐང་འཇོག་སྟངས་སོགས་ཀྱི་ངོས་ནས་གཞན་ལ་གདེང་འཇོག་བྱེད་སྟངས་མི་འདྲ་བ་ཡོང་སྲིད་པ་ཞིག་རེད་ལ་ཡོང་ཆོག་གི་ཡང་རེད། བརྒྱ་ཁ་གཅིག་གཅོད་ཅིག་ནམ་ཡང་ཡོང་གི་མ་རེད། དེ་ཡོང་ཐབས་བྱས་ན་ཡང་སྟོང་པ་རེད།
ངེད་རང་སྒེར་གྱི་ངོས་ནས་པད་མ་འབུམ་མཁས་བ་ཞིག་ཡིན། ཁྱེད་ཚོས་མཁས་དབང་ལ་བརྩི་མིན་ཐད་ངེད་ལ་བསམ་ཚུལ་མེད། སོ་སོའི་འདོད་མོས་རེད།
དེ་ཙམ་ཞུ།
དེ་རིང་དུས་ཚོད་ཡོད་དུས་ངེད་ཀྱིས་གཅིག་བརྗེད་འདུག
མཁས་དབང་པད་མ་འབུམ་ལགས་ཀྱིས་འབྲོག་རྒན་མགོན་ཕྱག་གཙོ་བྱས་བའི་དྲ་གྲོགས་རྣམས་ལ་གསལ་བཤད་དཀྱེལ་ཡངས་ཤིག་གནང་བ་ལ་བཀའ་དྲིན་ཆེ་ཞུ།
མཁས་དབང་པད་མ་འབུམ་ལགས་དྲ་ཐོག་ལ་ཡང་སྲིད་ཡོང་གི་ཡོད་མེད་མི་ཤེས། ཁ་བརྡ་སྒོ་ཕྱེས་ནས་བཟུང་ཁོང་གི་མཆན་བུ་ཞིག་མཐོང་བ་དེ་རིང་ཕལ་ཆེར་ཐེངས་དང་པོ་ཡིན། ངེད་རང་སྒེར་ངོས་ནས་ད་ཕན་མཆན་བུ་འདི་མ་གཏོགས་མཐོང་མ་སོང་། དེར་བརྟེན། མཁས་པ་སྒོ་ཁར་སླེབས་དུས། རྩོད་ལ་ཞུགས་རྒྱུའི་ཚབ་ལ་དོགས་པ་ཡོད་ན་ཕུལ་དང་།
ཤེས་བྱ་ལེན་རྒྱུ་མང་པོ་འདུག་བསམ། ངེད་ཀྱི་བསམ་ཚུལ་ལ།
མཁས་པ་རྒན་པ་ཚོའི་རྩ་ན་ལེན་རྒྱུ་མང་གི་བསམ། མཁས་བ་རྒན་པ་ཚོའི་གཏམ་དེ་ཐུང་ཙམ་མ་གཏོགས་མེད་རུང་། ཐེངས་བཞི་ལྔར་ྐློག་ཤོར་འགྲོ་གི་འདུག
དེ་ཙམ་ཞུ།
མུ་མཐུད་ལབ་ཙེའི་སྐོར་སྐད་ཆ་ཁ་ཤས་བཤད་ན་འདོད་བྱུང་། དང་པོ་ལ་རྩེའི་མིང་འདོགས་སྟངས་ཐད་བསམ་ཚུལ་ཞིག་ཡོད་པ་མ་གཏོགས་ལབ་ཙེའི་མིང་གི་འབྱུང་ཁུངས་ཐད་བསམ་བློ་ཁོ་རང་གཏོང་མ་མྱོང་། པད་འབུམ་ལགས་ཀྱིས་གསུངས་པ་དེར་རྒྱུ་མཚན་ཡོད་ཤག་བྱེད་ཀྱི་ཡོད། ང་ཚོས་འདིར་ལབ་ཙེའི་སྐོར་བགྲོ་གླེང་ཅུང་ཟད་བྱས་པ་ནས་ངས་ཐ་སྙད་དེའི་སྐོར་བསམ་བློ་ཅུང་ཟད་བཏང་བ་ཡིན། བསམ་བློ་ག་ཚོད་ཀྱིས་མང་ང་བཏང་ན་ལབ་ཙེ་དང་ལ་རྩེ་གཉིས་ཀྱི་རྒྱང་ཐག་ཇེ་རིང་དང་ཇེ་རིང་རེད།
༡ མིང་འདོགས་སྟངས་ཀྱི་ཐད་ནས་བལྟས་ན་ལབ་ཙེའི་ཁུངས་ལ་རྩེ་མིན་པར་སྙམ།
ལབ་ཙེ་ནི་ཆོས་ལུགས་གོམས་སྲོལ་ཞིག་དང་འབྲེལ་བའི་ཐ་སྙད་ཅིག་ཡིན་པ་དང་། མིང་དེའི་རིགས་ནི་ནང་དོན་སོགས་གཙོ་བོ་བྱས་ནས་བཏགས་པ་ཤས་ཆེ་བ་མ་ཟད་ཐ་སྙད་མང་ཆེ་བ་བླ་སྲོག་དང་ལྡན་པའི་ཐ་སྙད་གོ་དོན་ཅན་རྐྱང་རྐྱང་ཡིན་པ་གང་ཞིག་ལ། ལབ་ཙེ་ནི་དེ་ལས་ལྡོག་ཏེ་ལ་ཞིག་མཐོ་རུ་བཏང་བའི་གོ་དོན་མ་གཏོགས་མི་འདུག་པ་དེ་རེད། གལ་སྲིད་ལབ་ཙེའི་ཁུངས་ལ་རྩེ་ཡིན་སྲིད་ན་མིང་དེ་ནི་ལབ་ཙེ་བསྟོད་པའི་ནང་དོན་མི་ཤེས་ཤིང་། དེ་ལ་ཡིད་ཆེས་མེད་མཁན། ཡང་ན་མི་རིགས་གཞན་ཞིག་ནས་ཕྱིའི་མཐོང་སྣང་ཁོ་ནའམ་མཐོང་ཆུང་གི་སྒོ་ནས་བཏགས་པའི་མིང་ཞིག་རེད་འདུག
༢ ཐ་སྙད་ཀྱི་འགྱུར་བ་ལ་བལྟས་ན་ལབ་ཙེའི་ཁུངས་ལ་རྩེ་མིན་པ།
དུས་ཚོད་རིམ་སོང་གིས་ཐ་སྙད་མང་པོ་ཞིག་ལ་འགྱུར་བ་འགྲོ་གི་ཡོད་པ་དང། དེ་ལྟར་འགྱུར་བ་ལ་རྒྱུ་མཚན་ཞིག་ཡོད་པ་རེད།བླ་བྲང་ལ་ལབ་རང་ཟེར་བར་མཚོན་ན། སྒྲ་ཀློག་སྟངས་སོར་ཡང་མིན་ལ་བསྟེན་ནས་འགྱུར་བ་ཡིན་པ་གསལ་བོར་རྙེད་ཐུབ། བླབྲང་། བླབ་རང་། ལབ་རང་ལྟ་བུའོ། ལ་རྩེ་ཞེས་པའི་མིང་འདིར་གང་ནས་བལྟས་ཀྱང་ལབ་ཙེར་འགྱུར་སྲིད་པའི་ལམ་ཁ་ཞིག་དང་དེ་ལྟར་འགྱུར་བའི་རིམ་པ་ཞིག་བཙལ་དུ་མེད་པའོ། ལ་རྩེ་ལ་འགྱུར་བ་ཞིག་འབྱུང་སྲིད་ན་ལར་རྩེ། ལར་ཙེ། ལྟ་བུ། ཆེ་བསྟོད་སོགས་ཀྱི་དབང་གིས་འགྱུར་ན་ལྷ་རྩེ་ལྟ་བུར་འགྱུར་སྲིད་པ་ལས་ལབ་ཙེར་འགྱུར་བའི་རྒྱུ་མཚན་ཞིག་ངའི་བཟི་མོག་མོག་གི་བློ་འདིས་མི་རྙེད་གི
༣ དག་ཆ་འབྲི་སྟངས་འདྲ་མིན་ཡོད་པ་ལ་བལྟས་ན་ལབ་ཙེའི་ཁུངས་ལ་རྩེ་མིན་པ།
ང་ཚོའི་བོད་ཡིག་ནང་ཡང་ཡི་གེ་འགའ་རེར་དག་ཆ་འབྲི་སྟངས་མི་འདྲ་བ་རེ་ཟུང་ཞིག་ཡོད་པ་རེད། དེ་དག་ནི་སྔོན་འཇུག་མ་དང་འ་ཡི་ཁྱད་པར་དང་མིང་གཞི་ག་ད་བ་སོགས་ཀྱི་ཁྱད་པར་ཙམ་རེད། ལབ་ཙེར་འབྲི་སྟངས་འདྲ་མིན་ཞིག་བྱུང་བ་འདི་ཟུར་ཆགས་པའི་སྐད་གང་ཞིག་ལ་འབྲི་སྟངས་མི་འདྲ་བ་མང་པོ་ཞིག་འབྱུང་གི་ཡོད་པ་དེ་དང་འདྲ་སེ་འདུག་ག། མི་རིགས་གཞན་ཞིག་གི་ཐ་སྙད་རང་སྐད་ནང་བེད་སྦྱོད་གཏོང་སྐབས་རང་རང་གིས་གང་འདོད་ལྟར་དག་ཆ་འདྲ་མིན་བྲིས་ཡོང་གི་ཡོད་པ་ལྟར་རེད། དཔེར་ན། ཨེམ་ཆི། ཨེམ་རྗེ། ཨམ་རྗེ། ལྟ་བུས་མཚོན། ལབ་ཙེའི་མིང་ལ་ལ་རྩེ་བཏགས་པ་དེ་བོན་གཞུང་ཡིན་ནའང་འདྲ། ཚིག་མཛོད་ཅིག་ཡིནའང་འདྲ། གང་ལྟར་དེ་ནི་ཐུ་མེད་ཧོ་ལོ་ཆི་ལ་ཐུ་མེད་འཁོར་ལོ་ཆེ་ཟེར་ནས་བོད་སྐད་དུ་གོ་རྒྱུ་ཡོད་པ་ཞིག་བཟོས་པ་ཙམ་རེད་ཟེར་ནས་ཀྱང་ཁ་ནང་ནས་འཆོར་ལ་ཁད་བྱེད།
༤ལབ་ཙེའི་ཁུངས་གང་ཡིན་མིན་དེ། ཀོང་ཙེ། ཅོག་ཙེ། སྒྲོག་ཙེ་སོགས་རྒྱ་ནག་ནས་ཟུར་ཆག་པའི་ཐ་སྙད་མིང་མཐའ་ན་ཙེ་དང་ཚེ་ཅན་མང་པོའི་ཤུགས་རྐྱེན་ལ་བརྟེན་ཨ་ཁུ་འབྲོག་པའི་རྣམ་ཤེས་རྒྱ་ནག་ཕྱོགས་སུ་ཡང་ཡང་ཤོར།
ཁ་སང་ངས་འདིར་བཀོད་པའི་ཁྱུང་ཐར་རྒྱལ་གྱི་རྩོམ་དེའི་ནང་། ལ་བཙས་འུན་ཤིང་ཀོང་ཇོའི་སྐབས་ནས་དར་བར་བཤད་པ་དེས་ང་ལ་རང་གི་ཡིད་ཆེས་དེར་སེམས་ཤུགས་ལྷག་པར་འཕར་ཏེ་སྦུར་ཆང་ཤེལ་ཏམ་གཅིག་འཐུང་ཐེངས་གཅིག་ལ་བཏུང་པ་ཡིན། རྗེས་སུ་བཟི་དྭངས་སྐབས་བསམ་བློ་ཞིག་བཏང་བ་ཡིན། ཀོང་ཇོའི་སྐབས་ནས་དར་བ་ཞིག་ཡིན་ན་དེ་ལ་རྒྱ་སྐད་ཀྱི་མིང་ཞིག་རྙེད་རྒྱུ་ཡོད་རྒྱུ་རེད། དེ་གང་ཞིག་ལ་འཚོལ་གི་འགྲོ་དགོས་པ་རེད་སོགས་དེ་ལས་འཕྲོས་ཏེ་བསམ་བློ་གཏོང་གི་གཏོང་གི། ཆང་འཐུང་གི་འཐུང་གི ཡང་སྐྱར་ར་བཟི། ད་ལྟ་རང་ཡར་ལངས་ནས་མགོ་ན་ཞོར་ན་ཞོར་ལ། ཕ་རོ་མ་རོ་ལབ་ཙེའི་སྐོར་ལ་གཏམ་འགའ་ཐལ་སོང་།
ད་ཕར་འདེད། ཚུར་འདེད། ཡར་འདེད། མར་འདེད། མཐའ་མ་འདིར། མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ཞབས་འདེགས་ལ་ཕྱིན་སོང་།
རྒྱ་བོད་གཉིས་ངོ་མ་ཁ་བྲལ་ཐབས་མེད་པ་ལྟ་བུ་རེད་འདུག བོད་ཀྱི་རི་ཞིག་དང་འདི་དང་འབྲེལ་ཡོད་ཀྱི་རིག་གཞུང་ཞིག་འདེད་ཡོང་དུས། དེར་རྒྱ་དང་འབྲེལ་བ་ཆགས་ཡོང་གི་འདུག
ཕ་རོ་བཟའ་རྒྱུ། ཁོ་སྲོང་བཙན་སྒམ་པོ་བོད་མོའི་སྟུ་ཡིས་མ་འགྲིག་པར། རྒྱ་མོ་ཕལ་པ་ཞིག་གིས་བཙལ། ད་དེའི་རྗེས་འབྲས། ང་ཚོས་མྱོང་དགོས་ཀྱི་འདུག
དྲ་དཔོན་དགེ་འདུན་རབ་གསལ་ལགས། ང་ལ་གྲོགས་པོ་ཞིག་ཡོད། ཁོའི་མིང་ལ་གངས་ཐིགས་ཟེར་གྱི་ཡོད། ཁོ་ནི་ད་ལྟའི་བོད་ཀྱི་དུས་བབ་དྲ་ཐོག་གི་ཚུར་ལེན་པའི་ཐབ་ཚང་ཞེས་པ་ཞིག་ཡོད་པ་དེའི་བདག་པོ་ཡིན། ཁོས་རྒྱུན་དུ་ཡིག་བསྒྱུར་གྱི་སྐོར་ལ་མ་གཏོགས་རྩོམ་ཡིག་མི་འབྲི། ཁ་སྔོན་ཞིག་ལ་ངའི་གྲོགས་པོས་ཁྱེད་དང་མཁས་དབང་པད་མ་འབུམ་གཉིས་ལ་ཡིག་བསྒྱུར་སྐོར་གྱི་དྲི་བ་འགའ་ཡིག་ཟམ་བརྒྱུད་ནས་བཏངས་པ་ཡིན་ཀྱང༌། ད་དུང་ཡིག་ལན་སླེབས་མ་སོང་ཟེར་གྱི་འདུག ཁོས་དོགས་གཞི་བྱེད་ས་གཙོ་བོ་ནི་གོང་གི་གངས་ཐིགས་ཟེར་བའི་མིང་ཅན་དེས་མཁས་དབང་པད་མ་འབུམ་ནི་མཁས་དབང་མ་རེད་ལ་མཁས་པའང་མ་རེད་ལ་སོགས་པའི་སྐད་ཆ་འཆད་ཀྱི་ཡོད་པ་དེས་རྐྱེན་བྱས་པ་ལོས་ཡིན་སྙམ་གྱི་ཡོད་ས་རེད། དེ་བས་ང་མི་འདི་གཉིས་ཀྱི་བར་ལ་འཚང་ནས་ཁྱེད་ལ་གསལ་བཤད་ཅིག་ཞུ་འདོད་པ་ནི་ཁ་བརྡའི་ནང་ལ་ཡོང་གི་ཡོད་པའི་གོང་གི་གངས་ཐིགས་ཟེར་བ་དེ་དང་དུས་བབ་དྲ་ཐོག་གི་ཚུར་ལེན་པའི་ཐབ་ཚང་གི་བདག་པོ་གངས་ཐིགས་ཟེར་བ་དེ་གཉིས་ནི་ཁ་ཁ་རེད་ཅེས་བཤད་འདོད་བྱུང༌། མིང་གཅིག་ཅན་གྱི་མི་འདི་གཉིས་ཀྱིས་མཁས་དབང་པད་མ་འབུམ་ལ་བཟུང་བའི་ལྟ་ཚུལ་ནི་རྦད་དེ་འགལ་བ་རེད། རྒྱུ་མཚན་ནི་ངའི་གྲོགས་པོ་གངས་ཐིགས་ཀྱིས་མིག་དཔེ་ཡར་ལྟ་དང་རྣ་བས་ཡར་ཉན་བྱེད་ས་ནི་མཁས་དབང་པད་མ་འབུམ་ལགས་ཡིན་པ་དང༌། གོང་གི་གངས་ཐིགས་མིང་ཅན་ནི་དེའི་ལྡོག་ཕྱོགས་རེད། དེར་བརྟེན་མཆོག་ཉིད་ཀྱིས་མི་དེ་གཉིས་ཀྱི་བར་ལ་ས་ཆོད་ཅིག་འཇོག་དགོས་པར་སྙམ་པ་བྱུང༌། གསལ་བཤད་འདི་ལ་བལྟས་རྗེས་ངའི་གྲོགས་པོའི་དྲིས་ལན་མྱུར་བ་སྐྱེན་ཐུང་གིས་བསྐུར་བར་ཐུགས་རྗེའི་བཀའ་དྲིན་ཞུ།
བསམ་ཚུལ་གཉིས་བཤད་རྒྱུར།
གཅིག་ནི་ལ་རྩེའི་སྐོར་ཡིན། ངས་བལྟས་ན་འདིའི་དག་ཆ་མ་ནོར་བ་ནི་ལ་བཙས་ཞེས་པ་འདི་རེད། རྒྱུ་མཚན་ནི། དང་པོ་ཚིག་འདིའི་སྒྲ་གདངས་ཀྱི་ཆ་ནས། ད་ལྟའི་ཨ་མདོའི་འབྲོག་སྐད་ལ་ལ་བཙས་ཞེས་པའི་ཚིག་འདི་ག་རང་ཐོན་བཞིན་པ་མངོན་སུམ་མྱོང་གྲུབ་རེད། དེའང་བཙས་ཀྱི་སྔོན་འཇུག་གི་སྒྲ་དག་པར་ཀློག་པའི་དབང་གིས་སྔོན་འཇུག་བ་དེ་སྔ་མའི་རྗེས་འཇུག་གི་ཚུལ་དུ་གྱུར་ཏེ་ལབ་ཙས་ཞེས་བརྗོད་པ་ལྟ་བུར་གོ་བ་ནི། ཁ་མཆུ་ལ་ཁམ་ཆུ་དང། ན་བཟའ་ལ་ནབ་ཟ་ཞེས་བརྗོད་པར་གོ་བ་དང་གཅིག་མཚུངས་ཏེ། དོན་དངོས་སུ་ཁམ་ཆུ་དང་ནབ་ཟ་ཞེས་རྗོད་ཀྱི་ཡོད་པ་ཞིག་མིན་པར་ཁ་མཆུ་སོགས་སུ་རྗོད་ཅིང་འབྲི་བ་ཡིན་ལ། ཕྱི་མའི་སྔོན་འཇུག་སྔ་མའི་རྗེས་འཇུག་གི་ཚུལ་དུ་ཐོན་པ་འདི་རིགས་ནི་ཨ་མདོའི་འབྲོག་སྐད་ལ་སྔོན་རྗེས་ཀྱི་སྒྲ་ཟུར་ཕྱིན་པར་འབྱུང་བའི་ཁྱད་ཆོས་ཤིག་ཡིན། དེས་ན་ལབ་ཙེ་དང་། ལབ་རྩེ། ལབ་བཙས་སོགས་སུ་བྲིས་པ་ནི་ལ་བཙས་ཀྱི་སྒྲ་ལ་འཁྲུལ་བ་སྟེ། ཁ་མཆུ་ལ་ཁམ་ཆུ་ཞེས་ནོར་བར་བྲིས་པ་དང་འདྲ།
གཉིས་པ་འདིའི་གོ་དོན་གྱི་ཆ་ནས་བཤད་ན། བོད་རྒྱ་ཚིག་མཛོད་ཆེན་མོར་ཚིག་འདིའི་དོན་ནི་ལ་རྩེའི་བརྩེགས་ཐོ་དར་ལྕོག་ཅན་ཞེས་འཁོད་འདུག་པ་དང། ཡང་འདི་ལ་གོ་བ་གཞན་ཞིག་སྟེ། ལ་ཡི་ཤོ་ཁྲལ་ལ་གོ་བའི་སྟེང་ནས་བལྟས་ནའང་གོ་བ་ཞིག་ཡོད་བཟོ་འདུག་སྟེ། ཆུ་བརྒལ་ནས་འགྲོ་སྐབས་གྲུ་གླའམ་གྲུ་བཙས་དགོས་པ་ལྟར་ལ་བརྒལ་ནས་འགྲོ་སྐབས་ལ་ཁྲལ་ལམ་ལ་བཙས་དགོས་པས། གནའ་སྔ་མོ་ཁྲལ་དེ་རིགས་ལེན་མཁན་གྱི་ཤོ་གམ་པ་ནི་དམག་མི་ཡིན་པ་བཤད་མ་དགོས་པར་བརྟེན། དམག་མི་ཚོས་རང་ལ་དགོས་པའི་མཚོན་ཆའི་རིགས་གླ་ཁྲལ་དུ་བླངས་ཏེ་སྤུང་གསོག་བྱས་པ་དེ་ལ་བཙས་ཏེ་ལ་ཁྲལ་རང་ཡིན་པ་ཕྱིས་སུ་རིམ་པས་ལ་ཐོའམ་ལ་ཁའི་ས་རྟགས་ལྟ་བུར་འགྱུར་བར་མ་ཟད། དེ་ལ་ཡུལ་ལྷ་གཞི་བདག་གི་གནས་བཅས་ཏེ་བསྟོད་སྲོལ་དར་བ་ཞིག་ཀྱང་ཡིན་མི་སྲིད་པ་མ་རེད་སྙམ། དེ་ཡིན་ན་ད་ལྟའི་ལ་བཙས་འདིའི་མིང་དོན་གཉིས་ཀའི་འབྱུང་ཁུངས་ནི་སྔོན་གྱི་ལ་བཙས་ཏེ་ལ་ཁྲལ་ཡིན་པར་འགྱུར། གཞན་ལ་རྩེ་དང་ལ་རྫས་སོགས་ནི་སྒྲ་དོན་གཉིས་ཆ་ནས་འདིར་འབྲེལ་བ་མེད་པར་འདོད།
བསམ་ཚུལ་གཉིས་པ་ནི་མཁས་པ་དང་མཁས་དབང་སྐོར་ཡིན། མཁས་དབང་མིང་དོན་མཚུངས་པ་ནི་ཉེ་བའི་ཆ་ལ་མཚོན་ན། བོད་ནང་ནས་མཁས་དབང་ཚེ་ཏན་ཞབས་དྲུང་དང་། མཁས་དབང་དམུ་དགེ་བསམ་གཏན། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་སོགས་དང། དེང་སང་ཨ་ལགས་དོར་ཞི་སོགས་འགའ་ཤས་ལ་མཁས་དབང་ཞེས་འབོད་བཞིན་པ་དང། བཙན་བྱོལ་ནང་ཕལ་ཆེར་མཁས་དབང་ཟམ་གདོང་རིན་པོ་ཆེ་ཙམ་རེད། དེ་དག་ནི་གཙོ་བོར་མདོ་སྔགས་རིག་གནས་དང་བཅས་པ་ལ་མཁས་པའི་མཁས་པ་ཆེན་པོ་ཡིན་པས་ན་མཁས་དབང་ཞེས་པའི་མཚན་ཐོགས་པར་ངེས་ལ། དེ་ལ་བལྟས་ན་མཁས་དབང་ཟླ་བ་ནོར་བུ་དང་མཁས་དབང་པདྨ་འབུམ་ཟེར་བ་སོགས་ནི་ཤིན་ཏུ་མི་འཚམ་པ་ཞིག་ཡིན་པ་གསལ་པོ་རེད། ཤེས་ཡོན་ཅན་ཡིན་ཚད་ལ་མཁས་པ་དང་མཁས་དབང་ཞེས་སྤྲེལ་ལད་ཀྱི་ཚུལ་དུ་སྦྱོར་བ་འདི་བཙན་བྱོལ་ནང་ལྷག་པར་དར་ཆེ་བ་ནི་བཟང་རྟགས་ཤིག་མིན་ཏེ། བཙན་བྱོལ་ནང་གི་མི་དེ་རིགས་རང་ཉིད་ལ་ཤེས་ཡོན་མེད་པས་མཁས་པའི་གོ་དོན་ནམ་ཚད་གཞི་མ་ཤེས་པར་ཤེས་ཡོན་ཏོག་ཙམ་ཡོད་མཁན་ཞིག་ལ་ཐུག་ཚེ་ལམ་སེང་མཁས་པ་དང་མཁས་དབང་ཞེས་འབོད་རྐྱང་བྱེད་པ་འདིས། མི་རང་ཉིད་ལ་ཤེས་ཡོན་མེད་པ་དང་རང་གི་ཁོར་ཡུག་ལ་མཁས་པ་མེད་པ་གཉིས་ཀའི་རང་མཚང་དུས་གཅིག་ཏུ་བསྟན་པར་སྣང། དེས་ན་མཁས་པའི་གོ་དོན་དང་མཁས་པའི་མིང་འདོགས་སྟངས་ནི་ས་སྐྱའི་མཁས་འཇུག་ལས། མཁས་གང་ཤེས་བྱའི་དེ་ཁོ་ན།།ཇི་བཞིན་རྟོགས་པ་ཡིན་པར་འདོད།།བྱེ་བྲག་སྦྱངས་པའི་དོན་ཤེས་པ།།དེ་ཡང་དེ་ལ་མཁས་ཞེས་བྱ།།ཞེས་གསུངས་པ་ལྟར་བྱས་ན་ལེགས་སོ།།
རྐང་རྗེན་མས་བཤད་པ་འདི་ལ་རྒྱུ་མཚན་འདུག མ་གཞི་ནས་ཁོང་གི་བྲིས་ཆ་དེ་དག་པོ་དང་གསལ་པོ་འདུག
ཁྱོད་ཀྱི་བཤེས་གཉེན་སུ་ཡིན་ནམ། དགེ་རྒན་ཡག་པོ་ཞིག་ཡོད་ཚོད།
ད་ཕལ་ཆེར་རྫོགས་ཚར་པ་འདྲ་
ད་ང་རང་འདི་ལ་མཆན་འགོད་མཁན་རྗེས་མ་དེ་ཡིན་ས་རེད། ཐུག་པ་འདིའི་ནང་ལ་ཚྭ་ཉུང་ཉུང་ཅིག་མ་བརྒྱབ་ན་བྲོ་བ་ཁོ་རང་མི་འདུག
པདྨ་འབུམ་གྱིས་ལོ་བའི་ཉག་ཀ་ན་ལབ་ཙེ་བསྟད་ཡོད་ནོ་མཐོང་མྱོང་ཡོད་ནི་རེད། ཡིན་ན་ཡང་རྒྱ་གར་ཚ་བ་ལུང་བ་ནས་རྗེས་སོང་ནི་རེད། དེ་ཁོ་ལ་ཅི་ཁག ངས་མ་ནི་ཡང་བརྗེད་ཚར་འདུག དེ་རྐྱེན་གྱིས་ཁོང་གིས་ལབ་ཙེ་ཡོད་ཚད་ལ་རྩེ་ན་ཡོད་དགོས་པའི་འགྲེལ་བཤད་ཤོད་དགོས་བྱུང་བ་ཡིན་རྒྱུ་མ་རེད། ཁོང་གིས་ཞྭ་དམར་དགེ་འདུན་བསྟན་འཛིན་གྱི་ལབ་ཙེའི་མཆོད་ཆོག་ནང༌། བཙན་པོའི་ལབ་ཙེ་རི་ཡི་རྩེ་མོ་དང༌།། འཕན་པོའི་ལབ་ཙེ་རི་ཡི་ཁིས་ཁ་སྟེ།། ཕྱུག་པོའི་ལབ་ཙེ་རི་ཤོད་ཀླུང་དུ་བརྩིགས།། ཡུལ་མིའི་བཙན་ཕྱུགས་ཕན་གསུམ་དར་བར་བྱས། གསུངས་པ་དེ་ཚོ་ཡང་གཟིགས་ཡོད་ཚོད་རེད། ཡིན་ན་ཡང་ཁོང་གིས་ཐུགས་ལ་རི་སྟེང་གི་ལབ་ཙེ་མ་གཏོགས་ཁིས་ཁའི་ལབ་ཙེ་དང་རི་ཤོད་ཀྱི་ལབ་ཙེ་སོགས་ནི་བོན་ཆོས་མིན་པས་ནང་བསྟན་གྱིས་བོན་ལ་ལྷན་པ་བརྒྱབ་པ་མིན་འགྲོ་དྲན་ནས་བོན་གྱི་དཔེ་མཛོད་དེ་ཚོ་ས་བསྔོགས་རྡོ་བསྔོགས་བྱས་ནས་ཁུངས་དག་མ་ཅིག་བརྙེད་ཡོད་ནི་རེད། རྗེས་ནས་དྲན་པ་སོས་ན་གསར་བུ་རྣམས་ལ་སྟོན་ནི་རེད། ལབ་ཙེ་འདི་བོན་ལུགས་ཡིན་པ་ཐུའུ་བཀྭན་གྲུབ་ན་ཡང་གསུང་གི་ཡོད་པ་དྲན་གི
ཡང་ཁོང་གིས་དཔེ་མཛོད་ལ་ལ་རྩེ་ཅེས་བཏགས་པ་ལོས་འགྲིགས དེ་ལ་སུས་ཀྱང་འགོག་དགོས་པ་ཡང་མི་འདུག་ལ་བཀག་ན་ཡང་འགྲིག་རྒྱུ་མ་རེད། ད་དུང་ཁོང་གིས་ལ་མཐོན་པོའི་སྟེང་གི་ལབ་ཙེ་ལྟར་དཔེ་མཛོད་འདི་འཛམ་གླིང་རིལ་བོ་འདིའི་སྒང་ན་གྲོང་ངེར་འགྱིངས་པ་དང་། ལབ་ཙེ་བསྟད་ན་བོད་ཁམས་སྐྱོང་བའི་ཡུལ་ལྷ་གཞི་ཚང་མས་བོད་ལ་རྒྱབ་རྟེན་དང་དཔུང་གཉེན་གྱི་བྱ་ར་བྱེད་པ་བཞིན་དུ། དཔེ་མཛོད་འདིས་ཀྱང་བོད་པའི་སྐྱ་བོའི་རིག་གནས་འདི་ས་ཁྱབ་རྡོ་ཁྱབ་དུ་སྤེལ་ཐུབ་པའི་ཐུགས་སྨོན་ཀྱང་བྱས་ཡོད་ན་ཐང་།
དེ་ནས་མཁས་དབང་གི་སྐོར་ལ་རྩོད་པ་འདྲ་བོ་ཅིག་རྒྱག་གི་འདུག་ག མཁས་པའི་སྐོར་ལ་ས་སྐྱ་བླ་མའི་ལེགས་བཤད་ཀྱི་མཁས་པ་བརྟག་པའི་རབ་བྱེད་ན་མང་དག་ཅིག་གསུངས་འདུག དོན་བསྡུས་ན་རང་ཉིད་ཀྱིས་སྦྱང་བའི་ཡོན་ཏན་ལ་ཁ་བཤད་ཁོ་ནའི་བྱང་ཆ་ཙམ་མ་ཡིན་པར། ལག་ལེན་དོན་དངོས་ཐོག་ནས་ཀྱང་བྱང་ཆ་ཡོད་པ་ཅིག་བཞག་ན་དེ་ཡག་པོ་འདུག འོན་ཀྱང་༼བ་ལང་རྒན་གཞོན་དཔྱོད་པ་ལ།།བླུན་པོ་མཁས་ཀྱང་ཡོན་ཏན་མིན༽གསུངས་འདུག དབང་གི་དོན་ནི་རང་གི་ཡུལ་ལ་དབང་བྱེད་པས་ན་དབང་ཟེར་པ་ངེས་ཚིག་སྟེང་ནས་བཤད་ཀྱི་ཡོད། དེས་ན་མཁས་དབང་ཟེར་བ་ནི་རང་གི་སྦྱང་བྱའི་ཡོན་ཏན་དེ་ཉིད་ཁ་ཡོད་ལག་ཡོད་ཐོག་ནས་བེད་སྤྱོད་བྱེད་པར་དབང་འབྱོར་བ་འམ་བྱང་ཆ་ཡོད་པ་ཅིག་ལ་ཟེར། འོན་ཀྱང་མཁས་དབང་ཟེར་བ་འདི་ལ་རང་གི་བོད་ཚིག་སྟེང་ནས་འགྲེལ་བཤད་བྱས་ན་ཡག་པོ་མེད་འགྲོ་བསམ། དབྱིན་ཡིག་གི་སྟེང་ནས་འགྲེལ་བཤད་འདྲ་བོ་ཅིག་བརྒྱབ་ནས་ཚུར་བོད་ཡིག་ལ་སྦྱར་ན་འབྲེལ་ཆགས་མིན་མི་ཤེས་གི
ཡང་མཁས་པ་ཟེར་ན་དེའི་སྟེང་ན་མཁས་པ་མེད་པ་ལྟ་བུར་གོ་མི་དགོས། ས་སྐྱ་བླ་མ་རེད་འདའ་བས། རྗེ་ཙོང་ཁ་པ་ལ། ༼གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ།།༽ཅེས་ཆེས་བསྟོད་མཛད་མྱོང་། ཡང་མཁས་དབང་ཟེར་ན་ཡང་དེའི་ཡན་ལ་མཁས་པ་མེད་པ་ཅིག་ཡིན་དགོས་ས་མ་རེད། མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་རང་ཉིད་ལ། ༼སྙན་ངག་དབང་བོ་ཀུན་གྱི་མགོ་བོ་ལ།། ཚིག་གི་གོམས་པ་འགོད་མཁས་དགེ་ལེགས་དཔལ།།༽ཅེས་གསུངས་ནས་གཞན་པ་དེ་ཚོ་ཡང་སྙན་ངག་ལ་མཁས་དབང་ཡིན་ན་ཡང་། ཕྱག་དཔེ་འདི་རྩོམ་དུས་རང་ཉིད་དེ་དག་ལས་ཀྱང་མཁས་པར་བསྟན་མྱོང་ཡོད་པ་རེད། དེས་ན་པདྨ་འབུམ་མཁས་དབང་ཡིན་མིན་དེ་རྩོད་པ་ཅིག་མ་རེད་ལ། བརྩད་ན་དགེ་མཚན་ཡང་མེད་སྙམ། དེ་ལས་ཁོང་གིས་བོད་ཀྱི་སྐྱ་བོའི་རིག་གནས་ཕྱག་ལས་གནང་སྟངས་ཐད་བསམ་ཚུལ་མང་ཙམ་བཏོན་ན་དགེ་མཚན་ཆེ་ས་རེད།། ༎
ད་དེ་རིང་གཉིད་ལྕོག་རྒྱག་གི་ཡོད་གི་ཉལ་རྒྱུ་ཡིན། ད་གྲོགས་ཚོ་གཟིམ་ཆ་གནང་གོ། །།
༼མཁས་དབང་ཞེས་པའི་ཚིག་གི་གོ་དོན༽
མང་པོ་ཞིག་གིས། མཁས་པ་དང་མཁས་དབང་གཉིས་གཅིག་མཚུངས་སུ་བེད་སྤྱོད་བྱེད་ཀྱི་ཡོད་པའི་སྣང་བ་ཞིག་འཆར། དེ་གཉིས་ལ་ནི་གནམ་སའི་ཁྱད་པར་ཡོད། མཁས་དབང་ཞེས་པ་ནི། མཁས་པའི་དབང་པོ་སྟེ། མཁས་པ་ཐམས་ཅད་ཀྱི་ནང་ནས་གཙོ་བོའམ་མཆོག་ཅེས་པའི་དོན་རེད། དཔེར་ན་སངས་རྒྱས་ལ་ཐུབ་པའི་དབང་པོ་ཟེར་བ་དང་། རྒྱལ་པོ་ལ་མིའི་དབང་པོ་ཟེར་བ་ལྟ་བུའོ། །མདོར་བསྡུས་ན། མཁས་དབང་ཟེར་བ་ནི། མཁས་པའི་ནང་ནས་མཁས་པ་ཟེར་བའི་ཚོད་རེད།
ཁོ་བོ་ནི་མཁས་དབང་ཞེས་པའི་ཚིག་ཙམ་ལ་དོགས་པ་གཅོད་པ་ལས། གང་ལ་མཁས་དབང་ཞེས་བརྗོད་རིགས་མི་རིགས་རྩོད་པ་ནི་བྱེད་ཀྱི་མེད་དོ། །
ཚང་མས་ལབ་ཙེ་དང་། ལ་རྩེ་སོགས་ལ་དོགས་གཅོད་ལེགས་པོ་གནང་སོང་བར་ཐུགས་རྗེ་ཆེ།
སྒོམ་སྡེ་ལྷ་རམས་པ་ཡིན་ན་འདི་གཡའ་ཟིག་བྱོས། ངས་ཚྭ་ཅིག་བཏབ་ན་ཁོས་ཚུའུ་བརྒྱབ་ཡོང་གི་འདུག ད་ཐུག་པ་འདི་འཐུང་སྲོལ་མི་འདུག
འ་རོགས་སྒོམ་སྡེ་ལགས། ངས་དབང་པོའི་ངེས་ཚིག་བཤད་པ་དེའི་ཁུངས་དབང་པོ་ཉེར་གཉིས་བཤད་པའི་སྐབས་ལ་ཡོད། ཁྱེད་རང་གིས་དབང་པོའི་གོ་དོན་བཤད་པ་དེའི་ཁུངས་གང་ན་ཡོད། གོང་གི་རྒད་པོ་ཚང་མས་ཅིག་བཤད་ན་ཡོངས་རྫོགས་ལ་ཁུངས་འདུག་ག
གཞོན་ནུ་ལགས་སུ།
ཨ་ཙི་རྒན་ལགས། ཁྱེད་ཀྱིས་བོད་རྒྱ་ཚིག་མཛོད་ཆེན་མོ་དང་། དག་ཡིག་གསར་བསྒྲིགས་སོགས་མ་གཟིགས་སམ། དེ་རུ་དབང་པོའི་གོ་དོན་ག་རེ་གསུངས་འདུག་གམ། ལར་ནས་དབང་པོའི་གོ་དོན་འདི་ས་གྲགས་གནམ་གྲགས་ཤིག་ཡིན་པ་མ་མཁྱེན་ཏམ།
སྤྱིར་ན་ཁྱེད་ཀྱིས་དབང་པོའི་གོ་དོན་བཤད་པར་སྐྱོན་བརྗོད་ཞུ་གི་མེད། ཁྱེད་ནས་སླ་བ་ཞིག་དཀའ་རུ་བཏང་བ་དེར་ཟུར་གཏམ་སྨྲས་པ་ཡིན།
ཁྱེད་ནས་“དབང་པོའི”ངེས་ཚིག་མཛོད་ལ་ཁུངས་གཏུགས་ཚུལ་གསུངས་པ་ལ་འདི་ལྟར། མཛོད་གནས་གཉིས་པ་དབང་པོ་བསྟན་པའི་སྐབས་སུ། མཆིམས་མཛོད་དུ་ས་བཅད་ཆེན་པོ་དྲུག་ལས། དང་པོ་དབང་པོའི་མཚན་ཉིད། གཉིས་པ་དབང་པོའི་གྲངས་ངེས། གསུམ་པ་དབང་པོའི་ངོ་བོ། བཞི་པ་དབང་པོའི་རྣམ་དབྱེ། ལྔ་པ་དབང་པོའི་འཐོབ་གཏོང་། དྲུག་པ་དབང་པོའི་ལྡན་ཚུལ་བཤད་པ་དང་དྲུག་གོ། འདི་ལ་ལེགས་པོ་གཟིགས་དང་དབང་པོའི་ངེས་ཚིག་ཟེར་བ་ཞིག་འདུག་གམ། ཁྱེད་ནས་དབང་པོའི་མཚན་ཉིད་ལ་ངེས་ཚིག་ཡིན་ཞེས་བཙན་ཤེད་གནང་གིན་བཞུགས་པ་མ་ཡིན་ནམ།
སྤྱིར་ན་དབང་པོའི་སྒྲ་དོན་ནི་དབང་བསྒྱུར་བ་ལ་ཟེར་ཏེ། “རྗེའི་དགོངས་པ་རབ་གསལ་ལས། ཐུབ་པའི་སྒྲ་ནི་ཉན་རང་དགྲ་བཅོམ་ལ་ཡང་འཇུག་མོད་ཀྱང་། ཐུབ་པའི་དབང་པོ་མིན་པས་སངས་རྒྱས་ཉིད་ལ་ཐུབ་པའི་དབང་པོ་ཞེས་བྱ་སྟེ། ཉན་རང་དང་བྱང་སེམས་རྣམས་ལས་ཀྱང་གོང་ན་མེད་པའི་ཆོས་ཀྱི་དབང་ཕྱུག་དམ་པ་བརྙེས་པ་དང་། གང་ཟག་གསུམ་པ་དེ་སངས་རྒྱས་ཀྱི་བཀས་ཆོས་ཀྱི་སྲིད་ལ་མངའ་བསྒྱུར་བའི་ཕྱིར།” ཞེས་གསུངས།
ཁྱེད་ནས་སྒྲ་བཤད་ལ་ངེས་ཚིག་གསུང་སྟངས་ལ་བལྟས་ན་སྒྲ་བཤད་དང་ངེས་ཚིག་ལ་ཁྱད་པར་ཕྲ་མོ་ཞིག་ཡོད་པ་དེ་མཁྱེན་གྱི་ཨེ་ཡོད་སྙམ།
ཐུགས་རྗེ་གཟིགས། གོང་གི་གཡའ་ཟིག་ཅེས་པའི་ཚིག་དེ་ཆོལ་ཁ་གསུམ་དང་མཁས་བླུན་ཚང་མས་གོ་ཐུབ་པའི་ཚིག་ཅིག་ཏུ་གསུང་རོགས།
གཞོན་ནུ་ལགས་སུ།
ཚིག་རྩུབ་ཅུང་ཟད་ཤོར་བར་དགོངས་དག་ཞུ།
སྣོན་མ།
དབང་བསྒྱུར་བའམ། དབང་སྒྱུར་བ་པོ་ལ།
ཁ་བརྡའི་སྒང་གི་མཆན་བུ་འདེབས་མཁན་ཚོས་ཞིབ་འཇུག་དང་དཔྱད་ཞིབ་ཀྱི་བློ་སྔོན་དུ་བཏང་ནས་སོ་སོའི་བསམ་ཚུལ་ལྷུག་བརྗོད་བྱེད་བཞིན་པར་རྗེས་སུ་ཡི་རངས་ཞུ།
དེ་རིང་ཁྱེད་ཚོས་དབང་པོའི་སྐོར་སྐད་ཆ་ཤོད་ཀྱི་ཡོད་དམ། ངས་བལྟས་ན་དབང་པོ་ལ་བསམ་བློ་ཞིབ་ཚགས་མ་བཏང་བར་གོ་བ་བླངས་ན། གཙོ་བོ་དང་རྒྱལ་པོ་ལྟ་བུ་སོགས་དང་གོ་དོན་གཅིག་པ་ཡིན་པ་དང་། ཞིབ་ཏུ་བསམ་ན། གཙོ་བོ། དབང་པོ། རྒྱལ་པོ་སོགས་ཀྱི་གོ་དོན་ལའང་ཁྱད་པར་ཡོད་པ་རེད། འདི་ལ་ཡིན་མིན་གྱི་མུ་དབྱེ་རྒྱུ་ཞེ་དྲག་ཡོད་པ་རེད་སྙམ། གཙོ། དབང། རྒྱལ་སོགས་ཀྱི་གོ་དོན་ཁ་ཁ་ཡིན་པ་ལྟར་བསམ་བློ་བཏང་ན་ཁྱེད་ལ་དེའི་གོ་དོན་རྙེད་ངེས།
སྒོམ་སྡེ་ལྷ་རམས་པས། དབང་བསྒྱུར་བའམ། དབང་སྒྱུར་བ་པོ་ཞེས་སྣོན་རྒྱབ་ཡོད་པ་དེ་ལས་འཕྲོས་ཏེ་བསམ་བློ་བཏང་ནའང་ཁྱེད་ལ་གོ་དོན་ངོ་མ་དེ་རྙེད་སྲིད།
ཨ་རོགས་སྒོམ་སྡེ་ངས་ཁྱོད་ལ་༼མཁས་དབང་ཞེས་པ་ནི། མཁས་པའི་དབང་པོ་སྟེ། མཁས་པ་ཐམས་ཅད་ཀྱི་ནང་ནས་གཙོ་བོའམ་མཆོག་ཅེས་པའི་དོན་རེད།༽འདིས་ཁུངས་ཁས་ཤོག་ཟེར་ན། ཁྱེད་ཀྱིས་༼སྤྱིར་ན་དབང་པོའི་སྒྲ་དོན་ནི་དབང་བསྒྱུར་བ་ལ་ཟེར་ཏེ། “རྗེའི་དགོངས་པ་རབ་གསལ་ལས། ཐུབ་པའི་སྒྲ་ནི་ཉན་རང་དགྲ་བཅོམ་ལ་ཡང་འཇུག་མོད་ཀྱང་། ཐུབ་པའི་དབང་པོ་མིན་པས་སངས་རྒྱས་ཉིད་ལ་ཐུབ་པའི་དབང་པོ་ཞེས་བྱ་སྟེ། ཉན་རང་དང་བྱང་སེམས་རྣམས་ལས་ཀྱང་གོང་ན་མེད་པའི་ཆོས་ཀྱི་དབང་ཕྱུག་དམ་པ་བརྙེས་པ་དང་། གང་ཟག་གསུམ་པ་དེ་སངས་རྒྱས་ཀྱི་བཀས་ཆོས་ཀྱི་སྲིད་ལ་མངའ་བསྒྱུར་བའི་ཕྱིར།” ཞེས་གསུངས།༽ཟེར་བ་འདི་ངས་བཤད་པ་༼དབང་གི་དོན་ནི་རང་གི་ཡུལ་ལ་དབང་བྱེད་པས་ན་དབང་ཟེར་པ་ངེས་ཚིག་སྟེང་ནས་བཤད་ཀྱི་ཡོད།༽ཅེས་པ་འདིའི་སྒྲུབ་བྱེད་དང་ཐག་ཉེ་པོ་འདུག་ག འདི་ཁྱོད་ཀྱི་དེའི་ཁུངས་སུ་ཅི་ལྟར་དྲང་པ་ཡིན།
ཡང་དབང་པོ་ཉེར་གཉིས་བཤད་ས་ཡིན་གཅིག་མིན་གཅིག་མཆིམས་མཛོད་ཡིན་དགོས་ནི་མ་རེད། ངའི་ཁ་ཕོར་ནང་ན་ཡང་ཤ་ཡོད་ཆོག་ནི་རེད།
ཡ་ད་གཡའ་ཟིག་ལ་འགྲེལ་བཤད་གནང་གི་ཡིན། གཟབ་གཟབ་བྱས་ནས་ཉོན་ཨང་ལྷ་རམས་པ་ལགས། གཡན་པ་རྨ་རིགས་ཅིག གཡའ་བ་དེའི་ཚོར་བ་ཟིག་སྟེ། ཟ་འཕྲིག་ལ་ཡང་གོ དེས་ན་གཡན་པ་གཡའ་བའམ་ཟ་འཕྲིག་ལངས་པའི་ཚེ་ན་འཕྲིག་སྙིང་འདོད། དཔེར་ན་སྤྱོད་འཇུག་ལས༼གཡན་པ་འཕྲུག་ན་བདེ་བ་སྟེ།། གཡན་པ་མེད་ན་དེ་ལས་བདེ།།༽གསུངས་པ་ལྟར་དང་། ཡང་སྡེ་ཚ་སྐམ་པོ་དགེ་འདུན་ཆོས་འཕེལ་གྱི་འདོད་པའི་བསྟན་བཅོས་ན་འདི་འདྲ་ཞིག་ཡོད། ༼འདོམས་སྤུ་སྟུག་ཅིང་གཡའ་ཆུ་འབྱིན་པར་སླ། །༽ ད་གཡའ་ཟེར་ན་གསལ་གསལ་ཐང་ཐང་གོ་ཡོད་ཚོད། དགེ་བཤེས་ལགས་ལ་འདོད་པའི་བསྟན་བཅོས་ཀྱི་ལུང་ཕུལ་བ་དགོངས་དག དུ་དུང་མཆིམས་མཛོད་ན་སྐྱི་གཡའ་བ་དང་། བྱ་མྱངས་སོགས་ཀྱང་སེམས་བྱུང་རེད་ཅེས་སྡེ་བ་གཞན་ཟིག་གི་ལུགས་ལ་དྲངས་ཡོད་དྲན་གི ཡིན་ན་ཡང་འདི་གསལ་པོ་ཅིག་དྲན་གི་མི་འདུག གང་ལྟར་མངོན་པ་གོང་འོག་གཉིས་མ་རེད།
ཟིག་ནི་བརྡ་སྤྲོད་ནང་གི་ཚིག་ཕྲད་ཅིག་ཞིག་ཤིག་གསུམ་དང་དོན་འདྲ་སྟེ། བློ་སྦྱོང་ཏིང་རི་བརྒྱ་རྩ་མར་༼ཏིང་རི་བ་རྣམས་ཅི་ཟིག་བྱེད༽ཅེས་བྲིས་འདུག འདི་འབྲི་མཁན་ཆོལ་ཁ་གསུམ་གང་ནས་ཡིན་པ་ཨེ་ཤེས་ཐལ་ལྷ་རམས་པ་ལགས།
མདོར་ན་གཡའ་ཟིག་བྱོས་ཟེར་ན་ཟ་འཕྲུག་ཅིག་སློངས་ཅེས་པའི་དོན་རེད། གཞི་ཆགས་ཀྱི་སྐད་དུ་ཨེ་ཙུ་ཀོ་ལེ་ཞིག་སློངས། ཡང་ན་ཁྱོད་རང་གི་སྐབས་འདིར་ནམ་མཁའ་གཡའ་དག་དང་། ས་གཞི་རྡུལ་དག་ཟིག་བྱོས་ཅེས་པར་གོ་ན་ཡང་འགྲིགས་པས། འདི་ལྟར་བཤད་ན་འེ་གོ་ཐལ། འདི་ལས་ལྷག་ཅིག་ཆོལ་ཁ་གསུམ་གང་གི་མི་ལ་ཡང་གསལ་བཤད་བྱེད་དགོས་ནི་མ་རེད། མཁས་པར་ལྟ་ཅི་བླུན་པོ་ལ་ཡང་བཤད་དགོས་ནི་མ་རེད་ཡའ།
སྒོམ་སྡེ་ལགས་ངས་ཁྱོད་ལ་གསལ་གསལ་ཏག་ཏག་ཞུས་ཡོད་དོ། བརྗེད་གི་མ་འཇུག་འ། ད་ཡིན་ན་སྒྲ་བཤད་དང་ངེས་ཚིག་གཉིས་ཀྱི་མི་འདྲ་ས་དེ་ལུང་ཁུངས་དང་བཅས་གསུངས་དུ་གསོལ་ལོ་ཅེས་མནྟལ་རྟེན་དོད་ཨ་སྒོར་༡༠༠ཕུལ།། །།
གཞོན་ནུ་ཟླ་མེད་ལགས་སུ།
འགྲེལ་བཤད་གསལ་ཞིང་གསལ་བ་གནང་བར་བཀའ་དྲིན་ཆེ།
ངེད་ནས་ཚིག་རྩུབ་རེ་ཟུང་སྨྲས་པར་དགོངས་འཚོམས་བྱུང་མེད་དམ་སྙམ་ཡང་། བྱུང་མི་འདུག རྗེས་སུ་ཡི་རངས་ཡོད། ཆོས་པ་ཟེར་ན་དེ་འདྲ་ཞིག་དགོས་པ་རེད།
ངེས་ཚིག སྒྲ་བཤད། སྒྲ་དོན། ཚིག་དོན། མིང་དོན། མིང་གི་རྒྱུ་མཚན་བརྗོད་པའི་ཚིག་རྣམས་
མིང་གི་རྣམ་གྲངས་ཡིན། འོན་ཀྱང་སཾ་སྐྲྀ་ཏའི་ཚིག་གི་འབྲུ་འགྲེལ་བྱེད་པ་ན་ངེས་ཚིག་ཅེས་ཟེར་
གྱི་སྒྲ་བཤད་ཅེས་ཟེར་སྲོལ་མེད་པ་ནི་འདི་གཉིས་ཀྱི་ཁྱད་པར་ཕྲ་མོའོ། །
གཞན་ཡང་ངེས་ཚིག་ཅེས་བརྗོད་ཚེ་སཾ་སྐྲྀ་ཏའི་མིང་ཚིག་ཅིག་གི་འབྲུ་འགྲེལ་བྱེད་པ་ལ་གོ་བ་ཤས་
ཆེ་བའང་འདི་གཉིས་ཀྱི་ཁྱད་པར་རོ། །
ཕྱག་དཔེ་གཟིགས་དུས་བློའི་ཟུར་ཞིག་གིས་དེ་ལྟའི་གནད་ཕྲ་མོ་རྣམས་ལ་ཐུགས་སྣང་དགོས་རྒྱུ་
གལ་ཆེན་པོ་རེད།
ངེད་ཀྱི་བླ་མ་རིན་པོ་ཆེས། དཔེ་ཆ་བལྟ་དུས་བློའི་ཟུར་ཞིག་གིས་དག་ཆ་ལ་དོ་སྣང་བྱེད་དགོས་
རེད་ཅེས་གསུང་བ་ཡང་གདམས་ངག་ཅིག་ཏུ་སྣང་ངོ་། །
ཟིན་བྲིས་རོག་རམ་གནང་རོག་ཞུ།་
མགོན་པོ་ཕྱག་གཉིས་ཡིན་ནས་ན་འདིས་འབེམ་ལ་མ་བལྟས་པར་མདའ་འཕེན་རྒྱུར་དགའ་མཁན་ཅིག་རེད་འདུག འདི་འདྲའི་སྐབས་ལ་རགས་བཤད་དང་སྦོམ་བཤད་འགྲོ་ས་ཡོད་ནི་མ་རེད། དང་པོ་ངས་དབང་བོའི་དོན་ལ་གང་བཞག་འདུག སྒྲུབ་བཤད་གང་གི་ཕྱོགས་ན་ཡོད་གི དེ་ནས་སྒོམ་སྡེ་ནས་དབང་བོའི་དོན་ལ་ཅི་འཇོག་གི་འདུག སྒྲུབ་བཤད་གང་བཀོད་གི་འདུག དེ་ནས་དོགས་གཅོད་ཅི་ལྟར་བཤད་གི་འདུག འདི་ཚོ་ལ་བཤད་མི་ཤེས་ནས་ཉན་བསྡན་ན་མཛེས་ནི་རེད་ཡའ་དྲིན་ཆེན་པོ།། །།
གཞོན་ནུ། ཁྱེད་རང་གིས་ཀྱང་ཞིབ་ཚགས་པོ་གང་ཡང་བཤད་མི་འདུག་ག ངས་ཁྱེད་ཚོའི་ཉོག་མཆན་རིང་པོ་དེ་ཚོ་རེ་རེ་བྱས་ནས་ཀློག་མེད། ག་རེ་རེད་ཟེར་ན་ཟླ་ཤས་ཀྱི་གོང་ནས་ངེད་ཚོས་མཁས་དབང་སྐོར་བགྲོ་གླེང་བྱས་ཟིན་པ་ཡིན། ཁ་སང་མཆན་གསར་བ་རིང་པོ་དེ་ཚོར་རོབ་ལྟ་རེ་བྱས། ཐུང་་ཐུང་དེ་ཚོ་ཀློག་གི་ཀློག་གི་ཕྱིན་པ་ཡིན། ཁྱེད་ཚོས་དོན་དག་གཙོ་བོ་གང་ཞིག་བཤད་ཀྱི་ཡོད་པ་ཧ་གོ་སོང་།
སྤྱིར་བཏང་དབང་པོའི་འགྲེལ་བཤད་རྒྱག་སྐབས་གཙོ་བོ། རྒྱལ་པོ། མཆོག་ཅེས་རོབ་བཤད་རེ་བྱས་ནས་འགྲོ་གི་ཡོད་པས། ངས་འགའ་རེས་དེའི་གོ་དོན་ངོ་མ་ཅི་ཡིན་ཤེས་ཀྱི་ཨེ་ཡོད་བསམས་ནས་དེ་ཚོར་ཁྱད་པར་ཡོད་པའི་སྐོར་ཐུང་ངུ་ཞིག་ལས་འབྲི་མ་ཐུབ། སྒོམ་སྡེའི་དབང་བསྒྱུར་བའམ་སྒྱུར་བ་པོ་ཟེར་བའི་སྣོན་མ་ཐུང་ཐུང་ཞིག་བྱས་ཡོད་པ་དེ་ངས་ལམ་སང་མཐོང་སོང་བས་དེ་ལས་འཕྲོས་ཏེ་བསམ་བློ་བཏང་ན་གོ་དོན་ངོ་མ་རྙེད་གི་རེད་བྲིས་པ་ཡིན། དེ་ཡང་ཁྱེད་ལ་བྲིས་པ་མིན་པས་ཁྱེད་རང་འཕར་དགོས་དོན་ཅང་མི་འདུག
ད་ལྟ་ཁྱེད་རང་གི་མཆན་དེ་ཐེངས་གཅིག་ཀློག་པ་ཡིན། ཁྱེད་རང་གིས་ཀྱང་ཡུལ་ལ་དབང་བྱེད་པ་ཞེས་འགྲེལ་འདུག ངས་སྒོམ་སྡེའི་འགྲེལ་དེ་ལུང་དྲངས་ཁྱེད་རང་གི་འགྲེལ་དེ་མ་མཐོང་བར་ལུས་འདུག་པར་ཁྱེད་རླུང་འཕར་བ་ཡིན་པ་འདྲ།
འོ་་་་ ད་ཡིན་ན་ཐུག་པ་འདི་ལ་བྲོ་བ་སླེབས་འདུག ད་དུང་འབྲུག་གི་སུར་པན་ཡང་བརྒྱབ་འདུག
༼ལ་བཙས་ལ་སླར་ཡང་དཔྱད་པར་བྱའོ༽
“ལ་བཙས”ནི། ལ་རྩེར་ཆགས་པའི་རྟེན་ཁང་གི་མིང་ཡིན་པ་ནི་ཐུན་མོང་བའོ། །
སྒྲ་བཤད་ནི། ལ་ནི་རིའི་དོན་དང་། བཙས་ནི་འདིར་“སྐྱབས”ཀྱི་དོན་ཡིན། དཔེར་ན་ལྷས་སྐྱབས་ལ། ལྷས་བཙས་ཟེར་བ་ལྟ་བུའོ། ། (འགོས་ཁུག་པ་ལྷས་བཙས་ལྟ་བུ)
ཅུང་ཟད་སྤྲོས་ཏེ་བཤད་ན། བཙས་ནི་མིག་ཧུ་རེར་བལྟ་བ་དང་བྱ་ར་བྱེད་པ། སྲུང་སྐྱོབ་བམ་སྐྱབས་བཅས་ཀྱི་དོན། སློབ་དཔོན་དཔའ་བོས། ཁྱོད་ཀྱི་བསྟན་ལས་ཕྱིར་ཕྱོགས་པའི། །སྐྱེ་བོ་མ་རིག་གིས་ལྡོངས་པ། །སྲིད་རྩེའི་བར་དུ་སོང་ནས་ཀྱང༌། །སྡུག་བསྔལ་ཡང་འབྱུང་སྲིད་པ་འགྲུབ། །ཁྱོད་ཀྱི་བསྟན་པའི་རྗེས་འབྲང་བ། །བསམ་གཏན་དངོས་གཞི་མ་ཐོབ་ཀྱང༌། །བདུད་ཀྱི་མིག་རས་བཙའ་བཞིན་དུ། །སྲིད་པ་དག་ནི་ལྡོག་པར་བྱེད། །ཅེས་གསུངས་པ་ལྟར་རོ། །
བསྡུས་དོན་ནི། ལ་རྩེར་ཡོད་ཅིང་ཡུལ་མི་སྲུང་སྐྱོབ་བྱེད་མཁན་གྱི་ཡུལ་ལྷ་གཞི་བདག་སོགས་ཀྱི་རྟེན་ཁང་ཡིན་པས་ན། ལ་བཙས་ཟེར་བ་འདྲའོ། །
ཡང་གཞན་དག་གིས། ཙེ་ནི་ཞང་ཞུང་གི་སྐད་དེ་སྣོད་ཀྱི་དོན་ཡིན། དཔེར་ན་དཔེ་ཆ་འཇུག་སའི་སྣོད་ལ་གབ་ཙེ་ཟེར་བ་བཞིན་ནོ། །ཞེས་པའང་སྣང་ངོ་། །
རྡོ་འབུམ་ཞེས་པའི་འབུམ། སྤུངས་པའི་དོན་རེད་དམ། འདི་ལ་གསལ་བཤད་ཅིག་གནང་རོགས།
ལ་བཙས། ལ་སྐྱབས།
རྡོ་འབུམ་ཟེར་ནས་གང་ལ་བྲིས་འདུག་ལགས། འདི་ལ་དེང་སང་གི་དཔེ་དེབ་དང་རྩོམ་ཡིག་དེ་འདྲའི་ཁུངས་དྲིས་པ་མིན། བྱུང་ན་༡༩༥༩ ལོའི་སྔོན་གྱི་དཔེ་དེབ་ཅིག་གི་ཁུངས་གསུངས་རྒྱུ་མཁྱེན། གང་ཡིན་ཟེར་ན། ངས་ཨ་མདོ་ནས་རྡེའུ་འབུམ་མང་པོ་མཐོང་མྱོང་ལ་དེར་དམངས་ཁྲོད་དུ་རྡེའུ་འབུམ་ཟེར་བ་མ་གཏོགས་རྡོ་འབུམ་མི་ཟེར་གི ད་རུང་དེ་བརྩིགས་དུས་རྡེའུ་མང་པོ་སྤུངས་ཏེ་དེའི་རྩེ་ལ་རྡོ་ཆེན་པོ་རེ་གཉིས་ལ་གཟུངས་སྔགས་བྲིས་ཏེ་འཇོག་གི
འདི་དང་འབྲེལ་ནས་ལབ་ཙེའི་ཙེ་ཡང་བཤད་གི་ཡིན། རྡོ་དང་རྡེའུ། ར་རྒན་༼འབྲོག་པའི་མ་ཁྱིམ༽དང་༼འབྲོག་པའི་བུ་ཁྱིམ༽རེ་ཙེ། རྟ་དང་རྟེའུ། རྔ་མོང་དང་རྔེའུ༼འདི་གསར་འོད་དམ་པའི་མདོ་ན་ཡོད༽ འདི་དག་གི་སྔ་མ་རྣམས་ཆེན་པོ་དང་ཕྱི་མ་རྣམས་ཆུང་ངུའམ་ཕྲུ་གུ་ལ་གོ དེས་ན་རྡེའུ་མང་པོ་སྤུངས་པ་ལ་རྡེའུ་འབུམ་ཟེར། འདིའི་སྐབས་ཀྱི་འབུམ་ནི་མང་བའི་ཚིགས་ཡིན་གྱི་གྲངས་ཀྱི་ཚིག་མ་ཡིན། འོན་ཀྱང་སྒྲོལ་མའི་འབུམ་ཁང་དང་། གདུགས་དཀར་གྱི་འབུམ་ཁང་ལྟ་བུའི་འབུམ་ནི་ཕྱག་ལེན་ལྟར་ན་གྲངས་གནས་ལ་གོ་དགོས།
ལབ་ཙེ་ཟེར་ན་ལ་བཙས་ཏེ། གོང་དུ་འགའ་ཤས་གྱིས་སྔོན་མ་སྔོན་མ་ཅིག་ལ་ཁྲལ་བསྡུ་ལས་བྱུང་བ་རེད་ཟེར། འདིའི་སྐོར་ལ་ཨ་མདོ་ན་དེ་དང་འདྲ་སེ་ཅིག་ཡོད་པ་ནི་གྲོ་ཕྱེ་འཐག་སའི་བདག་པོ་དེའི་མིང་ལ་རང་འཐག་ལབ་ཙེའམ་རང་འཐག་ལ་བཙས་ཟེར། མི་སུ་སོང་ནས་གྲོ་ཕྱེ་བཏགས་ན་ཁོང་ལ་སྣོད་ཆུང་ཅིག་ཡོད་པ་དེའི་གང་རེ་སྟེར་བའི་ལུགས་སྲོལ་ཅིག་འདུག ད་དུང་རང་འཐག་ནང་ན་གྲོ་ཕྱེ་དང་འབྲུ་ཤུན་སོ་སོར་འབྱེད་ཆས་སྣོད་ཅིག་ཡོད་པ་དེའི་མིང་ལ་ཡང་ལབ་ཙེ་ཟེར་གི་འདུག འདི་དཔྱད་གཞིར་ཕུལ་བ་ལགས།། །།
གོང་དུ་དཔྱད་གཞིར་ཕུལ་བ་འདི་ངོ་ནས་པདྨ་འབུམ་གྱིས་ལན་ཅིག་གསུངས་ཐུབ་ན་འབྲེལ་ཆེ་གི དེ་མིན་ན་རབ་གསལ་གྱིས་གསུང་ན་ཡང་ཁྱད་པར་མེད་གི་ལགས།། །།
ལབ་རྩེ་དང་ལ་རྩེ།།
ལ་བཙས་དང་ལབ་ཙེ།།
ཚང་མ་ནི་རི་རྩེ།།
དེ་ལ་ནི་དབུ་རྩེ།།