འབའ་སྲས།
ཞི་བདེའི་རྒྱ་མཚོ་ཆེན་པོའི་ཕ་རོལ་ན།།
བདག་གི་སེམས་པ་དམར་པོའི་ནང་རོལ་ན།།
ནམ་ཡང་བརྗེད་པར་དཀའ་བའི་དྭངས་མོ་མཚོ།།
ཞེ་མཐུན་རོགས་ཁྱོད་དེང་སང་གང་ན་ཡོད།།
ཁྱེད་ཀྱི་ཞལ་རས་མ་མཐོང་ལོ་ལྔ་འགོར།།
ཁྱེད་ཀྱི་འཕྲིན་ཡིག་མ་འབྱོར་ལོ་བཞི་འདས།།
ཁྱེད་རང་གང་ཡོད་མ་ཤེས་ལོ་གསུམ་སོང་།།
ངོ་མ་བཤད་ན་ཁྱོད་ནི་གང་ན་ཡོད།།
ཁ་པར་བཏང་ན་ཨང་གྲངས་ནོར་འདུག་ཟེར།།
མགྱོགས་འཕྲིན་བསྐུར་ན་བེད་སྤྱོད་མི་འདུག་ཟེར།།
ཤོག་འཕྲིན་བསྐུར་ན་མི་དེ་བུད་སོང་ཟེར།།
ད་ནི་ཁྱེད་ལ་འབྲེལ་བ་ཅི་ལྟར་བྱ།།
བདག་གི་ཁ་པར་ཨང་གྲངས་སྔོན་ལྟར་ཡིན།།
ང་ཡི་མགྱོགས་འཕྲིན་ཁ་བྱང་སྔོན་ལྟར་ཡིན།།
ང་ཡི་སྡོད་ནས་ཡིག་བྱང་སྔོན་ལྟར་ཡིན།།
ང་ནི་ཁྱོད་ལ་དགའ་བའི་མི་དེ་ཡིན།།
བྲག་ལ་རི་མོ་བྲིས་པ་འཇིག་སོང་ངམ།།
སྤང་ལ་མེ་ཏོག་བཙུགས་པ་སྐམ་སོང་ངམ།།
གནམ་ལ་ཁྲ་ཚོམ་གཏོར་བ་ཡལ་སོང་ངམ།།
གློ་བུར་ཁྱོད་ནི་བོར་བའི་དོན་དེ་གང་།།
གངས་ལྗོངས་ཡུལ་གྱི་གནའ་མཁར་ཟི་ལི་ང་ནས།།
མི་རིགས་སློབ་གྲྭ་ཆེན་མོའི་སྒོ་འགྲམ་ནས།།
ངེད་གཉིས་མཇལ་སོང་ཞེས་པའི་རྨི་ལམ་དེ།།
ད་ལྟ་འཇའ་ལྟར་ཡལ་བ་ཨེ་ཡིན་ནམ།།
ཐོག་མ་ངེད་གཉིས་ཐུག་པའི་ཁ་པར་ནང་།།
ཕན་ཚུན་མཛའ་བཤེས་གླེང་བའི་སྐད་ཆའི་ནང་།།
ཐུག་ཐབས་མེད་ཀྱང་འབྲེལ་བ་མི་གཅོད་ཅེས།།
དམ་བཅའ་རྡོ་ལ་བརྐོས་པ་འཇིག་སོང་ངམ།།
ཉིན་མ་རེ་ལ་ཁ་པར་མ་བཏང་ན།།
ཟླ་བ་རེ་ལ་ཤོག་འཕྲིན་མ་བསྐུར་ན།།
ང་ལ་དགའ་བ་ངོ་མ་མ་རེད་ཅེས།།
ཁྱེད་ཀྱི་སྡུག་སྐད་གཏན་དུ་ཆད་སོང་ངམ།།
ཁྱོད་ནི་ས་ཆ་གང་ནས་ཡོད་ན་ཡོད།།
ཁྱོད་ཀྱི་ལོ་ཡང་ཆེ་ཆུང་ཅི་ཡིན་ཆོག །
ངེད་གཉིས་ཐེངས་གཅིག་ཐུག་ན་དེ་ཡིས་ཆོག །
ཁྱེད་ཀྱིས་གསུངས་པ་ཁྱོད་ཀྱིས་བརྗེད་སོང་ངམ།།
ཁྱོད་ལ་ཆུང་མ་ཡོད་ཀྱང་ཅི་ལ་སྐྱོན།།
ཁྱོད་ལ་བུ་ཕྲུག་ཡོད་ཀྱང་ག་ལ་གནོད།།
ཁོང་ཚོ་ཚང་མ་ང་ཡི་མི་ཡིན་ཞེས།།
གུ་ཡངས་སེམས་པ་ད་ལྟ་ཤི་སོང་ངམ།།
སྐུ་འབུམ་བྱམས་པ་གླིང་གི་མཆོད་སྡོང་མདུན།།
མཆོད་མེ་ཀོང་གཉིས་བསྒྲོན་པའི་འོད་སྣང་ལྷན།།
ངེད་གཉིས་མཇལ་བའི་སྨོན་ལམ་བཙན་པོ་ཞིག །
བཏབས་པའི་རྒྱུ་མཚན་དེང་སང་སུ་ལ་བགྲངས།།
མདོར་ན་བདག་ལ་བསྐུར་བའི་ལག་རྟགས་དང་།།
སྙིང་གཏམ་ཤོར་བུར་བྲིས་པའི་འཕྲིན་ཡིག་སོགས།།
ཟླ་རེར་ཐེངས་རེ་འབྱོར་བ་དེ་དག་གིས།།
བདག་ལ་ཀུ་རེ་ཐེངས་གཅིག་རྩེ་འམ་ཅི།།
བདག་ལ་མཚོན་ན་འཇིག་རྟེན་འདི་ཡི་སྟེང་།།
བརྩེ་དུང་ངོ་མ་ཞིག་གི་ཁ་དོག་དེ།།
ལྟ་བྱེད་མིག་ལ་འདི་ཞེས་སྟོན་པ་པོ།།
ཁྱོད་ལས་གཞན་པ་ཡོད་པར་མ་གྱུར་རོ།།
དེ་བས་ཁྱེད་ཀྱིས་བལ་དཀར་སྐུད་པ་ཡིས།།
བསླས་པའི་དྲོད་ལྡན་དགུན་ལྭ་ཐུག་པོ་དེ།།
དབྱར་ཟླ་དྲུག་པའི་ཚ་བའི་ནང་དུ་ཡང་།།
བདག་གི་རྒྱབ་ནས་ཕུད་པ་ཐེངས་གཅིག་མེད།།
ད་དུང་བྱ་གཉིས་ཁ་སྤྲོད་རི་མོ་ཅན།།
གོས་སྐུད་ཕྲ་མོས་གཙགས་པའི་ལྷམ་སྟན་གཉིས།།
རྙིང་ནས་ཐེད་ནས་ཕྱེད་ཀར་ཟིན་ན་ཡང་།།
བདག་གི་རྐང་པའི་མཐིལ་ན་བདེ་བདེ་གནས།།
ཁྱེད་ཀྱིས་སྤྲིངས་པའི་བརྩེ་འཕྲིན་སྔ་རྗེས་དག །
ཐེངས་མང་བཀླགས་པས་བློ་ལ་ཟིན་ན་ཡང་།།
ཤོག་དཀར་སྣེ་མོ་ཙམ་ཡང་མ་གཤགས་པར།།
བདག་གི་བྲང་ཁའི་ངོས་སུ་སྦྱར་ནས་ཡོད།།
དང་པོར་ངེད་གཉིས་ཐུག་པའི་ཉིན་མོ་ནས།།
དེ་རིང་འཕྲིན་ཡིག་འདི་ཡི་དུས་ཚོད་བར།།
ཁྱོད་ནི་བདག་གི་སེམས་ཀྱི་ལྷ་ཁང་དུ།།
གཏན་དུ་ཡལ་བ་མེད་པའི་སྒྲོལ་མའི་སྐུ།།
མིག་གིས་བལྟས་ཀྱང་ཁྱོད་ཉིད་མི་མཐོང་ཞིང་།།
སྐད་ཀྱིས་བོས་ཀྱང་ཁྱེད་ཀྱིས་མི་ཐོས་པས།།
སྐྱོ་བའི་སེམས་པ་དམར་པོ་འཕྲིན་དུ་བསྐུར།།
ལས་ཀྱིས་འབྱོར་ན་གང་ཡོད་ཟུར་ཙམ་ཤོད།།
གང་དུ་ཡོད་པའི་ས་དེ་ཤེས་ན་འདོད།།
བདེ་འཚམས་ཡིན་པའི་གཏམ་ཞིག་ཐོས་ན་འདོད།།
སླར་ཡང་སྙིང་གི་གཏམ་ཞིག་གླེང་ན་འདོད།།
འདོད་པ་ཉེ་བར་སྐོངས་དང་དྭངས་མོ་མཚོ།།
གནམ་ལ་ཁྲ་ཚོམ་དེ་སྐར་ཚོམ་ཞེས་བྲིས་ན་ལེགས་པར་སེམས། ཨཨ། ངའི་ཁ་འདི། ང་མི་རྐྱང་ཡིན་པས་གང་བྱུང་འབྲི་གི་ཡོད་པ་རེད། ཁྱེད་ལ་མཛའ་མོ་དང་བྱིས་པ་ཡོད་ན་བཟའ་ཚང་གི་བརྩེ་བ་རིན་ཐང་ཅན་པོ་དེ་ལག་ནས་འཆོར་མི་ཉན་ཡ། རྩོམ་རྩལ་ངར་གི
ཧ་ཅང་སྙན་མོ་ཞིག་བྲིས་འདུག་ཡིད་དབང་འཕྲོག་སོང་།
བརྩེ་བའི་བཟའ་ཟླ་བུ་ཕྲུག་ཡོད་བཞིན་ད་དུང་འདི་འདྲ་མ་གནང་ལོ་ལོ། བཟའ་ཟླས་གནས་དབྱུག་གཏོང་ཡོང་།
སྐབས་དེ་དུས་རྩོམ་པ་པོས་ཟི་ལིང་གྲོང་དུ་དགའ་མོ་དང་མཉམ་དུ་བརྩེ་དུང་གི་འོད་སྟོང་འཕྲོ་ཞིང་ཚོན་མདངས་རྣམ་པར་བཀྲ་བའི་ཤོག་སྦག་ཁྲ་ཚོམ་ཅན་ཞིག་གཏོར་བ་ལ་གོ
གནམ་ལ་སྐར་ཚོམ་སུས་གཏོར་རམ།
མིག་མེད། སྣ་མེད། རྣ་མེད། ལུས་མེད ། ངག་མེད། ཡིད་མེད། སྙན་ངག་པ་ལ་ཅི་ཡང་མེད་དོ།།། ཅི་ཕྱིར་ཞེས་ན། ཐམས་ཅད་སྟོང་བ་ཉིད་དོ །།
གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། སྙན་ངག་པ་ལ་ཅི་ཡང་མེད་དོ།། ཅི་ཕྱིར་ཞེས་ན། སྟོང་བ་སྟོང་བ་ཉིད་ལས་གཞན་མེད་དོ།།
སྙན་ངག་པ་ཡི་སེམས་ལ་བཟའ་ཟླ་མེད།།
སྙན་ངག་པ་ཡི་སེམས་ལ་བུ་ཕྲུག་མེད།།
སྙན་ངག་པ་ཡི་སེམས་ལ་ངོ་ཚ་མེད།།
སྙན་ངག་པ་ཡི་སེམས་ལ་ཚོར་བ་ཞིག །
འབའ་སྲས་ཀྱི་རྩོམ་འདི་གོ་བདེ་ལ་སྙན་པ་དང་། ཀློག་པ་པོའི་ཡིད་དབང་འཕྲོག་ཐུབ་པ་ཞིག་འདུག
ཐུགས་རྗེ་ཆེ།
ཨ་ཅེ་དྭངས་མོ་མཚོ་ལགས། །
ཁྱོད་ལ་གནའ་ནས་དགའ་བའི། །
རྒད་པོ་འབའ་སྲས་ཁོང་ལ། །
བརྩེ་འཕྲིན་ཐེངས་ཤིག་བསྐུར་རོགས། །
དང་པོ་ནས་མི་སྐྱ་ཡིན་ན་སྐྱོན་མེད།འགྲོ་སྟངས་ཤེས་ན་མ་གཏོགས་ཉེན་ཁ་ཆེན་པོ་རེད།
གོ་བདེ་བའི་སྙན་རྩོམ་འདི་ལྟ་བུ་གསར་སློབ་པ་དག་ལ་ངེས་པར་ཕན་ཐོགས་ངེས་ཡིན།
ཉིད་ཀྱིས་བྲིས་པའི་བརྩེ་དུང་གི་སྙན་རྩོམ་དག་ཀློག་ན་ཁ་ལ་ཞིམ་ཞིང། མྱངས་ན་སེམས་ལ་ཟུག་པ་དག་དག་ཅིག་འདུག སྙན་དག་འདི་ངས་མཚོ་སྔོན་པོ་དྲ་བར་ཡང་བལྟ་ཀློག་བྱས་པ་ཡིན།
འབའ་སྲས་ལགས་ཀྱི་རྩོམ་ཡིག་འདི་ངོ་མ་ཚིག་སྦྱོར་བཙན་སྒྲིག་ལྟ་བུ་མ་ཡིན་པར་རང་བཞིན་ལྷུན་གྲུབ་ཀྱིས་ཆུ་བཞུར་བ་ནང་བཞིན་མངོན་བརྗོད་དང་བརྡ་རྙིང་སོགས་ཀྱིས་མ་བཅིངས་པར་ཕལ་སྐད་རྣལ་མ་གོ་བདེ་ཞིང་ཁ་གསལ་བ་མ་ཟད་རྩོམ་པ་པོ་འབའ་སྲས་ཁོང་གི་དུང་བ་དང་སེམས་ཚོར་རྣོན་པོས་ཉམས་མྱོང་ལས་བྱུང་བའི་དྲན་གདུང་གི་སེམས་ཚོར་རྣོན་པོ་ཡི་གེའི་གཟུགས་སུ་ཕབ་པའི་སྙན་ཚིག་དཔེ་མེད་ཅིག་རེད་སྙམ།
ཀློག་མཁན་ལ་ཚོར་བ་རེ་དང་སྤྲོ་བ་ཅུང་ཙམ་རེ་སྟེར་ཐུབ་ན། སྙན་ངག་འདི་མུ་མཐུད་ཁག་གསུམ་པ་དང་། བཞི་བ་སོགས་འབྲི་འདོད་ཡོད།
ཀློག་མཁན་ལ་ཚོར་བ་རེ་དང་སྤྲོ་བ་ཅུང་ཙམ་སྟེར་ཐུབ་ན་སྙན་ངག་འདི་མུ་མཐུད་ཁག་གསུམ་པ་དང་། བཞི་བ་སོགས་འབྲི་འདོད་ཆེ།
མཛེས་ལྡན་དྭངས་མོ་མཚོ་ལགས།
ཁྱེད་ལ་སེམས་ཤིག་ཡོད་ན།
བརྩེ་སེམས་དར་གྱིས་བཅིངས་པའི།
འགྱུར་མེད་འབའ་སྲས་ཁོང་ལ།
དུང་བའི་ལན་ཞིག་གནང་དང་།
དྲན་པའི་གདུང་བས་མནར་བའི།
ཁྱེད་ཀྱི་འབའ་སྲས་ཁོང་ནི།
ཁྱེད་རང་བསམ་པའི་ལོ་ཟླ།
མཛུབ་མོ་རེ་རེར་བརྩི་གིས།
ཉིན་མཚན་ཀུན་ཏུ་དྲན་པས།
ལུས་པོའི་ཤ་ཡང་རིད་འདུག
ཁྱེད་ཀྱི་གསུང་ངག་སྙན་མོས།
ཁྱེད་ཀྱིས་དུང་ཞེན་ཟབ་མོས།
འབའ་སྲས་དུང་ཅན་ཁོང་ལ།
སྙིང་གཏམ་འོ་དྲི་ཐུལ་འདྲ།
ལན་གཅིག་སྟེར་བར་མཛོད་དང་།
འབའ་སྲས་འབར་ནས་སྣེ་ལ་ཐུག་ཀྱང་། །
དྭངས་མཚོ་གར་ཡོད་ཤེས་ས་མ་རེད། །
བལྟས་བལྟས་གཉིས་ཀས་མིག་འབྲས་གཟེབ་ཀྱང་། །
དྭངས་མཚོའི་བརྩེ་འཕྲིན་ཡོང་ཚོད་མི་འདུག །