༼སྤྱི་ཚོགས་མེ་ལོང་༽ལས་དྲངས།
བཅར་འདྲི་བ། གངས་དཀར་རྒྱལ་སྲས།
དྲི་བ། ཁྱེད་རང་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རོགས།
ལན། ངའི་སྨྱུག་མིང་ལ་ཀླུ་སྨྱོན་ཟེར། ཕ་ཡུལ་མདོ་སྨད་མང་ཡུལ། ཆུང་དུས་སློབ་ཆུང་མཐར་ཕྱིན་རྗེས་རྣམ་དག་ཁྲིམས་ལྡན་གླིང་ཞེས་པའི་དགོན་པ་ཞིག་ཏུ་བླ་མ་དང་དགེ་བཤེས་ལྔ་དྲུག་ཅིག་བསྟེན་ཏེ་ལོ་བཅུར་སུམ་རྟགས་སྙན་ངག་དེང་རབས་རྩོམ་རིག་དང་། བསྡུས་གྲྭ་ལམ་རིམ་ཕར་ཕྱིན་གསང་སྔགས་ལ་ཏོག་ཙམ་ཞིག་སྦྱངས་པ་ཡིན།
དྲི་བ། ཁྱོད་ག་དུས་ཕ་ཡུལ་དང་གྱེས་པ་དང་དེ་ནས་གང་དུ་ཕྱག་ལས་ཅི་ཞིག་གནང་མྱོང།
ལན། གོ་བཞི་ལོར་ཕ་ཡུལ་ནས་གྱེས་ནས་རྒྱ་གར་ལྷོ་ཕྱོགས་སུ་ནང་ཆོས་ལ་ཏོག་ཙམ་སྦྱོང་ཞོར་སྒོ་མང་སློབ་གྲྭའི་དགེ་རྒན་བྱས། དེ་ནས་བལ་ཡུལ་དུ་བསྡད་དེ་ལོ་དྲུག་རིང་དགེ་ལུགས་པའི་འཇམ་དབྱངས་བཞད་པ་དང་གུང་ཐང་ཚང་། རྙིང་མའི་གཏེར་སྟོན་མཆོག་གྱུར་བདེ་ཆེན་གླིང་པ་དང་ལྷ་བཙུན་ནམ་མཁའ་འཇིགས་མེད། ས་སྐྱའི་མཁན་ཆེན་ངག་ཆོས་དང་བདག་ཆེན་ཨ་མེས་སོགས་ཀྱི་གསུང་འབུམ། བཀའ་བརྒྱུད་པའི་བཀའ་བརྒྱུད་གསེར་ཕྲེང་སོགས་དཔེ་སྐྲུན་གྱི་ཞུ་ཆེན་པ་དང་ཚགས་པར་ཞིག་གི་སྙན་ངག་རྩོམ་སྒྲིག་པའི་ལས་རོགས་ཀྱང་བྱས་མྱོང་།
དྲི་བ། ཁྱོད་ཀྱི་བརྩམས་དེབ་ཐོག་མ་གང་ཡིན་པ་དང་ད་བར་དུ་བརྩམས་དེབ་ག་ཚོད་ཡོད།
ལན། བོད་ནང་དུ་དགོན་པ་ན་ཡོད་དུས་༼བསྡུས་གྲྭའི་མུ་བཞི་བརྒྱ་༽ཞེས་པའི་དེབ་ཆུང་ཞིག་དཔར་མྱོང་བ་དེ་མི་ཚེའི་ནང་གི་དེབ་ཐོག་མ་འདྲ་བོ་རེད། དེ་ནས་ཕྱི་ལོགས་སུ་ཡོད་དུས་སྒྱུ་རྩལ་རྩོམ་རིག་གི་དེབ་ཐོག་མ་༼ཤམ་བྷ་ལའི་དུད་སྤྲིན་༽པར་སྐྲུན་བྱས་ཤིང་དེའི་ཆེད་དུ་བལ་ཡུལ་གྱི་བོད་པ་ཕྱུག་པོ་ཚོའི་སྒོ་ཁ་ཉུལ་ནས་སློང་མོ་བརྒྱབ་མྱོང་ལ། གཞན་གྱིས་སྤྲང་པོ་ཟས་སློང་མཁན་དུ་ནོར་ནས་བཏགས་ཁྱི་ཀློད་དེ་འཇིགས་སྐུལ་ཡང་བྱས་མྱོང་། དེ་ནས་ད་བར་དུ་སྙན་ངག་དང་བརྩམས་སྒྲུང་། སྙན་ངག་རྩ་འགྲེལ་དང་གློག་བརྙན་འཁྲབ་གཞུང་། བླ་མའི་རྣམ་ཐར་སོགས་དེབ་བཅུ་གསུམ་པར་སྐྲུན་བྱས་ཡོད། ཡིན་ཡང་རང་གི་འདོད་པ་ཚིམས་པ་གཅིག་ཀྱང་མེད།
དྲི་བ། དེབ་བཅུ་གསུམ་གྱི་ནང་ནས་རང་ཉིད་དགའ་ཤོས་ཀློག་མཁན་གྱི་དགའ་བསུ་ཐོབ་ཤོས་གང་རེད།
ལན། གོང་དུ་བཤད་པ་བཞིན་རང་ཉིད་ཀྱི་འདོད་པ་ཚིམ་པ་ཞིག་སྟོན་རྒྱུ་མི་འདུག་ཅིང་། གཞན་གྱིས་བཟང་གི་ཟེར་བ་ཡང་ཕལ་ཆེར་མི་འདུག ཡིན་ཡང་རྩོམ་ཡིག་བྱེ་བྲག་པ་རེར་གཞན་གྱིས་ཡག་པོ་འདུག་ཟེར་བ་དེ་འདྲ་བྱུང་མྱོང་། དཔེར་ན་འཁྲབ་གཞུང་གཉིས་དང་གཡག་གྲོང་ཁྱེར་གྱི་གཏམ་རྒྱུད་སོགས་བརྩམས་སྒྲུང་རེ་ཟུང་ལ་གཞན་གྱིས་བསྟོད་པ་སྐམ་པོ་དེ་འདྲ་བྱས་མྱོང་། ཡིན་ཡང་དེ་ནི་ཀློག་མཁན་གྱི་ཞན་ཆ་ཡིན་མིན་དང་རང་ཉིད་ཀྱི་འཇོན་ཐང་ཡིན་མིན་ད་དུང་ཐེ་ཚོམ་ཟོས་ནས་བསྡད་ཡོད། སྤྱིར་ན་ང་ཚོའི་སྤྱི་ཚོགས་སུ་གཞན་གྱི་བྱས་རྗེས་ཁས་མི་ལེན་པའི་མི་ཁྲེལ་མེད་ཀྱི་དཔུང་ཚོགས་ཤིག་ཀྱང་འདྲེ་ཤིག་ནང་བཞིན་ཁ་དར་ཡོང་གིན་འདུག་ཨང་།
དྲི་བ། ཁྱོད་ཀྱི་གྲུབ་མཐའ་རྙིང་སྨྲ་བ་ཡིན་རབས་ཟེར་རྙིང་སྨྲ་བ་ཡིན་ན་བུད་མེད་ལ་འགྲོགས་ན་ཆོག་ནི་རེད་ཟེར་གི་དེ་བདེན་ནམ།
ལན། ང་དང་པོར་ཆོས་སྒོར་ཞུགས་ས་དེ་དགེ་ལུགས་པ་རེད། དགེ་ལུགས་པ་ཡིན་ན་དགེ་སློང་མང་བའི་གྲུབ་མཐའ་ཞིག་རེད། དེ་ཡང་དུས་ཚོད་མང་པོ་ཞིག་ལ་དགོན་ནང་དུ་བུད་མེད་འགྲོ་མི་ཆོག་ཅིང་། སོང་ཡང་ཞག་སྡོད་བྱེད་མི་ཆོག་པའི་ཁྲིམས་དམ་པོ་ཡོད་པ་རེད། རྗེས་སུ་ང་ལ་རྙིང་མའི་བླ་མ་འཁྲུལ་ཞིག་རིན་པོ་ཆེ་མཆོག་གིས་སྤྲུལ་སྐུ་ཞིག་གི་མིང་གནང་བ་རེད། དེ་ནས་བཟུང་རྙིང་ཆོས་ལ་གང་ཐུབ་ཅིག་སློབ་སྦྱོང་བྱེད་ཀྱིན་ཡོད། རྙིང་མ་པ་ཡིན་ན་བུད་མེད་དང་འགྲོག་ཆོག་ཅེས་པ་དེ་རྩ་བ་ནས་བདེན་པ་མ་རེད། ནང་ཆོས་དད་ལྡན་པ་གང་ཞིག་བུད་མེད་དང་འགྲོག་ཆོག་དང་མི་ཆོག་ནི་གང་ཟག་དེའི་རྒྱུད་ཀྱི་སོ་ཐར་གྱི་སྡོམ་པ་དེ་དགེ་བསྙེན་དང་དགེ་ཚུལ་སློང་གང་གི་སྡོམ་པ་གང་ཡིན་གྱིས་ཁྱད་པར་འབྱེད་དགོས་པ་ཞིག་རེད། ཡིན་ཡང་གང་ཟག་རྟོགས་པ་མཐོན་པོ་ཚོར་དམིགས་བསལ་རེ་ཡོད་ན་ཐང་།
དྲི་བ། ཁྱོད་ཀྱི་ཀླུ་སྨྱོན་རྩོམ་རིག་འགྲན་བསྡུར་ཟེར་བ་དེ་ད་ལྟ་ལེགས་གྲུབ་བྱུང་ཡོད་དམ།
ལན། དེ་ན་ནིང་མགོ་བཙུགས་པ་ཡིན། ཐེངས་དང་པོ་དེར་བོད་ཕྱི་ནང་གཉིས་ནས་རྩོམ་པ་པོ་ལྔ་བཅུ་ཙམ་ཞུགས་ཏེ་ལེགས་འགྲུབ་ཡག་པོ་ཞིག་བྱུང་སོང་། ཡིན་ཡང་དེར་གེགས་བར་ཆད་བཟོ་མཁན་ཡང་རེ་ཟུང་བྱུང་བ་རེད། དཔེར་ན་ལས་འགུལ་དེ་ལྟ་བུ་ང་འདྲ་བས་སྤེལ་ན་ཆེ་དྲགས་པ་རེད་ཟེར་བ་ལྟ་བུ་རེད། འདི་ལོར་ན་ནིང་གི་དམིགས་ཡུལ་ལས་ཁ་ཕྱོགས་བསྒྱུར་ཏེ་བོད་ཕྱི་ནང་གཉིས་ཀྱི་བོད་ཀྱི་སྤྱི་ཚོགས་ཁྲོད་གཟེངས་སུ་ཐོན་པའི་རྩོམ་དེབ་བརྩམས་ཡོད་པའི་རྩོམ་པ་པོ་ཞིག་ལ་བྱ་དགའ་འདི་སྤྲོད་ཀྱི་ཡིན། བྱ་དགའ་འདི་ང་མ་ཤི་བར་དུ་མཚམས་འཇོག་བྱེད་ཀྱི་མིན།
དྲི་བ། ན་ནིང་གི་དེ་སུ་ལ་ཐོབ་སོང་སྤྲོད་སྟངས་ག་འདྲ་ཡིན།
ལན། ན་ནིང་གི་ཀླུ་སྨྱོན་རྩོམ་རིག་བྱ་དགའ་དེ་སློབ་དཔོན་འཇིགས་མེད་བློ་གྲོས་ལ་ཐོབ་པ་རེད། དེ་ནི་ཁ་བརྡ་དྲ་བའི་སྟེང་ཡོངས་གྲགས་བྱས་ཏེ་རྩོམ་ཡིག་བསྡུས་རྗེས་དྲ་ངོས་ནས་ཀློག་པ་པོ་ཚོར་འདེམ་དུ་བཅུག མཐའ་མར་དཔྱད་འདེམ་པ་ཚོས་མང་མོས་ཀྱི་སྒོ་ནས་ཐག་གཅོད་བྱས་པ་ཡིན་པས། དེ་ལ་ཕྱོགས་ལྷུང་གི་གྲིབ་ནག་ཅིག་ཕོག་མེད་ཅེས་བརྗོད་ཆོག
དྲི་བ། ཨོ་རེད་དེ་ཡང་དག་པ་རེད།ཁྱོད་ཀྱིས་བོད་ནང་གི་མེར་མཆོད་ལས་འགུལ་འདི་ལ་ལྟ་སྟངས་ག་འདྲ་འཛིན་གྱིན་ཡོད། ཁ་ཅིག་གིས་མཚམས་འཇོགས་རོགས་ཟེར་གྱི་ཡོད་ལ་ཁ་ཅིག་གིས་རྒྱབ་སྐྱོར་བྱེད་ཀིན་ཡོད། ཁྱོད་ཡིན་ན།
ལན། ནང་ཆོས་དད་ལྡན་པ་ཞིག་གི་ངོས་ནས་བལྟས་ན་དལ་འབྱོར་གྱི་ལུས་རྟེན་འདི་རྙེད་དཀའ་ཞིང་འཇིག་སླ་བའི་དངོས་པོ་ཧ་ཅང་རྩ་ཆེན་པོ་ཞིག་རེད། ཡིན་ཡང་བྱང་སེམས་རྟག་ཏུ་ངུ་ལྟ་བུ་ས་མཐོན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཚོས་དམ་པའི་ཆོས་ཚིག་བཞི་ཞིག་གི་ཆེད་དུ་ཡང་རང་གི་ལུས་ཀྱི་ཟུངས་ཁྲག་གིས་ས་གཞི་ལ་ཆག་ཆག་བཏབ་སྟེ་དགེ་བའི་བཤེས་གཉེན་མཆོད་པར་བྱས་པའི་ལོ་རྒྱུས་ཡོད་པ་རེད། ཡིན་ཡང་ཁོང་ཚོ་ལྟ་བུའི་རྟོགས་པ་མཐོན་པོར་བསླེབས་མེད་པའི་གང་ཟག་གིས་དུས་ཚོད་ལ་མ་བསླེབས་བར་དུ་ལུས་སྲོག་བཏང་ན་ཁེ་ལས་གྱོང་རག་པའི་ཉེན་ཁ་ཡོད་པ་རེད། དཔེར་ན་རྙིང་མའི་བླ་མ་འཇིགས་མེད་རྒྱལ་བའི་མྱུ་གུའི་རྣམ་ཐར་ནང་། ཁོང་གིས་དབུས་ཕྱོགས་ཀྱི་རི་ཁྲོད་ཅིག་དུ་དཀའ་ཐུབ་ཀྱི་སྒྲིབ་སྦྱོང་བྱེད་དུས་ཤིག་ཟ་མའི་དཀའ་ངལ་བྱུང་སྟེ་ཏོག་ཙམ་མ་གཏོགས་ལུས་པོས་མ་ལྕོགས་པར་སྐུ་གྲོངས་འདུག་ཅིང་། དེ་དུས་ཁོང་གིས་ངས་དམ་པའི་ཆོས་སྒྲུབ་པའི་ལུས་རྟེན་འདི་ཅུང་མིན་ན་འཕྲོ་བརླག་ལ་བཏང་འདུག་ཅེས་གསུང་སྐད་ཤོར་འདུག གང་ལྟར་ཆོས་སྒྲུབ་དུས་རྟོགས་པ་མཐོན་པོར་མ་བསླེབས་བར་དུ་ལུས་སྲོག་གཏོང་བའི་སྤྱོད་པ་འདི་ལག་ལེན་བྱས་ན་ངས་ཁེ་ལས་གྱོང་ཆེ་བའི་ཉེན་ཁ་ཞིག་མཐོང་གིན་འདུག ཡིན་ཡང་གང་ཟག་གི་ཚོད་གང་ཟག་གིས་མི་ཐིགས་ཞེས་སངས་རྒྱས་ཀྱིས་གསུངས་ཡོད་པས། བོད་པ་རང་ལུས་མེ་ལ་འབུལ་མཁན་དེ་ཚོའི་སེམས་ནང་གི་གསང་བ་ངོ་མ་དེ་ངས་ནམ་ཡང་ཤེས་ཐབས་བྲལ། རྒྱ་ནག་གི་སྲིད་བློན་ཝུན་ཅ་པོ་ཡིས་ཀྱང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྟེང་གི་གསར་འགོད་པའི་དྲི་ལན་སྐབས། ཁོང་བོད་མི་ན་གཞོན་མེ་ལ་ལྕེབས་མཁན་དེ་ཚོར་གདུང་སེམས་མཉམ་བསྐྱེད་ཡོད་ལབ་འདུག་པས། ང་རང་བོད་རིགས་ཤིག་དང་ནང་པ་ཞིག་ཡིན་པའི་ཆ་ནས་ཁོ་ཚོའི་ཆེད་དུ་སྨོན་ལམ་རེ་འདོན་བཞིན་ཡོད། ངས་བོད་མི་དང་རྒྱ་མི་སུ་ཡིན་ཡང་རང་སྲོག་མ་གཅོད་རོགས་ཞུ་བ་ཡིན། གལ་སྲིད་གསོན་པོར་གནས་པ་ཡིན་ན་དེ་བེད་སྤྱད་དེ་སྤྱི་དམངས་ལ་ཕན་ཐོགས་ཡོད་པའི་བྱ་བ་མང་པོ་ཞིག་ང་ཚོས་སྒྲུབ་ནུས་པར་ང་ལ་ཡིད་ཆེས་ཡོད།
དྲི་བ། ཁྱོད་ཀྱིས་བོད་མི་མང་བོ་ཞིག་རྒྱ་གར་ལ་ཡོང་གིན་ཡོད་ལ་དེ་ལས་ཀྱང་མང་བོ་ཞིག་ཡོ་རོབ་སོགས་ཕྱི་གླིང་དུ་བསྐྱོད་བཞིན་པ་འདི་ལ་དགེ་སྐྱོན་ཅི་ཞིག་མཐོང་གི་འདུག
ལན། དེང་སྐབས་ཀྱི་འཛམ་གླིང་འདི་ནི་འགྲུལ་བཞུད་ཀྱི་འཛམ་གླིང་ཞིག་རེད་ལབ་ན་མི་ཆོག་པ་མི་འདུག དེ་ནི་དངོས་པོའི་དཔལ་ཡོན་ཡར་རྒྱས་སུ་སོང་སྟེ་མི་རྣམས་ཀྱིས་རང་དབང་དང་ཁྲིམས་མཐུན་གྱི་སྒོ་ནས་རྒྱལ་ཁབ་ཅིག་ནས་རྒྱལ་ཁབ་གཞན་ཞིག་ཏུ་འགྲོ་སྐྱོད་བྱེད་ཆོག་གི་ཡོད་པ་རེད་ལ། དེ་ནི་འགྲོ་བ་མིའི་རྩ་བའི་ཁེ་དབང་ཞིག་ཀྱང་རེད། ཡིན་ཡང་བོད་པའི་གནས་སྟངས་འདི་ཅུང་ཟད་མ་འདྲ་བ་ཞིག་རེད། དཔེར་ན་དང་པོར་ཕྱི་སྐྱོད་ལག་ཁྱེར་རག་རྒྱུར་འགལ་རྐྱེན་མང་བ། དེ་ནས་ས་མཚམས་བརྒལ་ན་ཡང་ཉེན་ཁ་མང་པོ་ཞིག་བརྒྱུད་དགོས་པ། ཉེན་ཁ་དེའི་རྒྱབ་ལོགས་ན་ཡང་སྐྱར་བར་དོ་ལྟ་བུའི་ཡུལ་གྱར་སྐྱབས་བཅོལ་བའི་འཚོ་བ་ཞིག་གིས་བསྒུགས་བསྡད་ཡོད་པ། ནུབ་ཕྱོགས་སྤྱི་ཚོགས་སུ་ཕྱིན་ཚེ་རྒྱ་ཁབ་ཅིག་རྒྱ་མཚོར་དོར་བ་བཞིན་གར་སོང་ཤུལ་མེད་དུ་གྱུར་ནས་རང་གི་ཆོས་དང་རིག་གཞུང་ཐ་ན་གཞི་རྩའི་མི་གཤིས་བཟང་པོ་ཡན་ཆད་རྩ་བརླག་ཏུ་འགྲོ་ཉེན་ཆེ་བ་སོགས་ལ་བསམས་ན་བོད་མི་ཚོ་བོད་ནང་དུ་སྐྱིད་ཀྱང་སྡུག་ཀྱང་ཨུ་ཚུགས་བྱས་ནས་སྡོད་དགོས་རྒྱུ་འདི་གལ་ཆེན་པོར་མཐོང་གི་ཡོད་ལ། ཁྱད་པར་དུ་བོད་ནང་དུ་ལོ་མང་རིང་སློབ་གྲྭ་འགྲིམས་ཏེ་སློབ་མཐར་ཕྱིན་པའི་ཤེས་ལྡན་པའི་རིགས་དང། ཚོང་ལས་གཉེར་བའི་ཁེ་ལས་པའི་རིགས་སོགས་ཀྱིས་བོད་ནང་དུ་མི་རིགས་ཀྱི་སྣེ་ཁྲིད་བྱས་ཏེ་སྡོད་རྒྱུ་འདི་ཧ་ཅང་གལ་ཆེ། དེ་བཞིན་གྲྭ་བཙུན་དག་ཀྱང་བོད་ནང་དུ་བསྡད་ན་ལེགས་ཤིང་། གལ་སྲིད་རྒྱ་གར་དང་བལ་ཡུལ་དུ་ཕེབས་ནས་སློབ་སྦྱོང་བྱེད་བཞིན་པ་དག་ཀྱང་སློབ་སྦྱོང་མཐར་ཕྱིན་རྗེས་ཕྱིར་བོད་དུ་ཕེབས་ནས་རང་རང་གི་དགོན་པའི་ནང་དུ་ཆོས་འཆད་ཉན་བྱེད་རྒྱུ་འདི་ཧ་ཅང་གལ་ཆེ་བར་འདོད།
དྲི་བ། ཁྱོད་ཀྱི་༼རྨི་ལམ་ནང་བྲིས་པའི་རྩོམ་ཡིག་༽ཅེས་པ་འཆར་ཡན་ཞིག་ཡིན་ནམ་དོན་དངོས་ཤིག་ཡིན། ཀློག་ན་དོན་དངོས་འདྲ་བོ་ཞིག་འདུག་མོད་དེ་ཡིན་ན་ཁྱོད་ཀྱི་འདུལ་ཁྲིམས་ལ་འགལ་བ་དང་མི་འགྲིག་ས་ཅང་མེད་དམ་། གལ་ཏེ་བུ་མོ་དེས་ཁྱོད་ཀྱི་འདོད་པ་དང་བསྟུན་ན་ཁྱོད་རང་དངོས་གནས་ཁོ་མོར་འགྲོགས་འདོད་ཡོད་དམ།
ལན། རྩོམ་ཡིག་དེ་ནི་རྟོག་བཏགས་ཀྱི་རྩོམ་ཡིག་ཅིག་ཡིན། ཡིན་ཡང་ངས་དེ་འབྲི་དུས་དེ་འདྲའི་དོན་དངོས་ཤིག་གི་ཀློང་དུ་ཞུགས་ཏེ་བྲིས་པ་ཡིན་པས་ཀློག་མཁན་མང་པོ་ཞིག་ལ་དེ་དོན་དངོས་ཡིན་པའི་འཁྲུལ་སྣང་སྟེར་སྲིད། ངས་ནམ་ཡང་བུ་མོ་ཞིག་དང་མཉམ་དུ་བརྩེ་དུང་གི་ཟློས་གར་འཁྲབས་མ་མྱོང་། གལ་སྲིད་འཁྲབ་པའི་གོ་སྐབས་ཤིག་བྱུང་ན་བརྩེ་དུང་གི་འགྲུལ་བཞུད་རིང་མོ་ནི་དེའི་ཆ་ཤས་ཀྱི་ཆ་ཤས་ཤིག་ཏུ་བརྩིས་ཆོག དེང་སྐབས་ངའི་རྒྱུད་ལ་ཡོད་པའི་འདུལ་བ་དེ་ནི་བརྩེ་དུང་གི་ཆེད་དུ་འགྲུལ་བཞུད་ཕར་ཕྱོགས་བརྩེ་དུང་གི་ཆེད་དུ་རང་སྲོག་ཀྱང་དོར་ཆོག་པའི་འདུལ་ཁྲིམས་ཤིག་ཡིན་པས། ངེས་འབྱུང་མེད་པར་སྡོམ་ལྡན་ཡིན་ཟེར་བའི་ཟོག་རྫུ་ཅན་དེའི་རིགས་ཀྱི་གྲལ་ནས་ང་ནམ་ཡང་འདུག་འདོད་མེད།
དྲི་བ། རྩོམ་རིག་ལ་དགའ་བ་སུ་ཞིག་རྩོམ་པ་པོ་ཞིག་ཏུ་འགྱུར་བའི་མྱུར་ལམ་ཞིག་ཡོད་དམ།
ལན། ཆེས་ཐོག་མར་དགོས་པ་ཞིག་ནི་བསམ་བློ་གུ་ཡངས་པོ་ཞིག་དགོས། དེ་ནས་གཞན་གྱི་བརྩམས་ཆོས་དེབ་དང་གློག་བརྙན་སོགས་ལ་ལྟ་རྒྱུར་དགའ་མོས་ཡོད་དགོས། དེ་ནས་གློག་བརྙན་ཞིག་ལ་བལྟས་པ་ཡིན་ན་མི་སྣ་གལ་ཆེ་བའི་རིགས་ཀྱི་ལུས་ངག་གི་འགྱུ་བར་དོ་སྣང་བྱེད་དགོས། ལྷག་པར་དུ་སྐད་ཆའི་བར་གྱི་འགལ་འབྲེལ་ལ་མཉམ་འཇོག་དགོས། དེ་ནས་དེ་ལ་ཐོ་ཡིག་འབྲི་དགོས། དེབ་ཀློག་དུས་སམ་བཀླགས་རྗེས་ཀྱང་རྩོམ་དེའི་ནང་དོན་རགས་བསྡུས་རེ་ཐོ་བརྒྱབ་སྟེ་ཉར་ཚགས་བྱེད་དགོས། དེ་ནས་ཉིན་ཐོ་འབྲི་དགོས། སྐབས་རེར་གསང་སྤྱོད་ནང་ནས་ཕྱི་རོལ་ཏུ་བལྟས་ན་ཡང་ཚོར་སྣང་གཞན་ཞིག་འབྲི་རྒྱུ་ཡོད་ལ། ལན་རེར་སྲང་བར་ནས་ཉི་མར་ལྡེ་དུས་ཀྱང་ཟིན་ཐོ་ཁྱད་པར་བ་རེ་འབྲི་རྒྱུ་ཡོད། དེ་བས་རྩོམ་པ་པོ་ཞིག་ཏུ་འགྱུར་འདོད་ན་ཚོར་བ་རྣོན་པོ་ཞིག་དུས་རྟག་ཏུ་དགོས།
དྲི་བ། ཁྱོད་ནང་ཆོས་གསར་རྙིང་གཉིས་ཀ་སྦྱང་མྱོང་བའི་མི་ཞིག་ཡིན་པའི་ཆ་ནས། དེ་གཉིས་ཀྱི་འདུལ་ཁྲིམས་བསྲུང་བྱ་ལ་བར་ཁྱད་པར་ཆེན་པོ་འདུག་གམ་གསུངས་རོགས།
ལན། དེ་ལ་ཁྱད་པར་དེ་ཙམ་ཡོད་པ་མ་རེད། ཡིན་ན་ཡང་མི་གཅིག་གིས་རིམ་པ་བཞིན་སོ་བྱང་སྔགས་གསུམ་གྱི་སྡོམ་པ་ཞུས་པའི་སྐུབས་སུ། མི་དེའི་རྒྱུད་ཀྱི་སྡོམ་པ་དེ་འོག་མ་འོག་མ་གོང་མ་གོང་མའི་ངོ་བོར་འགྱུར་སྟེ་སྡོམ་པ་གཅིག་འདྲ་བོ་ཞིག་ཆགས་ཀི་ཡོད་མེད་ཐད་གསུང་སྟངས་མི་འདྲ་བ་ཞིག་ཡོད་པ་རེད། ཡིན་ཡང་དགེ་བསྙེན་དང་དགེ་ཚུལ་སློང་གི་སྡོམ་པ་དེ་བྱང་སྡོམ་གྱི་ངོ་བོར་གནས་འགྱུར། དེ་ཡང་སྔགས་སྡོམ་གྱི་ངོ་བོར་གནས་འགྱུར་བར་འདོད་པ་དག་གི་ལུགས་ལ་ཡང་སོ་ཐར་དང་བྱང་སྡོམ་དེ་དག་ཁས་ལེན་དུས་ཇི་བཞིན་མི་ཚེ་གང་བོར་བསྲུང་དགོས་པར་འདོད་ཀི་ཡོད་་པ་རེད། སྤྱིར་ན་འདུལ་བའི་ལུགས་ལ་རབ་བྱུང་བས་ཆང་འཐུང་མི་ཆོག་པ་དང་དུས་མིན་ཁ་ཟས་བཟའ་མི་ཆོག་ཅིང་། བྱང་སྡོམ་ལྡན་པ་ཞིག་གིས་ཤ་ཟོས་ན་ཉེས་དམིགས་ཆེ་ལུགས་གསུངས་ཡོད་ཀྱང་། སྔགས་བླ་མེད་ཀྱི་ལྷ་ཡི་ཚོགས་འཁོར་སྐབས་དུས་དགོང་མོ་ལྟ་བུར་ཚོགས་རྫས་ཤ་ཆང་ལ་ངེས་པར་དུ་ལོངས་སྤྱོད་དགོས་ཤིང། སོ་ཐར་སྡོམ་པ་ལ་འཇིགས་ཏེ་ཚོགས་རྫས་མ་སྤྱད་ན་རྩ་ལྟུང་འབྱུང་བ་སོགས་མདོ་དང་སྔགས་ཀྱི་དམ་ཚིག་སྲུང་སྟངས་འདི་ཚོ་བོད་ཀྱི་ཆོས་པ་ཞིག་ཡིན་ན་ངེས་པར་དུ་ཤེས་དགོས། དེ་མ་གཏོགས་སྔགས་གསར་རྙིང་དང་ཡང་ན་དགེ་ལུགས་རྙིང་མ་ལྟ་བུའི་བར་དུ་འདུལ་ཁྲིམས་སྲུང་ལུགས་མི་འདྲ་བ་ཡོད་པ་ངས་མི་ཤེས། ཡིན་ཡང་ཆོས་བརྒྱུད་སོ་སོའི་དགེ་འདུན་གྱི་ནང་ཁྲིམས་མི་འདྲ་བ་དེ་འདྲ་ཡོད་ཆོག་གི་རེད།
བཅར་འདྲི་བས། ཉིད་ཀྱིས་རྒྱང་འདྲི་འདིར་བཀའ་ལན་ཁ་གསལ་གནང་བར་ཐུགས་རྗེ་ཆེ་ཞུས་པ་ཡིན།
ཀླུ་སྨྱོན་གྱིས། བཀའ་འདྲི་གནང་བར་ཐུགས་རྗེ་ཆེ་ཞུ།
ཨ་བླ་ཨ་ཁུ་ཀླུ་སྨྱོན་གྱིས། དེ་ནས་ཉིན་ཐོ་འབྲི་དགོས། གསུངས་པ་བདེན་པར་མངོན། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ཀྱང་ཉིན་ཐོ་འབྲི་བར་མཛད་ཅིང། གཞལ་དག་ལ་ཡང་འབྲི་དགོས་གསུངས། རང་ཉིད་སྐུ་བགྲེས་ཏེ་འབྲི་མི་ཐུབ་པ་ན། གཞན་ལ་འབྲི་བཅུག་པར་མཛད། མཐར་སྐུ་མྱ་ངན་ལ་འདའ་ཁར་འབྲི་བ་པོ་སྐུ་མདུན་དུ་སོང་བ་ན། ད་ཡིན་ན་ཁ་ནས་ཚིག་གཅིག་ཀྱང་འཐོན་པ་མི་འདུག་གསུངས། འབྲི་བ་པོས་ཨུ་ཚུགས་ཞུས་པ་ན། རྗེ་རིན་པོ་ཆེ་བསྟན་པ་དང་རང་ཉིད་ཀྱི་མཚན་སྤེལ་བའི་སྒོ་ནས་ཚིགས་བཅད་ཡིད་དུ་འོང་བ་ཞིག་གསུངས་པ་ཀློག་མྱོང་ཡང་། ཇི་ལྟ་བ་བཞིན་མི་དྲན། ཁྱེད་ཀློག་པ་པོ་རྣམས་ན་སུ་ཞིག་གིས་ཚིགས་བཅད་དེ་ཐུགས་ལ་དྲན་པའམ་རྣམ་ཐར་དཔེ་ཆ་སླ་བར་གཟིགས་ཐུབ་ཚེ། འབྲི་བ་ལ་འོ་བརྒྱལ་མཛོད་ཅིག །
ཨ་ལགས་ཀླུ་སྨྱོན་གྱིས་བཅར་འདྲིར་ལན་གསལ་གོ་བདེ་ཞིག་སྐྱོན་འདུག
དེའི་ནང་ནས་ང་རང་ལ་བློ་སྐྱེད་འཕར་མ་མང་པོ་རགས་སོང་། ཐུགས་རྗེ་ཆེ་ཞུ།
ངོ་མ་ཁྱེད་སྐྱེས་བུ་དམ་པའི་རང་རྟགས་ལྡན་འདུག
འཁྲུལ་ཞིག་རིན་པོ་ཆེ་སྔ་འགྱུར་རྙིང་མའི་འདུལ་འཛིན་ཆེན་པོ་གྲུབ་པ་ཐོབ་པའི་སྐྱེས་བུ་དམ་པ་བསམ་གྱིས་མི་ཁྱབ་པ་ཞིག་ཡིན་པས། ཁོང་གིས་འཁྲུལ་མི་སྲིད། བླ་མས་མཁྱེན།
ཀླུ་སྨྱོན་གྱི་སྙན་ངག་ལ་དགའ་ལ། ཀླུ་སྨྱོན་གྱི་རང་གཤིས་ལ་དེ་བས་དད།
དྲི་བ་དང་དྲིས་ལན་གསལ་བོ་བྱུང་བས་དགའ་བོ་ཡོད་བཀའ་དྲིན་ཆེ
རྒན་འཇམ་དཔལ་ལེགས།
པཎ་ཆེན་བློ་བཟང་ཆོས་རྒྱན་དགོངས་པ་མ་རྫོགས་གོང་དུ། བཀྲ་ཤིས་ལྷུན་པོའི་དགེ་འདུན་རྣམས་ཀྱིས་གཙོས་དད་ལྡན་ཚང་མས་ཞབས་པད་བརྟན་དགོས་ཞེས་ཞུས་ཤིང་། ཞབས་བརྟན་ཚིགས་བཅད་གཅིག་ཀྱང་གནང་དགོས་ཞེས་ཞུས་པར།
ཐུབ་དབང་གཉིས་པ་བློ་བཟང་གྲགས་པ་ཡི། །
མདོ་སྔགས་ཆོས་ཀྱི་རྒྱལ་མཚན་འོད་འབར་བས། །
མཐའ་ཡས་གདུལ་བྱའི་རྨོངས་པ་ཀུན་སེལ་ཞིང༌། །
ཕན་བདེ་འདབ་བརྒྱའི་དགའ་ཚལ་རྒྱས་གྱུར་ཅིག །ཅེས་པ་འཕྲལ་ལ་གནང་ནས་བཞད་མོ་ཅུང་ཟད་མཛད་ཅིང༌། སྐྱོན་མེད་ང་རྒས་ཁོགས་ལོ་བརྒྱ་ཕྲག་ལོན་པ་ཡིན་པས། བསྟན་པའི་དཔལ་དུ་བླ་མ་རིན་པོ་ཆེ་ཞབས་པད་བརྟན་ཡོང་གསུང་བ་ལས་བཞུགས་པའི་ཞལ་བཞེས་མ་གནང་བར་ཆུ་ཕོ་སྟག་གི་ལོར་དགོངས་པ་རྫོགས་པའི་སྐོར་རྣམ་ཐར་ནང་མཇལ་མྱོང་། ཕལ་ཆེར་རྒན་རིན་པོ་ཆེས་གསུངས་པ་འདི་མིན་ནམ་སྙམ།།
སྐུ་ཞབས་ཀླུ་སྨྱོན་ལགས་ལ་དྲི་བ་དྲིས་ལན་ཡག་པོ་གནང་འདུག
ཞོར་འཕྲོས་ལ་སྐུ་ཞབས་ལགས་ཀྱིས་དེ་སྔོན་བྲིས་པའི་ཚེ་གཅིག་སྐྱ་ཡ་འཚོལ་བའི་བརྡ་ཁྱབ་འདི་ལ་
དྲྭ་གྲོགས་མང་པོས་བསམ་ཚུལ་ལྷུག་པོར་བརྗོད་འདུག དེའི་ཕྱིར་ངས་ཀྱང་གྲོགས་མོ་ཞིག་གི་ཚབ་བྱས་ནས་རེའདུན་ཞིག་བྲིས་ཡོད།
༧༧༽ དཔྱིད་འགོའི་མེ་ཏོག་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༨ གི་ཆུ་ཚོད་ ༢༣ སྐར་མ་ ༡༤
འདོད་ལྡན་མི་རྐྱང་དེ་ཉིད་ལ།།
འདོད་བློ་ཐལ་དྲགས་མང་མངའ་ཡང་།།
དེ་འདྲའི་བུ་མོ་ང་ཡིན་སྲིད།།
མི་རིང་མྱུར་དུ་གཉེན་སྒྲིག་བྱ།།
ལས་ཀ་ཅི་ཙམ་མང་ན་ཡང་།།
སྒྱིད་ལུགས་བྱ་བའི་གཤིས་ཀ་མེད།།
རྒྱུན་དུ་མཛུམ་མདངས་འགྱུར་མེད་ཡིན།།
ཡག་དང་ལས་ཀ་གཉིས་ལྡན་ཡིན།།
ཟས་ལ་དྲོ་བ་སྣ་བརྒྱ་ཡོད།།
ཇ་ལྗང་སྣ་ཚོགས་བཟོ་ཡང་ཤེས།།
ལྦུ་རག་མངལ་མོ་སྡེབ་ཀྱང་ཤེས།།
ཆོ་ག་ཉིན་ཉལ་མཚན་ཉལ་ཡང་།།
སྡུག་སྨྲེ་གཏོང་བའི་སྲོལ་ཡང་མེད།།
ཕྱི་རོལ་གཡེང་ལ་འགྲོ་བ་དགའ།།
བཟའ་བཏུང་ཞིམ་སྣ་ཤེས་ནས་ཡོད།།
རོལ་རྩེད་སྣ་ཚོགས་རྩེད་ལ་དགའ།།
ཐ་མག་སྣ་མང་འཐེན་བཞིན་ཡོད།།
ཨ་རག་སྣ་ཚོགས་རྒྱུན་འཐུང་ཡིན།།
ནང་མ་དག་ལ་རྒྱུན་ཉུལ་ཡིན།།
མི་འཁྱམ་ཚོགས་ལ་རྒྱུན་འགྲོག་དགའ།།
གཤིས་ཀ་ཡ་མ་བརླ་ཡི་རྒྱན།།
སྐད་ཆ་ར་མ་ལུགས་དང་འདྲ།།
རྒྱ་ལུགས་བོད་ལུགས་བསྲེས་ནས་ཡོད།།
ཉིན་མཚན་གཉིས་རེ་ཡོང་མི་སྲིད།།
སྣུམ་ནག་སྐྲ་ལོའི་ལན་བུ་ནི།།
འདོད་ལྡན་སྐྱེ་བོའི་དྲན་ཤིང་ཉིད།།
བཞིན་གྱི་དམར་མདངས་རྒྱས་ནས་ཡོད།།
དུང་སོ་སུམ་ཅུ་གྲལ་དག་ཡིན།།
མཉེན་ཞིང་འཇམ་པའི་ལུས་འདི་ལ།།
སྐྱེ་བོ་རྣམས་ཀྱི་འདྲེན་བྱེད་འཕྲོག།
ཨ་རོགས་མི་རྐྱང་ལས་ངན་ཁྱོད།།
དགོང་ལོ་སུམ་ཅུ་ལོན་ན་ཡང་།།
ཆུང་མ་མ་རག་སྡུག་ནས་འདུག།
ང་རང་ལོ་ན་ཉེར་གཅིག་ཙམ།།
གནམ་ས་འདྲ་བའི་ཁྱད་པར་འདུག།
ཁྱེད་འདྲའི་ཆོ་ག་དགོས་མི་འདུག།
ཆ་རྐྱེན་དེ་དག་འཛོམས་ས་ཞིག།
འཇིན་རྟེན་འདི་ལ་ཡོད་མི་སྲིད།།
དེའི་ཕྱིར་བསམ་བློ་རྣལ་དུ་ཕོབ།།
ཡང་མིན་ལྷ་ཡི་ཞིང་དུ་འཚོལ།།
དེ་མིན་དམྱལ་ཁམས་ཡུལ་དུ་སོང་།།
ཁྱེད་ལ་མཁོ་བའི་ཆུང་མ་དེ།།
ལྷ་ཀླུའི་ཡུལ་ན་ཡོད་ཀྱང་སྲིད།།
པཎ་ཆེན་བློ་བཟང་ཆོས་རྒྱན་དང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་རྣམ་གཉིས་ནི་ཁོ་བོས་སྙིང་དབུས་ནས་བཀུར་བའི་མཁས་གྲུབ་ཀྱི་སྐྱེས་བུ་དམ་པ་གཉིས་ཡིན།
དྲི་ལན་སོགས་ཡག་པོ་འདུག སྤྱིར་བཏང་གྲྭ་འཁྱམ་ང་ནི། ཀླུ་སྨྱོན་ཁྱེད་ལ་རྒྱབ་སྐྱོར་གནང་མཁན་དང་ངོ་ཤེས་རྙིང་པ་ཡིན། འོན་ཀྱང་ཁྱེད་ཀྱི་ཟིན་བྲིས་ཁ་ཤས་ནང་ཁ་བརྩོག་དེ་དག་མཐོང་བ་ན། ཡིད་སེམས་ལ་བརྣག་དཀའ་བའི་ན་ཟུག་དང་ཧྲོ་ལངས་པ་ཞིག་རང་བཞིན་གྱིས་ཡོང་གིན་འདུག རྒྱུ་མཚན་ནི། དགེ་ཚུལ་སློང་ཡིན་ན་སྟོན་པ་བཀའ་དྲིན་ཅན་གྱི་འདུལ་ཁྲིམས་རིན་པོ་ཆེ་ལ་དེ་འདྲའི་ཁྱད་གསོད་བྱས་ནས་གང་དྲག་བསམ་པ་སོགས་ཀྱིས་རེད། གྲྭ་ལོག་ཡིན་ན་ཡང་ལོག་ནས་མ་ཆོག་ད་དུང་ངག་ཀྱལ་རྐྱང་རྐྱང་བཤད་པ་ཡོག་པོ་མ་རེད་བསམ་དེ་ཁ་སེང་ཡང་ངོ་ཚ་ཁྲེལ་མེད་དེ་ཅེས་ཚིག་ངན་རེ་ཡང་ཤོར་སོང་། གང་ལྟར་རང་དབང་ཡོད་ལ་ཚད་བཀག་མེད་ནའང་། ཆོས་དང་འཇིག་རྟེན་གྱི་སྲོལ་གང་ཡང་བརྩི་མི་དགོས་བ་དེ་འདྲ་མ་གནང་ན་བཟང་སྙམ།
ཨ་ལགས་ཀླུ་སྨྱོན་བདེན།
པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དང་། ཡོངས་འཛིན་དཀའ་ཆེན་ཡེ་ཤེས་རྒྱལ་མཚན་རྣམ་གཉིས་ནི་གདན་ས་བཀྲ་ཤིས་ལྷུན་པོའི་ནང་ནས་བསླབ་པ་མཐར་སོན་ཅིང་། ལམ་རིམ་ཉམས་བཞེས་མཛད་མཁན་གྱི་ཡོངས་གྲགས་སྐྱེས་ཆེན་དམ་པ་གཉིས་པོ་དེ་ཡིན།།
རེད་ལགས། རྒྱལ་བ་འཇམ་དཔལ་རྒྱ་མཚོས་མཛད་པའི་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་རྣམ་ཐར་དེ་མཇལ་བས་ཁོང་ལ་དད་གུས་ཚད་མེད་པ་ཞིག་སྐྱེས་ནས་བལ་ཡུལ་སྐྱིད་གྲོང་བསམ་གཏན་གླིང་དུ་སོང་སྟེ་ཁོང་གི་གསུང་པོད་ཚང་མ་གཡར་བོ་ཞུས་ཏེ་བཀླགས་པ་ཡིན།
ཁོང་གིས་མཛད་པའི་གསུང་དེ་ཚོ་གཏིང་ཧ་ཅང་ཟབ་པ་གང་ཞིག་ལ་གོ་བདེ་བོ་ཤ་སྟག་ཏུ་སྣང་། དཔེར་ན་ཁོང་གིས་མཛད་པའི་འཇམ་དཔལ་མཚན་བརྗོད་ཀྱི་བཞིན་རེད།
ཁོང་གི་ཨ་མས་གནང་བའི་སྐེ་རགས་ཤིག་ཡོད་པ་གུས་བརྩི་ཆེན་པོས་ཉི་མ་རྟག་པར་སྐུ་ལ་འཆང་བཞིན་ཡོད་ཀྱང་ཉིན་ཞིག་མོན་པའི་ཇག་པ་འགས་འཕྲོགས་སོང་བས་ཁོང་གིས་ཐུགས་སྣང་ཆེན་པོ་གནང་བ་དེ་ཁོ་ནས་ཀྱང་ང་ལྟ་བུ་ཚོར་བ་རྣོ་བའི་རིགས་ཀྱི་མིག་ཆུ་དབང་མེད་དུ་འདྲེན་པར་བྱེད་དོ།།
གཞན་ཁོང་གིས་ལྷོ་ཁའི་ས་སྟོང་ཞིག་ནས་ཁོང་གི་ཡབ་ཚོང་ལ་སོང་བ་དང་མཇལ་དུས་ཡབ་ཀྱིས་ཁོང་ལ། ཁྱོད་ཀྱི་སྤྲང་པོའི་ཆ་ལུགས་འདིས་ཆོས་རྣམ་དག་ཅིག་འགྲུབ་མིན་ད་དུང་བརྟག་བྱ་རེད་ལྟ་བུ་ཞིག་གསུངས་པས་ཁོང་ལ་སེམས་ཤུགས་ཆེན་པོ་ཞིག་སྤར་བ་སོགས་ད་དུང་དྲན་ལམ་ན་འདུག
མཚན་བརྗོད་ཀྱི་འགྲེལ་པ
རྒྱལ་བ་འཇམ་རྒྱས་མཛད་པའི་ཁོང་གི་རྣམ་ཐར་དེའི་ནང་ད་དུང་ཁོང་གིས་ཉིན་ཞིག་རྒྱལ་བ་འཇམ་དཔལ་རྒྱ་མཚོར། སྔོན་ཆད་སློབ་མས་བླ་མའི་ངོ་སྲུང་དགོས་ཀྱང་དེང་སྐབས་བླ་མས་སློབ་མའི་ངོ་སྲུང་དགོས་ཀྱི་འདུག་གསུངས་ལུགས་ཀྱང་བྲིས་འདུག
ཁྱོད་གྲྭ་བ་ལོག་སྟངས་བཤད་མི་འདའ།
ཀླུ་སྨྱོན་ལགས་ཀྱིས་ཡག་པོ་གསུང་འདུག་རྗེས་སུ་ཡི་རང་ཡོད། ཡིན་ནའང་ངའི་ཀླུ་སྨྱོན་ལ་སྤྱིར་བཏང་རྩོམ་འབྲི་བ་ཞིག་ལས་གཞུང་ཆེན་དང་བསྟན་བཅོས་སོགས་ལ་དཔྱད་རྩོམ་པ་ཞིག་ནི་དུས་ནམ་ཡང་ངོས་འཛིན་ཞུ་གི་མེད། །དེ་མིན་སྒྲུང་རྩོམ་ངག་སྙན་ཐར་ཐོར་རེ་སོ་སོའི་སེམས་ཀྱི་དགའ་སྐྱོ་ཆགས་སྡང་དང་འདྲེས་མ་རེ་བྲི་བ་ལ་ཁོ་རང་ཡང་ངོ་ཚ་དང་འཚེར་སྣང་མེད་ལ་ང་ཚོའི་སྤྱི་ཚོགས་འདི་ཡང་ཡིག་རྨོངས་མང་བའི་ས་ཆ་ཞིག་ཡིན་ཙང་མ་འགྲིག་ཡ་ཅི་མི་འདུག །འཚམས་འཚམས་བོད་མི་ཁ་ཤས་ཀྱིས་ཀླུ་སྨྱོན་མ་གཏོགས་སྙན་ངག་མཁན་དང་རྩོམ་འབྲི་བ་ཞིག་མེད་པ་འདྲ་བོ་བྱེད་ཀྱི་འདུག །དེ་ནི་དངོས་གནས་ང་ཚོའི་སྤྱི་ཚོགས་ལ་ཡིག་རྨོངས་བ་དང་རྩོམ་འབྲི་བ་ཚད་ལྡན་ཞིག་མེད་པས་རང་རྟགས་ཞིག་མཐོང་བ་རེད།
གཞིས་ཞོལ་ཚེ་རྡོར་ལེགས།
པཎ་ཆེན་ཆོས་ཀྱི་རྒྱལ་མཚན་གྱི་བླ་ན་མེད་པའི་ཚིགས་བཅད་དེ་བྲིས་མཛད་པར་བཀའ་དྲིན་ཆེ། བདག་སོགས་མང་པོས་བློ་ལ་ངེས་པར་བྱེད་པས་ཁྱེད་ཀྱི་འབད་པ་དོན་ཆེ་བར་འགྱུར།
ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ཞབས་ཀྱིས་ཡི་གེ་དག་པ་འབྱུང་ན། སངས་རྒྱས་ཀྱི་བསྟན་པ་ལ་ཕན་པར་དགོངས་ཏེ། དུས་ཀྱི་དགོངས་ལ་ཡང་དགོང་ཞེས་མ་བྲིས་པར་དགོངས་ཞེས་ལན་མང་བྲིས་པ་མཐོང་། སྒྲའི་འབྱུང་སྟངས་ལ་གཞིགས་འཇུག་བྱས་ན། བཞེད་པའི་དགོངས་དེ། དུས་ཀྱི་དགོངས་ལས་བྱུང་། འདི་སྒྲ་འབྱུང་སྟངས་མ་ཤེས་ན། བློ་ལ་ཆུད་དཀའ། ངས་བོད་ཀྱི་སྒྲ་འགའ་ཞིག་གི་འབྱུང་སྟངས་བསམ་བློ་གཏོང་སྐབས། འབྱོར་ལྡན་ལ་ཕྱུག་པོ་ཟེར་བའི་སྒྲ་བྱུང་བ་སེམས་ལ་ཤར་ཡང་། མང་པོ་བློ་ལ་མ་བབས་པ་དག་གི་བཞད་གད་ཀྱི་གནས་སུ་འགྱུར་བས་བཏང་སྙོམས་སུ་གཞག་གོ །
0དྲི་བ། ཁྱོད་ཀྱི་གྲུབ་མཐའ་རྙིང་སྨྲ་བ་ཡིན་རབས་ཟེར་རྙིང་སྨྲ་བ་ཡིན་ན་བུད་མེད་ལ་འགྲོགས་ན་ཆོག་ནི་རེད་ཟེར་གི་དེ་བདེན་ནམ།
དྲི་བ་དྲིས་སྟངས་འདི་ལ་ལྟ་ན་དྲི་བ་པོ་འདི་Gay ལུགས་པ་ཞིག་ཡིན་པ་འདྲ།
དཀའ་ཆེན་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གདན་ས་བཀྲ་ཤིས་ལྷུན་པོར་སློབ་གཉེར་ཐར་ཕྱིན་རྗེས་ཐོས་བསམ་གླིང་གི་མཁན་ཆེན་དཔལ་ལྡན་ཡེ་ཤེས་རྒྱ་སོག་ཡུལ་གྲུར་ཕེབས་གཏན་འཁེལ་བར་མཁན་པོ་གསར་པའི་འོས་མིར་ཁོང་གི་མཚན་སླེབས་པར་ཉེ་བར་སོང་་། མཚན་སྙན་གྲགས་སྙིང་པོ་མེད་པར་གཟིགས་ནས་དབེན་པའི་རི་ཁྲོད་ལ་ཕེབས་འདུན་སྔོན་ནས་ཡོད་པ་བཞིན་ཆར་པ་ཆུ་གྲོགས་སུ་གྱུར་སྟེ་ཕྲལ་མར་དབེན་པའི་རི་ཁྲོད་ལ་ཕེབས་པའི་སྐུལ་མར་གྱུར་པ་དང་། དེ་ཡང་དབུས་སུ་ཕུར་ལྕོག་བྱམས་མགོན་རིན་པོ་ཆེ་དང་། སྐྱིད་གྲོང་ཁུལ་དུ་ལྕགས་པ་གྲུབ་དབང་བློ་བཟང་རྣམ་རྒྱལ་གང་རུང་གི་དྲུང་དུ་ཕེབས་རྒྱུ་ཐུག་ཐག་མ་ཆོད་པར་དགོན་པའི་མདུན་གྱི་ཕྱག་འཚལ་སྒང་དུ་ཕེབས་ཏེ་ཕྱག་འཁར་ས་ལ་གཡུག་ནས་རྩེ་མོ་གང་དུ་རིལ་ཡང་དེའི་ཕྱོགས་སུ་ཕེབས་རྒྱུའི་ཐུགས་ཐག་བཅད་དེ་ཕྱག་འཁར་ས་ལ་གཡུག་པར་རྩེ་སྟོད་ཕྱོགས་སུ་ལྷུང་པར་གྲུབ་དབང་བློ་བཟང་རྣམ་རྒྱལ་གྱི་དྲུང་དུ་ཕེབས་པ་ཡིན། གྲུབ་དབང་བློ་བཟང་རྣམ་རྒྱལ་གཞིས་རྩེའི་ཉེ་འགྲམ་ལྕགས་ཞེས་པར་འཁྲུངས་པ་དང་། གདན་ས་བཀྲ་ཤིས་ལྷུན་པོར་སློབ་གཉེར་གནང་བ་དང་། ཁོང་གསུངས་བཟང་བས་གདན་སའི་དབུ་མཛད་དུ་འཁོད་ཉེའི་མཚམས་རི་ཁྲོད་དུ་ཕེབས་པ་དང་། པན་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཡེ་ཤེས་ནས་རི་ཕྲོད་ལ་ཕེབས་དགོས་པའི་བསྐུལ་མ་དང་མཐུན་རྐྱེན་གནང་ཡོད།
པན་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་རྒྱན་དགུང་ལོ་བརྒྱ་ལྷག་བཞུགས་པ་དང་། ཉིན་ཞིག་ཞབས་གྲས་རྣམས་ལ་སྐུ་འདྲ་ཞིག་བཞེངས་དགོས་པའི་བཀའ་ཕེབས་པ་བཞིན་ཁོང་གི་ཞལ་དབྱིབ་ཇི་བཞིན་བཞེངས་ནས་གཟིགས་འབུལ་ཞུས་པར་ང་ལོ་ཆེན་པོ་འདི་འདྲ་ཆགས་འདུག་གམ་ཞེས་བཀའ་དྲི་གནང་བ་དང་། དེ་ནས་རིང་པོར་མ་ཐོག་པར་དགོངས་པ་གཞན་དོན་དུ་བཤེགས་པ་དང་། སྐུ་དེར་ཆོས་རྒྱན་ང་འདྲ་མ་ཞེས་ཞུ་བཞིན་བཀའ་འགྱུར་ལྷ་ཁང་བཞུགས་ཡོད།
པན་ཆེན་ཆོས་རྒྱན་གྱི་གསུང།
ཉམས་མྱོང་ཅན་གྱི་རྣལ་འབྱོར་བས།
དཔྱད་ན་དགོངས་པ་གཅིག་ཏུ་བབས།
ཟེར་བ་འདིས་བླ་མ་འདིའི་རྟོགས་པ་ཇི་ཙམ་མཐོན་པོ་ཡིན་པ་གསལ་པོར་ཤེས་ཀྱི་འདུག
ཡ་ཡ་གྲོགས་པོ་ཚོ་དེ་རིང་གི་ཁ་བརྡ་བསྤྲོ་སྐྱིད་གི་གཞི་མ་་། གངས་དཀར་རྒྱལ་སྲས་གྱིས་འདྲི་བ་རེ་ལ། མཁས་མཆོག་གླུ་སྨྱོན་གྱིས་བདེན་དོན་གླེང་སོང་། དེ་རྗེས་མཁས་པའི་བསྒྲོད་་གླེང་རེ་རེའི་། རིན་ཐང་བྲལ་བའི་བདེན་དོན་རེ་རེ་། ང་ཡི་ད་དུང་འཚོལ་ཞིང་བསྙེགས་ །
པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་སྐུ་ཚེ་རིང་པོར་བཞུགས་འགྲོ་བའི་དོན་མཛད། སྐུ་གཤེགས་རྗེས་ཞལ་སློབ་འགའ་ཞིག་ལ་སྐྱོ་བ་ཆེན་པོ་སྐྱེས་ཏེ། འགྱེད་ཀྱང་བླངས་མི་འདུག རྗེ་བཙུན་བླ་མ་རང་ལ་ཡང་རྒས་པའི་སྐབས་སུ། སྐུ་དང་ཐུགས་ལ་བདེ་བ་མེད་པའི་ཚུལ་བཞེས་ནས། ངའི་སློབ་མ་གཞན་ལ་དཔེ་ཆ་སློབ་ཐུབ་པ་ཁ་ཤས་ཀྱང་ཚེ་མ་ཐུབ་པས་སེམས་སྐྱོ། ང་ཤི་ནས་རི་དྭགས་ལྟ་བུར་སྐྱེ་ན་ཡང་གུ་ཡངས་པོར་འགྲོ་ཆོག་ཅེས་གསུངས་པ་རྣམ་ཐར་ན་གསལ་བ་དྲན།
སོག་པོ་དགེ་བཤེས་དབང་རྒྱལ་ལ་བོད་ཀྱི་དགེ་བཤེས་ཤིག་གིས་སྐུ་ཚེ་རིང་བར་ཤོག་ཅེས་ཞུས་པ་ན། ལུས་ལ་ན་ཚ་མེད་པར་སོ་སོ་རང་གི་འོས་འཚམས་ཀྱི་བྱ་བ་བྱེད་ཐུབ་ན། ཚེ་རིང་བ་དེ་ཕན། དེ་མིན་ཚེ་རིང་ན་ཡང་ཅི་འོང་། ཞེས་པ་གསུངས་པ་ཐོས་སོ།།
སྡོམ་གསུམ་ངོ་བོ་གཅིག་ཏུ་ཡོད་ན། ནུས་པ་ཆེ་བར་མཐོང་ཡང་། ངོ་བོ་ཐ་དད་དུ་ཡོད་ན། བརྟན་ཆ་ཆེ་བ་ཡོད་པས། ངས་བྱས་ན། གང་ཟག་གཅིག་གི་རྒྱུད་ལ་སྡོམ་གསུམ་ངོ་བོ་གཅིག་ཏུ་སོང་བདང་། སོ་སོར་གནས་གཉིས་ཀ་ཡོད་དགོས་སྙམ་ལགས།
ད་རེས་ཁྱེད་ཅག་གིས་ཁ་བརྡ་བབས་ཆགས་པ་རེ་བྱས་འདུག་པས་ཁོ་བོས་ཀྱང་དུས་ཐུང་ཞིག་སྤྱད་དེ་ཚིག་འགའ་བརྗོད་ལ་སྲན་མ་ཚུགས། སྡོམ་པ་ཞེས་པ་དེ་རང་གི་སེམས་རྒོད་དེ་བཏང་འཛིན་བྱེད་སྤྱད་ཡིན། དེ་ཡང་མཉམ་མེད་སྟོན་པ་རིན་པོ་ཆེས་བྲམ་ཟེའི་ཆོས་ལུགས་༼དེང་སང་ཧིན་རྡུར་འབོད་པ།༽ལས་བྱུང་བ་རིང་ཕུར་དང་ལྷག་སྤྱོད་ཀྱིས་ཉིད་ལ་བསྟན་པའི་ལམ་དེས་འཇིག་རྟེན་འཁོར་བའི་སྲིད་པའི་རྩེར་སླེབས་ཙམ་ལས་དེ་ནས་མི་ཟག་པ་དང་བླ་མེད་མྱ་ངན་གྱི་གྲོང་ལས་འདས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེར་བགྲོད་མི་ཐུབ་པས། མཐུན་མོང་སྣང་ངོར་ལོ་དྲུག་དཀའ་ཆེན་སྤྱད་དེ་ས་འོག་ཏུ་རྡོ་རྗེའི་རྒྱ་གྲམ་ཡོད་པའི་གནས་ག་ལ་བ་དེར་ས་ཟླའི་ཚེས་བཞིར་སངས་རྒྱས་པའི་ཚུལ་བསྟན་ནས་དྲུག་པའི་ཚེས་བཞི་བར་བདུན་བདུན་རིང་ཆོས་མ་གསུངས་ཤིང་དེ་རྗེས་ཚངས་རྒྱ་གཉིས་པོས་ཡོན་རྒྱ་ཆེན་ཕུལ་ཏེ་ཞུས་འབྲས་སུ་ཝ་ར་ཎ་སིར་ཆོས་འཁོར་ཐོག་མ་ སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤངས་པར་བྱ། ལམ་སྒོམ་པར་བྱ། འགོག་པ་མངོན་དུ་བྱ་ཞེས་བདེན་པ་བཞིའི་ཐོག་ནས་གསུངས། དེ་ཡང་སྡུག་བསྔལ་ལ་གསུམ་དུ་ཡོད་པ་དེས་ཡིད་ཅན་ཀུན་ལ་གཏན་དུ་གཙེས་པ་དེ་ངོ་ཤེས་པ་བྱེད་དགོས་པ་ལས་གནས་འདིར་བདེ་བ་མེད་དེ་ད་ལྟའི་བདེ་བར་རློམ་པ་དེའང་སྡུག་བསྔལ་ཅུང་སྟངས་སྙོམས་སུ་སོང་བ་ཙམ་མོ་ཞེས་གོ་བར་བྱ། དེ་ལ་དེའི་རྒྱུ་གང་ཞེ་ན་ཀུན་འབྱུང་སྟེ། དེ་ལ་གཉིས་ཡོད་པ་ནི་༼ལས།༽ཟེར་བ་དེ་དང་༼ཉོན་མོངས།༽ཟེར་བ་དེ་གཉིས་རེད། ད་འོ་ན་དེ་ཇི་ལྟར་སྤོང་སྙམ་ན། རང་རྒྱུད་ཀྱི་ཉོན་མོངས་རང་མཚན་པ་དེ་མེད་པ་མ་བྱས་ན་དེས་ལས་བསགས། དེ་ནས་སླར་འཁོར་ཤིང་འཁོར་ཤིང་ཀུན་གྱིས་མི་འདོད་པའི་སྡུག་བསྔལ་དེ་ཐོག་ཏུ་འབབ་ཀྱིན་ཡོད། དེར་རྟེན་ཉོན་མོངས་རང་མཚན་པ་དེ་མེད་པར་བཟོ་སླད་སེམས་རྒོད་སྡོམ་དགོས། འོ་ན་ཅིའི་ཕྱིར་མཐུ་སྔགས་རྫས་ཀྱིས་ལམ་སེང་མེད་པ་མ་བཟོས་པར་ཡུན་རིང་དཀའ་ཐུབ་རྟེན་དགོས་སམ་སྙམ་ན། རང་སེམས་འདི་དེ་རིང་ཁ་སང་ཉོན་མོངས་པས་གོས་པ་མིན་པ་དང་། དེའང་དྲྭ་འབུ་གོས་པ་བཞིན་མིན་པར་སྐྱེ་བ་ཐོག་མ་མེད་པའི་སྔ་རོལ་ནས་སེམས་ཉོན་མོངས་དང་ཆེས་ཆེར་འབྲེལ་ནས་ཡོང་བས་དེ་ལའང་ལག་ཆ་ཡག་པོ་ཞིག་གིས་ཡུན་རིང་ཁ་གཏད་བཅོག་དགོས། དེ་མིན་ཆོས་པ་ཡིན་ཡང་༼ཟས་རྒྱགས་ཉི་མས་དྲོས་ཚེ་ཆོས་པའི་གཟུགས། །མི་འདོད་ཐོག་ཏུ་བབས་ཚེ་ཐ་མལ་པ། །༽ཞེས་པར་ཕལ་ཆེན་འགྱུར་འགྲོ་བ་འདིས་ཤེས་ནེ་རེད། སྡོམ་པ་ལ་སྤྱིར་མང་དུ་ཡོད་ཀྱང་བསྡུ་ན་སོ་བྱང་སྔགས་གསུམ་ཡིན། དེ་ལ་རྒྱ་གར་དུ་སོར་སྡོམ་ལ་སྲུང་ཚུལ་མི་འདྲ་བ། བྱང་སྡོམ་ལ་ལེན་ཚུལ་དང་རྟེན་གྱི་བཞེད་པ་མི་འདྲ་བ། སྔགས་སྡོམ་ལ་དམ་ཚིག་མི་འདྲ་བ་དང་། བོད་དུའང་དེ་དག་གི་རྒྱུད་པའི་དབང་གིས་བཞེད་པ་མི་འདྲ་བ་དང་ཕྱག་སྲོལ་མི་འདྲ་བ་༼འདྲ་མི་འདྲ་གུ་རུ་མཚན་བརྒྱད་དང་། །རིགས་མི་འདྲ་རིགས་གསུམ་མགོན་པོ།༽ཞེས་པའི་དཔེ་ལྟར་དུ་མ་འཆིས་ཀྱང་ཡོད་ཚད་ཁོ་བོས་མི་ཤེས་ལ་ཤེས་ཚད་འདིར་བྲིས་ཀྱང་གསང་བ་མི་སྲུང་བ་དང་ཀློག་པ་པོར་ངལ་བར་ཟད། དེས་ན་དོན་མདོར་དྲིལ་བར་བྱ་སྟེ། མངའ་རིས་པཎ་ཆེན་གྱིས། ༼ཇི་སྲིད་སེམས་ཀྱི་འཇུག་པ་མ་ཟད་བར། །བསམ་ཡས་ཐེག་པའི་གྲངས་མཐར་ཐུག་པ་མེད། །༽ཅེས་གསུངས་པ་ལྟར་ཡིད་ཅན་རེའི་སེམས་ཁམས་ཐ་དད་ན་གྲུབ་མཐའ་མི་ཅིག་པ་ཡོད་ཆོག་དང་ཆོག འོན་ཀྱང་ད་རེས་ཀྱི་གླེང་གཞི་གཙོ་བོ་སྡོམ་པ་གསུམ་འགལ་མེད་དུ་ཉམས་སུ་ལེན་ཚུལ་མ་ཤེས་པ་འགའ་ལ་གསལ་འདེབས་བྱ་རྒྱུར། ཕྱི་སོ་ཐར། ནང་བྱང་སྡོམ། གསང་བ་རིག་འཛིན་སྔགས་སྡོམ་ཅན་དེས། མངའ་པཎ་གྱིས་༼ངོ་བོ་གནས་འགྱུར་ཡོན་ཏན་ཡར་ལྡན་པས། །གནད་ཀྱིས་མི་འགལ་དུས་སྐབས་གང་གཙོར་སྤྱད། །༽གསུངས་པ་ལྟར་སྡོམ་པ་འོག་མ་འོག་མ་གོང་མ་གོང་མས་ཟིལ་གྱིས་གནན་ཏེ་ཡོད་པ་ལས་གོང་མ་ཐོབ་སྐབས་འོག་མ་མེད་པ་མིན། དེ་མིན་བསྙེན་པར་རྫོགས་རྗེས་གཞས་བཏང་ན་ནམ་ཡང་ལྟུང་བ་མི་འབྱུང་བར་ཐལ། ཁྱོད་ལ་དགེ་ཚུལ་གྱི་སྡོམ་པ་མེད་ཅིང་དགེ་སློང་ལ་དེ་ལྟུང་བ་སྡེ་ལྔ་པོ་གང་ཡང་མིན་པའི་ཕྱིར། དེས་ན་སྡོམ་པ་གོང་མ་ཡོད་འཁན་ལ་འོག་མ་ཡོད་པ་གཞིར་བཞག ་བྱང་སྡོམ་ཡིན་ན། ༼གཞན་ཕྱིར་ཕན་ན་ལུས་ངག་མི་དགེ་བདུན། །གནང་བའི་སྐབས་ཡོད་དོན་ལ་དགེ་བ་ཡིན།།༽ཞེས་གསུངས་པ་བཞིན་རྣམ་པ་མི་དགེ་བ་ཡིན་ཀྱང་ཀུན་སློང་གཞན་དོན་ཡིན་ན་དོན་ལ་དགེ་བ་ཡིན། སྔགས་སྡོམ་ཡིན་ན། ༼འདུ་ཤེས་གསུམ་གྱིས་འཁྲིག་ན་རྣལ་འབྱོར་དེར། །གཞི་བསམ་སྦྱོར་མཐའ་གང་རུང་མ་ཚང་བས། །རྨི་ལམ་ཇི་བཞིན་གནད་ཀྱིས་འགལ་མི་སྲིད། །༽ཅེས་པ་ལྟར་ཐབས་ཤེས་ཁྱད་འཕགས་ཀྱིས་ཟིན་པས་ས་ལམ་མྱུར་བགྲོད་ལ་ཕན། འཕྲོས་དོན་ལ། ཁ་ཅིག་གིས་”ད་ང་གྲྭ་པ་ཡོང་ས་མ་རེད། རྙིང་མའི་ལུགས་ཀྱི་སྔགས་པ་བྱེད།”ཟེར། ཁོ་རང་གི་མགོ་བོ་དེ་ཟེར་གྱི་ཡོད་རེད་མ་གཏོགས། སྡོམ་པ་འོག་མ་ལས་གོང་མ་སྲུང་ཁག་པ་ཡོད། དེ་ཟེར་འཁན་མང་ཆེ་བ་ཆགས་སྲེད་ཀྱིས་མ་བཞག་པར་རྩ་རླུང་ཐིག་ལེའི་ཉམས་ལེན་ཏིལ་འབྲུ་ཙམ་མེད་ཅིང་མི་ཁ་ལ་སྐྲག་ནས་དེ་ལྟར་བྱེད་པ་རེད། སྡོམ་གསུམ་རྣམ་ངེས་ལས་མངའ་པཎ་གྱིས་༼དགེ་སློང་དགེ་ཚུལ་དགེ་བསྙེན་སྡོམ་ལྡན་དེ། །རྡོ་རྗེ་འཛིན་པའི་རབ་འབྲིང་ཐ་ཡིན་ཞེས། །འབུམ་ལྔའི་རྒྱུད་ཀྱི་ལུང་ལས་གསལ་བར་གྲུབ། །༽ཅེས་གསུངས་པའི་དོན་ནི་སྔགས་སྡོམ་རྡོ་རྗེ་འཛིན་པའི་གཞི་མར་རབ་དགེ་སློང་། འབྲིང་དགེ་ཚུལ། ཐ་མར་ཡང་དགེ་བསྙེན་ཡིན་དགོས། མ་ཟད་རང་ལུགས་བྱང་སྡོམ་ལའང་སོར་ཐར་རིགས་བརྒྱད་གང་རུང་ལྡན་པ་དགོས། རྙིང་མའི་ལུགས་ལ་ཆང་མཐུང་ཆོག བོུ་རྟེན་ཆོག་ཟེར་བ་དེ་གསུམ་ལྡན་རྡོ་རྗེ་འཛིན་པ་ཞེས་སྔགས་སྡོམ་དངོས་གནས་ཡོད་ཅིང་ཉམས་ལེན་ཡག་པོ་ཡོད་པ་གུ་རུ་དང་མཁྱེན་བརྩེ་གོང་མ་དང་བདུད་འཇོམས་གོང་མ་ལྟ་བུ་ཚོར་རྟོགས་པ་ཁྱད་པར་ཅན་སྐྱེས་ཏེ་འགྲོ་དོན་རྒྱ་ཆེན་ཡོངས་ཐབས་ལ་ཟེར་བ་རེད་མ་གཏོགས་ཁོ་ཚོ་སྐྱིད་པོ་གཏོང་ཆེད་རྩ་བ་ནས་མ་རེད། དེ་མིན་ནོར་འཁྲུལ་རེད། སྡོམ་འཆལ་རེད། གང་ལགས་ཟེར་ན་གདུགས་མེད་པར་རི་རྩེ་ནས་མཆོངས་པ་དང་མཚུངས་པས་སོ། ད་མང་པོ་བཤད་སོང་། ད་ནི་བདེན་པ་འཕྲོས་གཉིས་ཀྱི་ཤོད་རྒྱུན་ཙམ་བརྗོད་དེ། ལམ་གྱི་བདེན་པ་ཞེས་པ་ནི་ཆོས་བྱེད་འཁན་གྱི་བྱ་བ་གཙོ་བོ་ཡིན། རྒྱས་པ་ཤེས་འདོད་ན་ཕར་ཕྱིན་ནམ་ཤེར་ཕྱིན་ལ་ལྟོས། དེ་ནི་ཀུན་སློང་ཁྱེར་སྟངས་ནས་ཉམས་ལེན་བྱེད་སྟངས་སོགས་ཆོས་ཞེས་སེམས་ཁམས་བཅོས་སྟངས་ཀུན་ཆ་ཚང་བའི་ཆ་ཞིག་རེད། དེ་ལག་ལེན་བྱས་ན་ཐོབ་པར་བྱ་དགོས་པ་འགོག་པ་ཐོབ་ཀྱི་ཡོད། འགོག་པ་ཟེར་ན་གང་རེད་སྙམ་ན་བདེན་པ་བཞི་པ་རེད། དེ་ནི་སྡུག་བསྔལ་ཀུན་དང་བྲལ་བའི་ཆ་ཞིག་ཡིན་ལ་མིང་གཞན་སངས་རྒྱས་ཀྱི་གོ་འཕང་ཟེར་བ་དེ་རེད། དེས་ནི་ག་དུས་ཡིན་རུང་ཟག་མེད་ཅེས་རྫོགས་པ་མེད་པའི་བདེ་བ་སྤྲོད་པར་བྱེད། དེ་ལས་ནམ་ཡང་བྲལ་བ་མེད། སངས་རྒྱས་པ་རེད། རང་དབང་རེད། ས་པཎ་གྱིས་༼རང་དབང་ཐམས་ཅད་བདེ་བ་ཡིན། །གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན། །༽གསུངས་པ་དོན་ངོ་མ་དེ་ལ་ཟེར། ད་ཁོ་བོས་གནས་སྐབས་འཇུག་སྡུད་པར་བྱེད། ཡང་དྲི་བ་ཡོད་ན་དེ་སྐབས་གང་ཐུབ་ལན་འབུལ་ཐུབ་པ་བྱེད། དགེའོ།། །།
ཁོ་བོས་བརྗེད་གྲབས་བྱས་པ་རེད། ཀླུ་སྨྱོན་ལགས་ཁྱེད་རང་གིས་ཡག་པོ་ཞེ་དྲག་བཤད་འདུག ཁྱེད་ཀྱི་མཚན་གྲགས་སྔོན་མ་ནས་མཐོས་མྱོང་ཡང་ངོ་མཇལ་བྱུང་པ་དང་པོ་ཡིན། ཁོ་བོའང་ཁ་རེ་ཁར་ཐུག་གི་གཤིས་ལ་དགའ་པོ་ཡོད། འོན་ཀྱང་ཁྱེད་ལ་སྡོམ་པ་ཡོད་མིན་མ་ཤེས། གལ་ཏེ་ཡོད་ན་༼ལུས་ཀྱི་སྡོམ་པ་ལེགས་པ་སྟེ། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། །ཐམས་ཅད་དུ་ཡང་སྡོམ་ལེགས། །༽གསུངས་པ་ལྟར་ཞལ་གཙང་མ་གནང་ན་རང་ལ་མིས་ལྟ་སྟངས་ཡག་གི་རེད་ལ་མི་ལའང་ཚིག་གི་མདའ་མོས་སྡུག་གི་མ་རེད། ལྷག་བསམ་བཅས། དེ་མིན་ཁྱེད་ཀྱི་ཁྱད་ཆོས་ལེགས་པ་རྩོམ་ཡིག་ཀློག་བདེ་གོ་བདེ་དང་། རྣམ་དཔྱོད་ཁྱད་པར་བ་དེར་ཡིད་སྨོན་ཡོད། ཁོ་བོ་ད་ལྟ་སློབ་ཕྲུག་ཡིན་རུང་ནམ་ཞིག་རྩོམ་པ་པོ་ཞིག་བྱེད་འདོད་ཤིན་ཏུ་ཆེ། དེ་ལ་རོགས་རམ་ཞུ་ངེས་ཡིན་པས་ལམ་སྟོན་ཡོང་རེ་ཡོད། ཁ་ྲོ
ཀ་ཕྱག་ལགས། ལུགས་སོ་སོར་དེ་འདྲ་དགོས་ན་ཆོག་པ་མ་གཏོགས། མི་གཅིག་ལ་ངོ་བོ་གཅིག་ཡིན་པ་དང་ཐ་དད་ཡིན་པ་གཉི་ཀ་ཡོང་ཐབས་མེད། དེ་གཞི་མཐུན་མི་སྲིད་པས་སོ། མ་ཟད་ཉེན་ཁ་ཆུང་བ་ཟེར་བ་དེ་མི་ཁ་ཙམ་མ་གཏོགས་དོན་ལ་ཅིག་པ་རེད།
ཆོས་བཤད་ས་ལ་སྲིད། སྲིད་བཤད་ས་ལ་ཆོས་བཤད། བདེན་རྒྱབ་ལགས།
ཡར་ཤོད་ས་ལ་མར། མར་ཤོད་ས་ལ་ཡར།མྱ་ངན་མེ་ཏོག་ལགས།
དངོས་རྒྱུ་སྡོམ་པ་མ་སྲུང་མི་དགོས་རྒྱུ་སྡོམ་གསུམ་ངོ་བོ་གཅིག་ན་ཅིག་ཟེར་ནས་དུས་ཚོད་འཕྲོ་བརླག་རང་རེད། བདེན་པའི་རྒྱབ་མི་བདེན་པ་ལགས།
་་རྒྱ་ནག་གི་སྲིད་བློན་ཝུན་ཅ་པོ་ཡིས་ཀྱང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྟེང་གི་གསར་འགོད་པའི་དྲི་ལན་སྐབས། ཁོང་བོད་མི་ན་གཞོན་མེ་ལ་ལྕེབས་མཁན་དེ་ཚོར་གདུང་སེམས་མཉམ་བསྐྱེད་ཡོད་ལབ་འདུག་་
ཝུན་གྱིས་འདི་འདྲ་ལབ་ཡོད་པ་མ་རེད་ད། ག་རེ་བྱས་ནས་སྲིད་དོན་པ་ཞིག་གིས་བཤད་པའི་ཆབ་སྲིད་ཀྱི་དོན་དག་ཡོད་པའི་སྐད་ཆ་ལ་ཡག་བཅོས་བྱེད་ཀྱི་ཡོད།
གདུང་སེམས་མཉམ་སྐྱེད་ཡོད་ཟེར་ན། སྐུ་ལུས་མེ་མཆོད་འབུལ་མཁན་ཚོར་རྒྱབ་སྐྱོར་གྱི་སྐད་ཆ་ཞིག་རེད།
ལགས་སོ། རྒྱབ་སྐྱོར་བ་བདེན་རུང་མི་བདེན་རུང་རྒྱབ་སྐྱོར་བྱེད་ས་བདེན་པ་རེད་ལ་མེ་ཏོག་ཁྱེད་ཀྱིས་ངོས་ལེན་བྱས་པའང་ཡག་གི། དེ་མིན་ཁ་བཙོག་དང་ཚིག་ངན་བརྗོད་ཁོམ་མི་འདུག་ལགས།