“མི་རིགས་ཀྱི་བསྟན་དོན་སླད་དུ་སྐུ་ལུས་མཆོད་མེ་ཕུལ་བ་རྣམས་ལ་རྗེས་དྲན་གྱི་མྱ་ངན་གུས་བཏུད་ཞུ།“
ཆབ་མདོ་ངག་དབང་ཕུན་ཚོགས།
དེ་རིང་གླེང་བར་འདོད་པ་ནི་བོད་ཆོས་ལྡན་གྱི་ཞིང་ཁམས་ལ་ཁྱིམ་མཚེས་རྒྱལ་ཁབ་རྒྱ་མི་དམར་པོའི་རིང་ལུགས་ཀྱིས་དྲག་པོའི་བོད་ཁམས་ཡོངས་རྫོགས་བཙན་བཟུང་བྱས་ཤིིང་། ཞི་བདེར་དགའ་བའི་གངས་ལྗོངས་མི་དམངས་རྣམས་ལ་དེ་སྔོན་བོད་ཀྱི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་དཀའ་སྡུག་བསམ་ཡུལ་ལས་འདས་པ་མྱོང་དགོས་བྱུང་ཡོད། ལྷག་པར་རྒྱ་ནག་དམར་པོ་རིང་ལུགས་ཀྱིས་རྒྱལ་ཁབ་དང་མི་རིགས་གཅིག་མེད་པ་བཟོ་དགོས་ན་དང་ཐོག་རྒྱལ་ཁབ་དེའི་ཐུན་མོང་གི་སྐད་ཡིག་མེད་པ་བཟོ་དགོས་ཞེས་པའི་རྩ་དོན་དེར་དམར་པོའི་རིང་ལུགས་ཕྱི་ལོ་ ༡༩༦༦ ནས་ ༡༩༧༦ རིང་“རིག་གནས་གསར་བརྗེའི་“ཞེས་པའི་ལས་འགུལ་ཤིན་ཏུ་ནོར་འཁྲུལ་ཅན་ཞིག་སྤེལ་ནས་བོད་མི་རིགས་ཀྱི་སྲོག་ལས་གཅེས་པའི་ཆོས་དང་རིག་གཞུང་ཡོངས་རྫོགས་མེད་པ་བཟོ་རྒྱུའི་དམིགས་ཡུལ་ངན་ཅན་དེས་བོད་ཀྱི་མེས་དབོན་གོང་མ་དེ་དག་ངལ་བ་བརྒྱ་ཕྲག་དང་བཞེས་ཏེ་བཞེངས་སྐྲུན་དང་གསར་བཏོད་གནང་བའི་ཆེས་རིན་ཐང་བྲལ་བའི་དགོན་སྡེ་དྲུག་སྟོང་ལྷག་གཏོར་བཤིག་བཏང་བ་དང་། བྱིན་ཅན་སྐུ་གསུང་ཐུགས་རྟེན་གྲངས་མེད་མེར་བསྲེགས་པ། ཆུར་དབྱུགས་པ། ས་འོག་ལ་སྦས་པ་སོགས་ཀྱི་བོད་མི་རིགས་ཀྱི་ལོ་རྒྱུས་ནང་དུ་བྱུང་མྱོང་མེད་པའི་འགོད་ཆགསདང་གཏོར་བཤིག་བསམ་ཡུལ་ལས་འདས་པ་བཏང་ཡོད་པ་དེ་རེད། དེ་བཞིན་བོད་ཀྱི་གནད་ཡོད་མི་སྣ་དང་བླ་ཆེན་ཁག་ལ་ཉེས་མིང་སྣ་ཚོགས་ཤིག་བཏགས་ཏེ་བཙོན་འཇུག་དང་། ངལ་རྩོལ་སྐུལ་འདེད་བཏང་སྟེ་ཉིན་མོ་ལས་ཀ་དང་མཚན་མོར་སློབ་གསོའི་འཚོགས་འདུ་ཞེས་ཚོགས་ནས་བོད་མི་ནང་ཁུལ་འགལ་ཟླ་བཟོ་ཆེད་དུ་གྲལ་རིམ་འཐབ་རྩོད་ཀྱི་དབྱེ་འབྱེད་ལས་འགུལ་སྤེལ་ནས་བོད་མི་རྣམས་ལ་མི་ཡུལ་ནང་དུ་དམྱལ་བ་ཞེས་པའི་དཔེ་ལྟར་བོད་ཀྱི་ལོ་རྒྱུས་ནང་དུ་བྱུང་མྱོང་མེད་པའི་འཐབ་འཛིང་བཏང་སྟེ་དཀའ་སྡུག་དང་བཀྲེས་སྐོམ་འོག་ཏུ་བོད་མི་གྲངས་ལས་འདས་པ་འདས་གྲོངས་ཕྱིན་ཡོད། ཡིན་ནའང་དཀའ་སྡུག་དང་མནར་གཅོད་འོག་ནས་བོད་རིགས་རྒྱལ་གཅེས་པ་རྣམས་ལྷག་བསམ་རི་བཙུགས་པ་ལྟར་ལྷག་བསམ་བརྟན་པོས་དཀའ་སྡུག་ཁག་ལ་གདོང་ལེན་གནང་སྟེ་སོ་སོའི་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང་། མི་རིགས་ཀྱི་ཐོབ་ཐང་རྩོད་ལེན་གནང་ཡོད། རིམ་གྱིས་འཛམ་གླིང་གི་ཆབ་སྲིད་འཕོ་འགྱུར་དང་། ཡང་སྒོས་༸རྒྱལ་བ་རིན་པོ་ཆེའི་ཐུགས་རྗེའི་མཛད་འཕྲིན་བླ་མེད་དང་བསྟུན་ནས་བོད་ནང་ཆབ་སྲིད་ཕྲན་བུ་གུ་ཡངས་ཀྱིས་གཞིས་བྱེས་ཉེ་འཕྲད་འགྲོ་འོང་ཆོག་པ་བྱུང་བ་དང་། ༡༩༧༩ ལོར་རང་གཞུང་གི་སྐུ་ཚབ་ཐེངས་དང་པོ་ཐོག་མ་བོད་བསྐྱོད་རྟོག་ཞིབ་ཚོགས་པ་ལྷ་སར་སླེབས་སྐབས་གཞིས་ལུས་རྒྱ་ཆེ་མི་དམངས་ཀྱིས་དགའ་བསུ་ཚད་མེད་པ་ཞུས་པས་རྒྱ་དམར་གྱི་ཆབ་སྲིད་པའི་བསམ་ཚུལ་ལས་ལྡོག་སྟེ་ཧོན་ཐོར་དགོས་པ་དང་། བོད་མི་རིགས་ཞེས་པ་འདི་ལས་སླ་པོ་ཞིག་འཛམ་གླིང་ཧྲིལ་པོའི་སྟེང་ནས་ནག་བསུབ་གཏོང་མི་ཐུབ་པའི་གོ་བརྡ་གསལ་པོ་སྤྲད་ཡོད། གཞིས་ལུས་རྣམས་ཀྱིས་སྐུ་ཚབ་རྣམ་པའི་མདུན་དུ་རྒྱ་དམར་གྱིས་བོད་བཙན་བཟུང་བྱས་པའི་ལོ་ཟླ་དེ་དག་ནང་རྩ་ཆེའི་ཆོས་རིག་གཞུང་རྩ་གཏོར་དང་། མེས་དབོན་གོང་མ་ཚོའི་བཞེངས་སྐྲུན་གནང་བའི་གནའ་བོའི་དགོན་རྙིང་བྱིན་ཅན་གཏོར་བཤིག་བཏང་རབས་སོགས་ཀྱི་ཞིབ་ཕྲ་ཞུས་ཏེ་སྤུན་མཆེད་ཤི་གསོན་ཐུག་པ་ལྟ་བུ་དགའ་སྐྱོའི་རྣམ་པས་ཁེངས། རྒྱ་དམར་གྱི་ཆབ་སྲིད་པ་ཚོའི་ཚོད་དཔག་ལས་ལྡོག་སྟེ་ཧང་སངས་དགོས་པའི་གནས་སྟངས་བྱུང་བ་རེད་ལ། ཁོ་པ་ཚོའི་རེ་བ་སྟོང་ཟད་དུ་ཕྱིན་ཅིང་། རྒྱལ་སྤྱིའི་སྲིད་དོན་པ་ཚོས་ཀྱང་ཚོད་དཔག་ལས་བརྒྱ་འགྱུར་གྱི་དངོས་པར་རྒྱལ་ནས་ཁོ་པ་ཚོ་ཧོན་ཐོར་དགོས་པ་བྱུང་བ་དེ་རེད། བོད་སྡོད་རྒྱ་གཞུང་གི་དམར་པོའི་སློབ་གསོ་བོད་མི་མང་ལ་དྲག་རྩུབ་ཀྱིས་དེ་ཙམ་བརྒྱབ་ཡོད་ནའང་ཐམས་ཐད་ཡར་ཀླུང་གཙང་པོར་བླུགས་པ་ལྟར་གྱུར་ཡོད། རྒྱ་དམར་གྱི་ཕྱི་འཇམ་ནང་རྩུབ་ཀྱིས་ཆབ་སྲིད་ཀྱི་དམིགས་ཡུལ་ངན་པ་བཟུང་ནས་བོད་ནང་ལས་འགུལ་འདྲ་མིན་སྣ་ཚོགས་ཤིག་སྤེལ་ཡོད་མོད། བོད་མི་རིགས་འཛམ་གླིང་སྟེང་དུ་གསོན་པོ་གནས་ཐུབ་པ་བྱུང་ཡོད་ལ། ལྷག་པར་༸རྒྱལ་བ་རིན་པོ་ཆེའི་ཐུགས་དགོངས་བླ་མེད་དུ་བཞེས་ཏེ་འདས་པ་ལས་མ་འོངས་པ་གལ་ཆེ་གཟིགས་ནས་ཕྱི་ལོ་ ༡༩༨༧ ལོར་ཞི་བདེའི་སྔོན་འགྲོའི་གྲོས་འཆར་དོན་ཚན་ལྔ་དང་། ཕྱི་ལོ་ ༡༩༨༨ ལོའི་སི་ཊས་སི་སྦག་གི་གྲོས་འཆར། ༡༩༩༢ ལོའི་མ་འོངས་བོད་ཀྱི་ཆབ་སྲིད་ལམ་སྟོན་བཅས་གལ་ཆེའི་ཡིག་ཁག་རིམ་པ་གུ་ཡངས་ཆེན་པོའི་ཐོག་ནས་བོད་རྒྱ་མི་རིགས་གཉིས་མཉམ་མཐུན་ཡོང་བའི་༸རྒྱལ་བ་རིན་པོ་ཆེ་མཆོག་གཙོས་པའི་རང་གཞུང་གི་ཕྱོགས་ནས་མི་ལོ་ལྔ་བཅུ་ལྷག་ཙམ་རིང་ལ་མ་ལེན་མ་འགྱོད་པ་ཐབས་ཤེས་རིམ་པ་གནང་ཡོད་ཀྱང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱོགས་ནས་བསམ་ཤེས་ཕྲ་མོ་ཙམ་ཞིག་མེད་པས་ད་དུང་དངོས་པར་མི་གསལ་བའི་རང་བཙན་རེད་ཟེར་བ་ཁྱོག་བཤད་ཀྱི་གནམ་ས་མི་བཤོང་བའི་ཁྲམ་བཤད་བྱས་ཡོད། ཡིན་ནའང་ཞི་བདེ་དང་རང་དབང་ལ་དགའ་བའི་འཛམ་གླིང་མི་མང་གཙོས་པའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པས་བོད་དོན་ཐོག་ལ་རྒྱབ་སྐྱོར་དང་ཤ་ཚ་གནང་མཁན་ཉིན་རེ་ཇེ་མང་གི་ཕན་ཐོགས་རླབས་ཆེན་བྱུང་ཡོད་པ་རེད། རྒྱ་དམར་གྱིས་འཛམ་གླིང་མི་དམངས་རྣམས་འགོ་སྐོར་གཏོང་ཐབས་སུ་གཞིས་ལུས་བོད་མི་རྣམས་ལ་འཚོ་བ་འོད་སྟོང་འབར་བ་འཕེལ་རྒྱས་བྱུང་ནས་བདེ་སྐྱིད་ཡོད་ཚུལ་གྱིས་འུར་སྒྲོག་འཛམ་གླིང་ཡོངས་ལ་ཁྱབ་བསྒྲགས་རྫུན་མ་ཁོ་ན་མི་རྣམས་མགོ་སྐོར་བཏང་དང་གཏོང་བཞིན་ཡོད། གནས་སྟངས་དེ་འདྲ་ཞིག་གི་འོག་ནས་ཕྱི་ལོ་ ༡༩༨༧ ལོར་དར་ཆ་དམར་པོའི་འོག་ནས་བསྐྱེད་བསྲིང་བྱས་ཤིང་གྲལ་རིམ་གྱི་དྲི་མ་མེད་པའི་བོད་ཀྱི་མི་རབས་གསར་པས་བོད་མིའི་རང་དབང་གི་དགོས་འདུན་ཐོག་མར་ཆོལ་གསུམ་མི་མང་གི་བོད་ཀྱི་རྒྱལ་ས་ལྷ་སའི་བར་སྐོར་ལམ་དུ་དངོས་སུ་ཐོན་ཏེ་“བོད་ཀྱི་བདག་པོ་བོད་མི་ཡིན། ༸གོང་ས་ཏཱ་ལའི་བླ་མ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག །བོད་རང་བཙན་ཡིན་“ཞེས་སྐད་འབོད་ཀྱི་ཁྲོམ་སྐོར་གཞི་རྒྱ་ཆེ་བ་ཞིག་གནང་བ་དང་འབྲེལ་རྒྱ་གཞུང་གི་ངོ་ཚ་ཁྲེལ་གཞུང་མེད་པས་ཞི་བདེར་དགའ་བའི་བོད་མི་ཉམ་ཆུང་གི་ཐོག་ཏུ་ཡ་ང་སྙིང་རྗེ་སྤུ་ཙམ་ཞིག་མེད་པས་དེང་དུས་དྲག་མཚོན་གྱིས་ཁྲག་དྲི་དྲོ་བའི་དྲག་གནོན་གྱིས་དམར་བསད་བཏང་བ་དང་། བོད་མི་དུ་མ་བཙོན་འཇུག་གི་མི་སྤྱོད་ལས་འདས་པ་ཉེས་རྡུང་དྲག་པོ་བཏང་སྟེ་བཙོན་གྲོལ་ཐུབ་རྗེས་རིགས་འཚོ་མ་ཟིན་པའི་ནད་གཅོང་ཅན་དུ་བཏང་ཡོད། ད་དུང་ངོ་ཚ་ཁྲེལ་གཞུང་མེད་པས་བོད་མི་ཉུང་ཤས་ཤིག་ཡིན་པ་ལས་མང་ཆེ་བ་ད་ལྟ་དམར་པོའི་ཆབ་སྲིད་འཛིན་སྟངས་ལ་འདོད་བློ་ཁེངས་ཀྱི་ཡོད་ཚུལ། ཉུང་ཤས་དེ་ནི་ཏཱ་ལའི་བརྒྱུད་བསྐུལ་བྱས་ནས་བྱུང་ཚུལ་སོགས་ཀྱི་གཞི་མེད་ཀྱིས་བསྐྱོན་བརྗོད་དང་ཧམ་བཤད་རི་ལུང་མི་ཤོང་བའི་འཛམ་གླིང་མི་དམངས་ཀྱི་མདུན་ཁྲམ་བཤད་བྱས་ཡོད།
བཙན་གནོན་དང་གདུག་རྩུབ་འོག་གི་མེ་ལྕེ་དམར་པོ།
༡༩༩༨ ལོར་བཟུང་“ཆོས་དད་རང་མོས་“ཞེས་པའི་དྲིལ་བསྒྲགས་འོག་ནས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་མེད་པ་བཟོ་རྒྱུའི་ཆེད་དུ་དམིགས་ནས་བོད་ཀྱི་དགོན་སྡེ་ཁག་ཏུ་“རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་“ཞེས་པའི་ལས་འགུལ་དངོས་སུ་བཙུགས་ཏེ་བོད་མི་རིགས་ཀྱི་ཁོག་པའི་སྙིང་ལྟ་བུ་རྩ་བའི་བླ་མ་༸རྒྱལ་བ་རིན་པོ་ཆེའི་མཚན་ཡང་འབོད་མི་ཆོག་པ་དང། དགོན་སྡེ་ཁག་ཏུ་སྐུ་པར་ཡང་སྒྲིག་གཤོམ་མི་ཆོག་པ་སོགས་ཀྱི་ཁྲིམས་ལུགས་བཟོས་ནས་འཁྲུངས་ལྷ་དབྱར་གསོལ་དང་། བསངས་གསོལ་བྱ་རྒྱུ་ནི་ཁ་བྲལ་རིང་ལུགས་པས་ཁ་བྲལ་གྱི་སྤྱོད་ངན་སྤེལ་བ་དང་། ལོག་སྤྱོད་ཀྱི་དྲེལ་བསྒྲགས། སིལ་འཛུལ་བྱེད་པའི་ལག་ཆ་ཡིན་ལུགས་སོགས་བསྙད་འདོགས་འདྲ་མིན་བཟོས་ཏེ་བོད་མིའི་ཁྱིམ་ཚང་ཚང་མའི་ནང་བཙན་ཤེད་ཀྱིས་སྔོག་གཤེར་བྱས་ཏེ་༸རྒྱལ་བ་རིན་པོའི་སྐུ་པར་ཐོན་རིགས་བཙོན་འཇུག་དོ་དམ་བྱེད་པ་དང། རྗེས་སུ་ཁྲིམས་གཅོད་རྒྱ་ཡན་དུ་མ་སོང་བ་གཏོང་རྒྱུའི་འཇིགས་བསྐུལ་གཏོང་བ་སོགས་བྱས་ཡོད། བོད་ཀྱི་ནང་ཆོས་རྩ་མེད་གཏོང་རྒྱུའི་ནུས་ཤུགས་ཡོད་ཚད་སྤེལ་ཡོད། བོད་རང་ལྗོངས་ཟེར་བའི་དམར་ཤོག་ཏང་ཡོན་ཁེ་གཙང་ཚོགས་འདུ་ཐོག་ཏུ་“ནང་པའི་ཆོས་ལུགས་ནི་ཁ་བྲལ་རང་ལུགས་པའི་ལག་ཆ་གཙོ་བོ་ཞིག་ཡིན་པ་མ་ཟད། བོད་ཀྱི་སྤྱི་ཚོགས་བདེ་འཇགས་མེད་པར་བྱེད་པའི་འགལ་རྐྱེན་གཙོ་བོ་ཞིག་དང་། དེར་བརྟེན་ང་ཚོ་བོད་དུ་ནང་ཆོས་མེད་པ་བཟོ་རྒྱུའི་ཐབས་ཤེས་གང་དྲག་བྱེད་དགོས་“ཞེས་དང་། ནང་ཆོས་མེད་པ་བཟོ་ཐབས་ཀྱི་ཐབས་ཤེས་གཙོ་བོ་གསུམ་སྟོན་ཡོད་པ་དེ་རེད། དེར་བརྟེན་ནས་དགོན་པ་ནང་དགེ་འདུན་གྲངས་བཅད་ལས་བརྒལ་བ་ཞིག་དགོན་པ་ནང་དུ་བཞུགས་བཅུག་གི་མེད་ལ། དགེ་འདུན་པ་རྣམས་ཕྱིར་ཞིང་འབྲོག་ལ་ལོག་ནས་སྡོད་དགོས་ཐུག་ཡོད། བོད་མི་རིགས་ཀྱི་སེམས་ཁམས་དང་ཁྱོན་ནས་མི་མཐུན་པའི་ལས་དོན་རྐྱང་མ་གཏོགས་བོད་མིའི་སེམས་ནང་གི་དངོས་འདོད་དང་མཐུན་པའི་གུང་ཁྲན་ཏང་གི་ལས་དོན་སྣེ་གཅིག་བྱས་མེད།
དཔལ་འབྱོར་གྱི་འདྲ་འབག་འོག་ནས་གདུག་རྩུབ།
༢༠༠༠ ལོར་“ནུབ་རྒྱུད་ཐོན་འབྱེད་ཆེན་མོའི་ལས་འགུལ་“ཟེར་བའི་དཔལ་འབྱོར་ཐོན་འབྱེད་ཀྱི་འདྲ་འབག་འོག་གདུག་རྩུབ་ཆེ་བའི་སྲིད་དོན་དམིགས་ཡུལ་སྒྲུབ་ཐབས་སུ་གཏན་འབེབས་སྲིད་ཇུས་རྒྱ་མི་རིགས་ལུགས་ཀྱི་ཁེ་ཕན་མཚོན་པའི་ལག་བསྟར་བྱས་ཏེ། བོད་གསར་པ་འཛུགས་སྐྲུན་ལ་ཁ་བཏགས་ཏེ་རྒྱ་མི་མང་པོ་བོད་ཕྱོགས་སུ་གནས་སྤོས་ཀྱིས་བོད་མི་གྲངས་ཉུང་མི་རིགས་ཤིག་ཏུ་བསྒྱུར་རྒྱུའི་དམིགས་ཡུལ་ངན་པ་འཛིན་ནས་ལས་འགུལ་གདུག་རྩུབ་ཅན་དངོས་པར་མི་གསལ་བའི་སྤེལ་ཡོད་ལ། བོད་ཀྱི་རང་བྱུང་གཏེར་ཁ་བསྔོགས་པ་དང་། ཤིང་ནགས་བཅད་པ། ཆུ་མཛོད་གང་བྱུང་རྒྱབ་པ་སོགས་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་ཚད་ལས་འདས་པ་བཏང་ཡོད། དེ་འདྲའི་འོག་ནས་བོད་ཀྱི་ཆུ་ལོག་རྒྱས་ནས་ལོ་ལྟར་རྒྱ་ནག་གི་མི་དམངས་ཉོམ་ཆུང་འབུམ་ཕྲག་དུ་མའི་སྡོད་གནས་དང་འཚོ་བའི་ཐོག་ལ་གནོད་འཚེ་འཚབ་ཆེན་ཡོང་གི་ཡོད་ཀྱང་དོ་སྣང་བྱེད་ཀྱི་མེད། དམར་པོའི་གཞུང་གི་ལྟ་བ་མི་མཐུན་པའི་ཁ་འགུལ་ཙམ་བྱས་ན་ཉེས་མིང་སྣ་ཚོགས་བཏགས་ཏེ་གང་བྱུང་བཙོན་འཇུག་དང་ཁྲིམས་གཅོད་སོགས་བྱེད་ནས་མནར་གཅོད་བཏང་གི་ཡོད། དེ་བཞིན་ཤེས་ཡོན་ཅན་གྱི་རྩོམ་པ་པོ་ཚོས་བོད་ནང་གི་དངོས་ཡོད་ནོར་འཁྲུལ་བྱུང་བ་རྣམས་འབྲི་རྩོམ་སྐབས་རྒྱལ་ཁབ་གཏིང་ལྷིང་ལ་གནོད་སྐྱོན་གཏོང་མཁན་ཡིན་རབས་བརྗོད་དེ་བཙོན་འཇུག་དང་ཁྲིམས་བཅད་བཏང་དང་གཏོང་བཞིན་ཡོད་ལ། རང་དབང་གི་ཐོག་ནས་རྩོམ་ཡིག་ན་གཅིག་འབྲི་བའི་ཐོབ་ཐང་སྤྲད་ཀྱི་མེད་པ་དེ་རེད། ཡིན་ནའང་གནས་སྟངས་ཛ་དྲག་འདི་འདྲ་ཞིག་གི་འོག་ནས་རང་སྲོག་བློས་བཏང་གིས་ད་དུང་རྒྱ་གཞུང་ལ་ངོ་རྒོལ་རྒྱུན་ཆད་མེད་པ་གནང་དང་གནང་བཞིན་ཡོད་པས་ཧ་ཅང་གཟི་བརྗིད་ལྡན་པའི་གནད་དོན་ཞིག་ཀྱང་རེད་ལ། ང་ཚོའི་ངོས་ནས་བཀའ་དྲིན་རྗེས་དྲན་ཞུ་དགོས་པ་ནི་ཧ་ཅང་གལ་ཆེའི་གནད་དོན་ཞིག་ཀྱང་རེད།
ནང་བསྟན་གཏོར་བཤིག་གི་དམིགས་ཡུལ་ནག་པོ།
༢༠༠༧ ལོར་ནང་བསྟན་གཏོར་བཤིག་གཏོང་རྒྱུའི་དམིགས་ཡུལ་ངན་ཅན་གྱི་སྲིད་ཇུས་འཛིན་ནས་བོད་ཀྱི་སྲོལ་རྒྱུན་ལམ་ལུགས་དང་མི་མཐུན་པའི་ནང་བསྟན་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས་ཀྱི་བཀའ་རྩ་ཨང་ལྔ་པ་ཟེར་བ་སོགས་ཀྱི་གཏན་འབེབས་བྱས་ཡོད། དེ་ནི་ཁོ་པ་ཚོས་མ་འོངས་པ་བོད་ཀྱི་བླ་སྤྲུལ་ཐོག་འདྲེ་ལག་བརྐྱངས་རྒྱུའི་དམིགས་ཡུལ་ངན་པ་ཞིག་བཟུང་ནས་གཏན་འབེབས་བྱས་པ་ལས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ལ་ཤ་ཚ་ནས་གཏན་འབེབས་བྱས་པ་ཞིག་གཏན་ནས་མིན་ཞིང། དེ་ནི་ཆོས་མེད་སྨྲ་བ་རིང་ལུགས་ལ་བོད་མི་རིགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་སྲོལ་རྒྱུན་ལམ་ལུགས་ལ་འགྱུར་བ་གཏོང་རྒྱུའི་དབང་ཚད་ཁབ་རྩེ་ཙམ་ཞིག་མེད། ལྷག་པར་དུ་ཆོས་མེད་སྨྲ་བ་རིང་ལུགས་ཀྱི་ནང་བསྟན་གྱི་བླ་སྤྲུལ་ངོས་འཛིན་གྱི་ཁྲིམས་ལུགས་གཏན་འབེབས་དེ་ནི་གུང་ཁྲན་ཏང་གི་རྩ་ཁྲིམས་དང་འགལ་བ་མ་རེད་དམ། ད་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མགོ་ཁྲིད་ཚོ་ནི་གུང་ཁྲན་ཏང་རྫུན་མ་འཁྲུས་ན་མ་དག་པའི་ཆབ་སྲིད་ཀྱི་སྐབས་འཚོལ་རིང་ལུགས་པའི་སྲིད་གཞུང་ཞིག་ཡིན་པ་གསལ་པོ་རྟོགས་པ་དེ་རེད། དམར་པོའི་རིང་ལུགས་ཀྱི་བོད་ཀྱི་བླ་སྤུལ་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཁྲིམས་ལུགས་ཀྱིས་བཙན་གནོན་དང་གདུག་རྩུབ་གང་འདྲ་ཞིག་བྱས་ནའང་ནམ་ཡང་བོད་མི་རྣམས་ཀྱི་སེམས་ཁོངས་ནས་ངོས་ལེན་བྱེད་མི་སྲིད་པ་དེ་རེད།
མི་ཐོག་གསུམ་གྱི་རྨ་ཁར་ཁྲག་དྲི་བྲོ་བའི་དྲག་གནོན།
༢༠༠༢ ལོར་རང་གཞུང་གི་ངོས་ནས་བོད་རྒྱ་འབྲེལ་མཐུད་བསྐྱར་གསོའི་སྔ་རྗེས་རིམ་མཐུན་གྱི་བོད་རྒྱ་འབྲེལ་མཐུད་རིམ་པར་བྱས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞི་ནང་དུ་བསྡད་རྒྱུ་སོགས་ཀྱི་གུ་ཤངས་གནང་ནའང་རྒྱ་གཞུང་གི་དེ་ལས་ལྡོག་སྟེ་བོད་མིའི་དངོས་འདོད་རྩིས་མེད་རྡོག་རོལ་བཏང་རྐྱང་བྱས་ཡོད། སྐབས་དེར་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་“མ་འོངས་པ་ན་དེ་རིང་གི་འདི་ལྟ་བུའི་གནས་སྟངས་སྐྱི་གཡའ་འཇིགས་རུང་ཞིག་ཆགས་སྲིད་པ་དང་། སྐབས་དེར་ཐོན་ན་དེའི་འགན་ཚང་མ་རྒྱ་ནག་གཞུང་ལ་ཡོད་“ཅེས་བརྡ་ལེན་གསལ་པོ་ཞིག་གནང་ཡོད་ཀྱང་ད་དུང་རྒྱ་གཞུང་གི་བསམ་ཤེས་མེད་པས་བོད་ནང་དྲག་གདུག་རྩུབ་ཆེ་རུ་བཏང་ཡོད་པ་དེ་རེད། དེ་འདྲའི་འོག་ནས་གཞིས་ལུས་རྒྱ་ཆེ་མི་དམངས་རྣམས་ཀྱི་སེམས་ནང་གི་སྡུག་བསྔལ་དང་དངོས་འདོད་དེ་དག་བཟོད་སྒོམ་མ་ཐུབ་སྟེ། ༢༠༠༨ ལོར་ཆོལ་གསུམ་ཡོངས་རྫོགས་སུ་མ་གྲོས་བསམ་པ་གཅིག་མཐུན་གྱི་ཞི་བའི་ངོ་རྒོལ་གྱེན་ལངས་བྱུང་སྐབས། རྒྱ་དམར་གྱིས་མགོ་ཁྲིད་ཚོས་བསམ་ཤེས་ཕྲ་མོ་ཙམ་ཞིག་མེད་ཐོག་བོད་མི་རྣམས་དགྲ་བོ་མདངས་མ་ངོས་འཛིན་བྱས་ཏེ་“ཁྱོད་ཤི་ང་གསོན་“ཞེས་པའི་ཆེས་གདུག་རྩུབ་ཅན་སྤེལ་ནས་བོད་མི་རིགས་ཉམས་ཆུང་ཐོག་ཏུ་ཁྲག་དྲི་བྲོ་བའི་དྲག་གནོན་གྱིས་བོད་མིའི་སེམས་ཁམས་ཀྱི་རྨ་ཁ་ནམ་ཡང་གསོས་མི་ཐུབ་པ་ནག་ཐིག་གཅིག་གུང་ཁྲན་ཏང་གི་བསྐྲུན་ཡོད། རྒྱ་གཞུང་གིས་ད་རེས་ཀྱི་ངོ་རྒོལ་བྱུང་རྩ་ཏཱ་ལའི་རུ་ཚོགས་ཀྱི་ཆགས་གཞི་གོ་རིམ་ལྡན་པའི་ལས་འགུལ་སྤེལ་ཡོད་ཚུལ་འཛམ་གླིང་མི་དམངས་ལ་ཁྲམ་རྫུན་འུར་སྒྲོག་བྱས་ཡོད་ནའང་གཞིས་ལུས་རྒྱལ་གཅེས་པ་རྣམས་ཀྱིས་ཡོད་ཚད་བློས་བཏང་གིས་གསར་འགོད་པའི་མདུན་དུ་ཐོན་ནས་ད་རེས་ཀྱི་བྱུང་རྩ་དེ་དག་ནི་དམར་པོ་རིང་ལུགས་ཀྱི་མི་ལོ་དུ་མའི་ནང་ཁྲག་དང་མིག་ཆུའི་དྲག་གནོན་འོག་ཏུ་འཚོ་བ་རོལ་ནས་སྡོད་དགོས་བྱུང་བས་ཐབས་ཟད་འུ་ཐུག་གིས་ངོ་རྒོལ་བྱེད་དགོས་བྱུང་བ་ལས་སུ་ཞིག་གི་བརྒྱུད་བསྐུལ་བྱེད་མཁན་མེད་ཚུལ་འཇིགས་ཞུམ་མེད་པ་བརྗོད་སྐབས་རྒྱ་དམར་ངོ་ཚ་ཁ་སྐྱེངས་ཀྱིས་གནས་སུ་ལྷུང་ཡོད། ད་ནི་བོད་ནང་དུ་ཉིན་རེ་བཞིན་ཛ་དྲག་གི་གནས་སྟངས་གྱུར་ནས་བློ་ངོས་ལ་མི་བཤོང་བའི་གནས་སྟངས་འགྱུར་བཞིན་ཡོད་པ་དེ་རེད།
མི་རིགས་ཀྱི་ནམ་ཡང་བརྗེད་མི་ཐུབ་པའི་ལུས་ཕུང་གི་མཆོད་མེ།
བོད་ནང་དུ་ཕྱི་ལོ་ ༢༠༠༩ ལོའི་བོད་མི་རིགས་ཀྱི་དཔའ་བོ་བཀྲ་བྷེ་ནས་མགོ་བཙུགས་ནས་ཡོད་ཚད་བོད་མི་རིགས་དང་། སངས་རྒྱས་བསྟན་པའི་དོན་དུ་སྐུ་ལུས་མཆོད་མེ་ཕུལ་འབུམ་མཁན་ད་ལྟ་བར་དུ་སྐྱ་སེར་རིས་མེད་དཔའ་བོ་དཔའ་མོ་ན་གཞོན་ ༢༨ ཙམ་གྱིས་བོད་རྒྱལ་ཁབ་ཀྱི་རང་དབང་ཆེད་དུ་སྐུ་ལུས་གསོན་པོ་མཆོད་མེ་ཕུལ་ཡོད། ཁོང་རྣམ་པའི་སྐུ་སྲོག་མཆོད་མེ་ཕུལ་དགོས་དོན་ནི་མི་ཐོག་གསུམ་གྱིས་རིང་ལ་སྡུག་བསྔལ་རྣམས་མ་བཟོད་ནས་ཐབས་ཟད་འུ་ཐུག་གིས་སྐུ་ལུས་མཆོད་མེ་ཕུལ་ཡོད། ད་ནི་རྒྱ་ནག་དམར་པོ་རིང་ལུགས་ཀྱི་བོད་ཐོག་ཏུ་བསམ་བློ་ཡག་པོ་ཞིག་མ་གཏོང་ཚེ་བོད་མི་གཅིག་ཀྱང་མ་ལྷག་ཀྱང་རིམ་པས་གནས་སྟངས་གང་འདྲ་ཞིག་འགྱུར་མིན་སུ་ཞིག་ཚོད་དཔག་ཐུབ། དེར་བརྟེན་ནས་ད་ནི་རྒྱ་གཞུང་གི་བསམ་བློ་གུ་ཡངས་པོ་ཞིག་བཏང་བའི་དུས་ལ་འབབ་འདུག་སྙམ། ཁོང་རྣམས་ནི་དེ་འདྲའི་མི་རིགས་ཡོངས་ཀྱི་རྒྱལ་གཅེས་པ་ཞིག་མ་རེད་དམ། རྒྱལ་གཅེས་པ་རྣམས་ལ་ཐལ་མོར་སྙིང་ཁར་སྦྱར་ནས་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད་ཅིང་། གཞན་ལ་འཚེ་བ་མེད་པའི་ལས་འགུལ་ནི་རླབས་ཆེན་ཞིག་རེད་ལ། གཞན་དོན་གྱི་ཆེད་དུ་རང་ལུས་ཚུན་ཆད་བློས་བཏང་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཞན་དོན་དུ་མཛད་པ་བསྐྱངས་པ་དང་ཀུན་ནས་མཚུངས་སོ་སྙམ། མཛད་བརྒྱ་ལས། “སེམས་ཅན་སྡུག་བསྔལ་ཞི་ཕྱིར་རབ་ཏུ་དགའ་ནས་རྒྱལ་པོའི་དབུ་ལ་སྐྱེས་པའི་ནོར་བུ་དེ་མཚོན་པོས་བཅད་པས་རྒྱལ་པོ་ཟུག་ངུ་མ་བཟོད་པ་བརྒྱལ་ལོ། གཏོང་ལ་སྤྲོ་བས་སེམས་ཀྱིས་ལངས་ཏེ་སླར་ནོར་བུ་ཕྱག་ཏུ་བཞེས་ནས། བྲམ་ཟེ་རྣམས་ལ་སྡིག་མེད་པ་དང། སེམས་ཅན་ལ་ཕན་པའི་སྨོན་ལམ་བཏབ་ནས་དགྱེས་བཞིན་དུ་སྦྱིན་ནོ། ཞེས་དང་། སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་ཕྱིར་འགྱོད་པ་མེད་པ། དེ་ཉིད་བདེན་ན་རྨ་ཁ་སོས་པར་གྱུར་ཅིག་པས། དེ་མ་ཐག་རྒྱལ་པོའི་རྨ་ཁ་གསོས་ཞེས་དང། ཡང་ལྷ་མ་ཡེ་ཤེས་འོད་ག་ལོག་རྒྱལ་པོས་བཙོན་དུ་ཆོས་ཀྱི་དོན་དུ་སྐུ་སྲོག་བཏང་བ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱང་ཤི་ལ་ཉེ་བའི་སྟག་མ་བུར་ལུས་སྦྱིན་པ་བཏང་བ་སོགས་ཀྱི་གཞན་དོན་དུ་སྐུ་ལུས་བློས་བཏང་བའི་གཏམ་རྒྱུད་མཚར་དུ་མངར་བ་དུ་མ་ཞིག་བགྲང་རྒྱུ་ཡོད་ཀྱང་འདི་ཙམ་གྱི་ཆོག་པ་བྱས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཞན་དོན་ཆེད་དུ་མཛད་པ་བསྐྱངས་དོན་ལྟར། ད་རེས་གཞིས་ལུས་རྒྱ་ཆེ་མི་མང་རྣམས་པས་ཀྱང་སྐུ་སྲོག་མཆོད་མེ་ཕུལ་བ་དེ་ཡང་བོད་མི་རིགས་ཀྱི་བདེན་དོན་དང་། ཡང་སྒོས་སངས་རྒྱས་བསྟན་པའི་དོན་དུ་ཡིན་པ་ནི་འབྲེལ་བརྗོད་མ་དགོས། དེ་ཡང་གན་དྷིས། དགེ་བའི་དོན་དག་གི་སླད་དུ་རང་སྲོག་འདོར་བ་ལ་འཇིགས་པ་མེད་ཅིང་། ཅེས་སོགས་གསུང་ཡོད། མི་ལུས་རིན་ཆེན་གསེར་ལས་ལྷག་པ་ཡིན་པས་སྐྱེས་བུ་དམ་པ་རྣམས་ཀྱི་ཞལ་ནས་གསུང་ཡོད། དེ་ཡང་རྗེ་བླ་མ་ལས། དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག། འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ཡིན།། རྙེད་དཀའ་འཇིག་སླ་ནམ་མཁའི་གློག་དང་འདྲ།། ཞེས་སོགས་གསུང་དོན་ལྟར་མི་ལུས་རྩ་ཆེ་ཡིན་མིན་རྟོགས་ཐུབ་པ་ཞིག་ཀྱང་རེད།
རྒྱ་དམར་གྱིས་རྟག་ཏུ་ཏཱ་ལའི་བླ་མའི་ཁ་བྲལ་གཏོང་གི་འདུག་ཅེས་གཞི་མེད་ཀྱི་སྐྱོན་འཛུགས་བྱེད་ཀྱི་ཡོད། དོན་དངོས་༸ཏཱ་ལའི་བླ་མ་ཁ་བྲལ་གཏོང་མཁན་མ་ཡིན་པ་རྒྱ་ནག་དམར་པོའི་འབྲེལ་ཡོད་མགོ་ཁྲིད་ཚོ་ཡིན་པ་བློ་གཟུར་བོ་གནས་པས་ཞིབ་འཇུག་བྱས་ན་ཁྲ་ལྷང་ངེར་རྟོགས་ཐུབ་ཀྱི་ཡོད། བོད་ནི་ལོ་རྒྱུས་ཀྱི་ཐོག་ནས་གླེང་ན་རྒྱལ་ཁབ་སུ་ཞིག་ལ་འདྲེས་ལྷད་མེད་པའི་རང་བཙན་གཙང་མའི་རྒྱལ་ཁབ་གཅིག་ཡིན་པ་ཁུངས་ལྡན་ལོ་རྒྱུས་ཁག་ནས་ཁུངས་སྐྱེལ་བྱེད་ཐུབ་ཀྱང་དུས་རབས་ཉེར་གཅིག་པའི་ནང་དུ་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་འཇིག་རྟེན་གྱི་ཁོར་ཡུག་བཟང་པོ་བསྐྲུན་རྒྱུའི་དགའ་མོས་བྱེད་ཀྱི་ཡོད་པ་ལྟར། ང་ཚོས་ཀྱང་དམིགས་ཡུལ་རླབས་ཆེན་ཞིག་འཛིན་ནས་བོད་རྒྱ་མི་རིགས་གཉིས་ཀྱི་བར་མཛའ་མཐུན་མཉམ་གནས་ཡོང་བའི་ཆེད་དུ་ཕུག་རྒྱངས་རིང་པོའི་དགོངས་པ་བཞེས་ནས་གྲོས་མོས་རིམ་པར་བྱས་མོད། དམར་གཞུང་ལྟ་བ་མཁྲེགས་འཛིན་པས་བོད་འདི་ཉིད་འཇུ་མིད་གཏོང་རྒྱུའི་ཇུས་ངན་བཟུང་ནས་གདུག་རྩུབ་ཅན་གྱི་ལས་འགུལ་སྤེལ་དང་སྤེལ་བཞིན་ཡོད། ཡིན་ནའང་བོད་དོན་ནི་རྒྱལ་སྤྱིའི་དོན་གནད་ཅན་དུ་གྱུར་ཟིན་པས་རྒྱ་ནག་གི་ནམ་ཡང་བོད་མི་རིགས་རྩ་མེད་བཟོ་མི་ཐུབ་ཅིང་། རྩ་མེད་གཏོང་མི་ཐུབ། བོད་མི་རིགས་ལ་གདུག་རྩུབ་དང་དྲག་གནོན་ག་ཚད་བྱས་ནའང་དྲག་གནོན་འོག་ཏུ་མགོ་བོ་མི་སྒུར་པས་བརྡ་ལེན་གསལ་པོ་སྤྲོད་བཞིན་ཡོད་པས་སོ།
མ་འོངས་པའི་ཁ་ཕྱོགས་ནི་འཚེ་མེད་ཞི་བའི་ཐབས་ལམ་ཁོ་ནའོ།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁ་ན་ན་རྒྱལ་ཁབ་བརྟན་ལྟིང་དགོས་ཚུལ་བརྗོད་ཀྱི་མོད། བོད་མི་ཚོའི་དངོས་འདོད་ཕྱི་རུ་འདོད་སྐབས་ཁ་བྲལ་ལ་ཉེས་མིང་བཏགས་ཏེ་རྡུང་རྡེག་དང་། བཙོན་འཇུག མནར་གཅོད་སོགས་བཏང་གི་ཡོད། དེ་འདྲའི་ཆབ་སྲིད་གདུག་རྩུབ་འོག་ནས་བརྟན་ལྟིང་དང་། ཆིག་སྒྲིལ་ཡོང་གི་རེད་དམ། དེ་ནི་བློ་མིག་ལྡན་པ་སུ་ལྟས་ནའང་བརྟན་ལྷིང་ནམ་ཡང་ཡོང་མི་ཐུབ་པ་གནད་དོན་ཞིག་རེད། བོད་མི་རིགས་ཀྱི་ད་ལྟ་བར་དུ་འཚེ་བའི་ལས་སྣེ་གཅིག་སྤེལ་མེད་ཅིང་གལ་སྲིད་གནས་ཚུལ་ཐུབས་སྡུག་འགྱུར་ན་དེའི་འགན་ཡོད་ཚད་རྒྱ་ནག་དམར་པོའི་གཞུང་གི་འཁུར་དགོས་པ་ཞིག་རེད། བོད་མིའི་ལོ་རྒྱུར་འཕོ་འགྱུར་གང་འདྲ་ཕྱིན་ནའང་འཚེ་བའི་ལས་དོན་ནམ་ཡང་འཇུག་མི་སྲིད་མོད། ད་ནི་དམར་པོ་མགོ་ཁྲིད་ཚོའི་མ་འོངས་པ་བོད་རྒྱ་ཡུན་རིང་མཉམ་གནས་ཡོང་བའི་དགོངས་པ་བཞེས་དགོས་པ་དུས་ལ་འབབ་ཡོད་ལ། མ་འོངས་བོད་རྒྱ་གནས་སྟངས་བཟང་ངན་གང་འདྲ་ཞིག་འགྱུར་མིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལག་ཏུ་ཡོད་པ་ལས་བོད་མི་དམངས་ཀྱི་ལག་ཏུ་མེད་པ་མཁྱེན་དགོས་པ་རེད། དེར་བརྟེན་ནས་བོད་རིགས་ཡོད་དོ་ཅོག་ནས་བློ་རྩེ་གཅིག་ཏུ་བཏད་ནས་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཆེད་དུ་ལུས་སྲོག་འགྲོ་གྲོན་གནང་མཁན་དཔའ་བོ་དཔའ་མོ་རྣམས་ཀྱི་ཐུགས་ཀྱི་བཞེད་དོན་འགྲུབ་པར་འཐུད་ཤོར་གྱི་ཆ་ཕྲ་མོ་ཙམ་དང་ཆུད་བཟོས་སུ་མ་ཕྱིན་པས་མགོ་འོག་ཚང་མ་བློ་རྩེ་གཅིག་ཏུ་བསྒྲིམ་ནས་རྒྱལ་སྤྱིའི་ཐོག་ལ་སྔར་ལྷག་ནུས་ཤུགས་ཚད་དང་ལྡན་པའི་ལས་འགུལ་རྒྱུན་ཆེད་མེད་པར་སྤེལ་དགོས་ལ། དེ་ནི་ང་ཚོར་འཁྲི་བའི་ལས་དོན་གལ་ཆེན་ཞིག་ཀྱང་ཡིན་པས་སོ། གང་ལྟར་བདེན་དོན་གསལ་ཆེད་དུ་ཐབས་ལམ་གང་འདྲ་སྤེལ་ནའང་དོན་སྙིང་ལྡན་པ་སྤེལ་དགོས་པ་གནད་ཅན་ཞིག་རེད། མཐའ་དོན་བོད་མི་རིགས་ཀྱི་དོན་དུ་སྐུ་སྲོག་ཤོར་མཁན་དང་། རང་དབང་གི་དོན་དུ་སྐུ་ལུས་མཆོད་མེ་ཕུལ་མཁན་དཔའ་བོ་དཔའ་བོ་རྣམས་ལ་རྗེས་དྲན་ཞུ་བ་དང་ཆགས་ཅིག་བོད་མི་རིགས་ཀྱི་ཁོག་པའི་སྙིང་ལྟ་བུ་༸རྒྱལ་བ་རིན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་གེགས་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་དང་བཅས།
འདི་འདྲའི་རིགས་གང་མང་མང་འབྲི་རོགས།