ལོ་རབས་བརྒྱ་ཕྲག་ཉི་ཤུ་པའི་ནང་དུ་རྒྱ་དམར་གྱིས་བོད་ལ་བཙན་འཛུལ་བྱས་པའི་རྐྱེན་གྱིས་བོད་བརྒྱུད་ནང་བསྟན་ཀྱི་སྲོལ་རྒྱུན་ཆོས་ལུགས་བྱེད་སྒོར་གཏོར་བཤིག་ཚབ་ཆེན་ཐེབས་ཡོད། ཡིན་ན་ཡང་རྐྱེན་དང་ཉེར་ལེན་དེར་བརྟེན་ནས་བོད་ཀྱི་ཕྱི་རོལ་འཛམ་གླིང་གི་ས་ཕྱོགས་གང་སར་བོད་བརྒྱུད་ནང་བསྟན་ནི་འཕེལ་རྒྱས་ཀྱི་ཚད་ཆེས་ཆེ་ཞིང་མྱུར་བའི་དུས་སྐབས་ཤིག་ལ་ཡང་སླེབས། རྒྱལ་བ་རིན་པོ་བཙན་བྱོལ་དུ་ཕེབས་པའི་རྗེས་སུ་འབྲངས་བའི་བོད་ཀྱི་བླ་གྲྭ་རྣམས་ཀྱིས་ཡུལ་ལུང་མང་པོར་བོད་བརྒྱུད་ནང་བསྟན་གྱི་བྱེད་སྒོ་སྤེལ་ཡུལ་སྣ་ཚོགས་ཤིག་འཛུགས་བསྐྲུན་གནང་ཡོད་པའི་ནང་ནས་བལ་ཡུལ་ནི་ཆེས་མངོན་གསལ་དོད་ཤོས་ཀྱི་ཡུལ་གྲུ་ཞིག་ཡིན།
བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམས་ནི་བོད་ཀྱི་བླ་གྲྭ་རྣམས་ཀྱི་ཆོས་ལུགས་བྱེད་སྒོའི་འདུ་འཛི་ཆེ་ཤོས་ཤིག་ཡིན། བོད་བརྒྱུད་ནང་བསྟན་པའི་མཇལ་འཛོམ་ལྟེ་གནས་ཀྱང་ཟེར། མཆོད་རྟེན་བྱ་རུང་ཁ་ཤོར་ནི་གནའ་སྔ་མོའི་དུས་ནས་བོད་མི་ཚོས་གནས་ཆེན་དང་རྟེན་རྩ་འགངས་ཆེ་གྲས་ཤིག་ཏུ་བརྩིས་ནས་མཇལ་སྐོར་དུ་འགྲོ་སྲོལ་ཡོད་པ་དང་། བོད་ཀྱི་བླ་དཔོན་ཆེ་ཁག་དང་སྡེ་པ་གཞུང་གིས་ཀྱང་སྔ་ཕྱིར་ཞིག་གསོ་གནང་མྱོང་སྐད།
དེང་སང་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམས་ན་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཚང་མས་རང་རང་གི་དགོན་སྡེ་གསར་འཛུགས་དང་ཆོས་ལུགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བཞིན་ཡོད། བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་དེ་དག་གི་གཟི་བྱིན་གྱིས་འཛམ་གླིང་གི་ས་ཕྱོགས་གང་སའི་མི་རིགས་མང་པོ་ལྟ་སྐོར་དང་། མཆོད་མཇལ། སློབ་སྦྱོང་བཅས་ཀྱིས་ཆེད་དུ་གནས་ཆེན་འདིར་འགུགས་བཞིན་ཡོད།
གཤམ་དུ་དཔེ་མཚོན་ཙམ་དུ་བོད་བརྒྱུད་ནང་བསྟན་གྱི་དགོན་པ་ཆེ་གྲས་ཁ་ཤས་ངོ་སྤྲོད་བྱ་རྒྱུ་ཡིན།
ཀོ་པན་དགོན་པ་ནི་ནུབ་ཕྱོགས་སུ་ཆོས་སྤེལ་མཁན་སྐད་གྲགས་ཅན་བླ་མ་ཡེ་ཤེས་དང་ཨུ་རུ་སུའི་རྒྱལ་རིགས་ཀྱི་སྲས་མོ་ཞིག་གིས་གསར་བཞེངས་གནང་ཞིང་ཁོང་གི་སློབ་མ་བླ་མ་བཟོད་པ་རིན་པོ་ཆེས་འཛིན་སྐྱོང་གནང་བཞིན་ཡོད། དགོན་པ་དེ་ལ་མཚན་ཉིད་རིགས་ལམ་སྡེ་ཚན་དང་། གྲྭ་ཚང་། བཙུན་མའི་དགོན་པ་སོགས་ཡོད་ཅིང་བལ་ཡུལ་དགེ་ལྡན་སྨོན་ལམ་སོགས་ཆོས་ལུགས་བྱེད་སྒོ་ཆེ་གྲས་མང་པོ་འདིར་སྤེལ་སྲོལ་ཡོད། ཕྱིའི་མི་རིགས་ལ་སྐད་རིགས་གཞན་གྱི་སྟེང་ནས་ཆོས་ལུགས་སློབ་སྤེལ་གོ་སྒྲིག་རིང་ཐུང་སྣ་ཚོགས་ལོ་འཁོར་མོར་ཡོད་པས་སྐད་གྲགས་ཆེ།
ཞེ་ཆེན་དགོན་པ་ནི་ཏིལ་མགོ་མཁྱེན་བརྩེ་རིན་པོ་ཆེར་འབྲུག་མངའ་བདག་རྒྱལ་པོས་སྦྱིན་བདག་ཞུས་ཤིང་གསར་བཞེངས་མཛད་པ་རེད་ཟེར། དགོན་པ་དེ་དེང་སྐབས་ཏིལ་མགོ་མཁྱེན་བརྩེའི་སྐུ་ཚ་རབ་འབྱམས་རིན་པོ་ཆེ་དང་མཁྱེན་བརྩེ་ཡང་སྲིད་རིན་པོ་ཆེ་སོགས་ཀྱིས་འཛིན་སྐྱོང་གནང་བཞིན་ཡོད། དགོན་པ་དེར་ཆོས་གཞུང་སློབ་སྦྱོང་བཤད་གྲྭ་དང་། སྒྲུབ་གྲྭ། སྒྲུབ་མཆོད་གྲྭ་ཚང་། སྨན་སྦྱིན་ཁང་། མགྲོན་ཁང་སོགས་ཡོད། འདི་ལ་བལ་བོ་ཚོས་འབྲུག་པའི་དགོན་པ་ཡང་ཟེར།
བཀའ་རྙིང་བཤད་སྒྲུབ་གླིང་ནི་སྐབས་དེའི་བལ་ཡུལ་རྒྱལ་པོ་དང་འབྲེལ་འདྲིས་ཟབ་པའི་སྤྲུལ་སྐུ་ཨུ་རྒྱན་རིན་པོ་ཆེས་གསར་བཞེངས་མཛད་ཅིང་ཁོང་གི་སྲས་སྤྲུལ་སྐུ་རྣམ་པས་འཛིན་སྐྱོང་གནང་བཞིན་ཡོད། དགོན་པ་དེ་ལ་ཆོས་གཞུང་སློབ་སྦྱོང་བཤད་གྲྭ་དང་། སྒྲུབ་གྲྭ། གྲྭ་ཚང་སོགས་ཡོད། དགོན་པ་དེའི་རང་བྱུང་ཡེ་ཤེས་བཤད་གྲྭ་ནི་སྐད་རིགས་གཞན་གྱི་སྟེང་ནས་ཕྱིའི་མི་རིགས་ལ་མཐོ་རིམ་ཆོས་གཞུང་སློབ་ཁྲིད་བྱ་ཡུལ་ཡིན་ཞིང་བལ་ཡུལ་ཀྱི་ཏྲི་བྷ་ཝན་སྣ་འཛོམས་སློབ་ཆེན་དང་མཉམ་འབྲེལ་ཡིན་པས་ཕྱི་མི་མང་པོས་སློབ་གྲྭ་འདིར་བོད་བརྒྱུད་ནང་བསྟན་ཆོས་གཞུང་སློབ་གཉེར་བྱེད་བཞིན་ཡོད། བལ་པོ་ཚོས་འདི་ལ་དགོན་པ་དཀར་པོ་ཡང་ཟེར།
གོང་དུ་བཀོད་པའི་དགོན་པ་དེ་དག་ནི་དཔེ་མཚོན་དུ་བཀོད་པ་ཙམ་ལས་བལ་ཡུལ་དུ་བོད་ཀྱི་བླ་གྲྭ་ཚོས་དགོན་པ་གསར་བཞེངས་ཀྱི་འཕེལ་ཚད་དེ་བློ་ཡུལ་ལས་འདས་པའི་གྲངས་འབོར་ཆེན་པོ་ཡིན། བོད་དུ་རྒྱ་དམར་གྱིས་བཙན་འཛུལ་བྱས་ཚུན་དུ་བོད་ཀྱི་བླ་གྲྭ་ཚོས་བལ་ཡུལ་རྒྱལ་ཁོངས་སུ་དགོན་པ་ཆེ་ཆུང་གཅིག་སྟོང་ཉིས་བརྒྱ་ཙམ་བཞེངས་ཡོད་ཅེས་པའི་གྲངས་ཐོ་ཞིག་ཀྱང་མཐོང་།
བོད་ཀྱི་ནང་བསྟན་དགོན་སྡེ་འཕེལ་རྒྱས་ལ་བརྟེན་ནས་བལ་ཡུལ་གྱི་ནང་བསྟན་ཤེས་རིག་དང་འབྲེལ་བའི་ལག་ཤེས་བཟོ་རྩལ་དང་། ཡུལ་སྐོར་ཡོང་འབབ། གྲོང་སྡེའི་མཛེས་ཉམས་སོགས་གོང་འཕེལ་དུ་བཏང་བ་ཁོ་ན་ཙམ་མ་ཡིན་པར་ཧི་མ་ལ་ཡའི་ལྷོ་རྒྱུད་ཀྱི་ཡུལ་སྡེ་མང་པོའི་ཕ་ཆོས་སྟེ་ནང་བསྟན་རིག་གནས་ཀྱི་མེ་རོ་གསོ་བཞིན་ཡོད་དོ༎
བོད་ཀྱི་བླ་གྲྭ་ཚོས་བལ་ཡུལ་རྒྱལ་ཁོངས་སུ་དགོན་པ་ཆེ་ཆུང་གཅིག་སྟོང་ཉིས་བརྒྱ་ཙམ་བཞེངས་ཡོད་ཅེས་པའི་གྲངས་ཐོ་དེ་ནི་རྫུན་མ་ཡིན་ཁོ་ཐག ཕྱི་རྒྱལ་ན་ཡོད་པའི་བོད་དགོན་ཚང་མ་བསྡོམ་ནའང་གྲངས་ཀ་དེ་ཡོད་མི་སྲིད་པ་རེད་དོ། །
ཏིལ་མགོ་མ་རེད་དིལ་མགོ་རེད། མགོན་བསྟན་འཛིན་རྒྱ་མཚོའི་དབུ་བླ་རེད།
ཟེར་ཟེར་མང་པོ་བཤད་སྟངས་ལ་ལྟ་དུས་ཞེ་ཆེན་དགོན་དང་བཀའ་རྙིང་བཤད་སྒྲུབ་གླིང་གཉིས་ལ་སྣང་བ་འགྲོ་གི་ཡོད་ས་མ་རེད།
འདི་ཡག་གི་
ཡུལ་ཁུག་ཀྱོག་ལ་དྭགས་ལྟ་བུ་ལ་ཡུལ་གྲོང་གི་ལྷ་ཁང་ཞིག་ན་ཡུལ་གྲོང་དག་ལ་་ལྷ་བསངས་གཏོང་མཁན་གྲྭ་པ་ཞིག་བཞུགས་པ་ལ་ཡང་དགོན་པ་ཟེར། དེ་འདྲ་ཡིན་དུས། བོད་ཀྱི་བླ་གྲྭ་ཚོས་བལ་ཡུལ་རྒྱལ་ཁོངས་སུ་དགོན་པ་ཆེ་ཆུང་གཅིག་སྟོང་ཉིས་བརྒྱ་ཙམ་བཞེངས་ཡོད་ཅེས་པ་དེ་བདེན་ངེས།
རྒན་ལ་དྭགས་ལེགས། ཕྱག་འཚལ། ཁམས་བདེ་འམ་ལེགས།
དགོན་པ་ཟེར་ན་ཚོགས་ཁང་ཆེན་པོ་ཞིག་དང་གྲྭ་བ་མང་པོ་ཞིག་གྲྭ་ཤག་རིང་པོ་ཞིག་དགོས་པ་ཨེ་རེད། དེ་ཡིན་ན་དགོན་པ་ཟེར་བའི་དོན་མ་ཁྲོལ་བར་ཟད་དོ། གྲྭ་བ་གཅིག་རང་ལས་མེད་ཅིང་སྡོད་སའང་བྲག་ཁུང་ལས་མེད་པའི་གནས་དེར་དགོན་པ་མི་ཟེར་བ་ཨེ་རེད། ད་ཡིན་ན་ཡོད་ཚད་ཕྱིན་ཅི་ལོག་ཏུ་འགྱུར་བཞིན་འདུག་ཨང་།
མེ་ཏོག་དཀར་པོ་ལགས། ཡིན་དང་ཡིན། ངའི་སྣང་བར་འགྲོ་གི་མེད། ཁྱོད་ཀྱིས་སྣང་བར་འགྲོ་གི་ཡོད་ན་དེ་ལུགས་ཁྱོད་ཀྱིས་བྲིས་དང་ངས་ལྟད་མོ་ལྟ་ཆོག
བོད་ཀྱི་བླ་སྤྲུལ་ཚོ་སྨྱོན་པ་རེད། དགོན་པ་རྒྱག་ན་རང་ཡུལ་དུ་མི་རྒྱག་གཞན་ཡུལ་ལ་རྒྱབ་ནས་གང་ཡོང་།
མེ་ཏོག་པད་མ་དཀར་པོ་ལེགས།
ལུང་པ་རེ་ལ་སྐད་ལུགས་རེ།
བླ་མ་རེ་ལ་ཆོས་ལུགས་རེ།
རང་རེས་སྤྱི་སྐད་དེ་བཀོལ་བར་བཀའ་བསྟན་གསུང་འབུམ་སོགས་ཀློག དེ་དག་གི་རྗེས་སུ་འགྲོ་དགོས་ཀྱང་། དེ་དག་ལ་ལྟོས་མེད་བྱས་ཏེ། ང་ལྟ་བུས་མ་དག་པ་མང་དུ་འབྲི་བ་དེ་བོད་ཀྱི་རིག་གཞུང་སྐད་ལ་གནོད་པ་དེ་དག་སྤངས་ཏེ། དག་པར་འབྲི་བ་ལ་དོ་སྣང་བྱེད་ངེས་ལགས་སོ།།
སྤོབས་པ་མཐའ་ཡས་ལགས། གཏམ་དྲིས་ན་མི་ཤེས་སྒུགས་ན་ཤེས་ཟེར་བ་ལྟར་ངས་ཚོད་དཔག་བྱས་པ་དེ་ཏག་ཏག་འགྲིག་སོང་། མ་གཞི་ཁྱོད་ལ་འདོད་པ་མེད་བཞིན་དུ་བྲིས་རྒྱུ་སུས་ཁྲལ་འགེལ་སོང་།
ལ་དྭགས་བློ་འཇམ་ལགས། ཁྱེད་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཁ་ཡག་ཀྱག་ལ་བཀའ་བསྟན་ཁ་མར་ཀྱག་ལ་གསུང་འབུམ། བཀའ་བསྟན་དག་ཡིག་མ་རེད།
ང་ལ་ཉམས་མྱོང་ཞིག་ཡོད། སྔོན་དཔེ་ཆ་ལྟ་སྐབས་སུ་དག་ཡིག་ངག་སྒྲོན་གྱི་དཔེ་ཆ་ཞིག་མཇལ། ཡོངས་གྲགས་ཡིན་པ་དང་། ཡོངས་གྲགས་མ་ཡིན་པའི་སྒྲ་དག་གི་ཡི་གེ་ཐོབ་སྟངས་བྲིས་པ་མཇལ་བ་ན། སེམས་ལ་སྣང་བ་ཞིག་ཤར། ཡི་གེ་རྣམས་ཀྱི་དག་ཆ་ཤེས་དགོས་ན། དམིགས་བསལ་གྱིས་ངག་སྒྲོན་སོགས་ལ་སློབ་སྦྱོང་མི་དགོས་པར་སོ་སོས་བློ་ལ་འཛིན་པའི་མིང་ཚིག་དག་དང་། དཔེ་ཆ་ཀློག་དུས་སུ་མིང་སྒྲ་དེ་དང་དེ་རྣམས་ཀྱི་ཡི་གེ་ཐོབ་སྟངས་ཀུན་སེམས་ལ་ངེས་པར་བྱེད་དགོས་པ་བསམ་པ་དེ་དིང་སང་སློབ་སྦྱོང་བྱེད་ཚུལ་བསྟན་པ་དང་མཐུན་པ་མི་འདུག་གམ། དམག་ལོག་ལེགས། བཀའ་བསྟན་གསུང་འབུམ་དག་ནི་བོད་ཀྱི་རིག་གཞུང་གི་ནོར་བུ་རིན་པ་ཆེས་གཏམས་པའི་བང་མཛད་དོ། །
ཡ་ད་ཀྱུས་ནས་གཞུང་དངོས་ལ་ལོག་ནས་དགོན་པའི་སྐོར་བཤད་ན་འདི་སྐད་དོ། སྔོན་མ་རྒྱལ་བ་རིན་པོ་ཆེ་རྒྱ་གར་ལྷོ་ཕྱོགས་ལ་དགའ་ལྡན་དགོན་པའི་གྲྭ་ཚང་ག་གེ་མོ་ཞིག་དབུ་འབྱེད་ལ་ཕེབས་སྐབས། དགོན་པའི་ནང་གི་འགྲོ་སོང་ཕལ་མོ་ཆེ་འདུ་ཁང་དང་རྒྱལ་བའི་གཟིམས་ཆུང་། དེ་བཞིན་ཁང་པའི་བཀོད་པའི་ཐོག་ལ་བཏང་། དེ་ལ་ད་དུང་བླ་གྲྭ་འགའ་ཤས་ཀྱིས་བྱས་རྗེས་ལྟ་བུར་ངོམས་བཞིན་པ་དེ་གཟིགས་ནས། ཐུགས་ནས་སྐྱོ་སྣང་ཆེན་པོ་དང་། དབུ་འབྱེད་ཉིན། ཐོག་མའི་འཆར་བཀོད་ལྟར་གྱི་དུས་ཚོད་ཐོག་མ་བཞུགས་པར་འདུ་ཁང་ནང་ལ་གཟིགས་སྐོར་མགྱོགས་པོ་ཕེབས། བཀའ་སློབ་གནང་སྐབས་འདི་སྐད་གསུངས་སོ།
“ཕྱིའི་བཀོད་པའི་ཐོག་ལ་དངུལ་མང་པོ་བཏང་། ཁྲ་ཁྲ་སིལ་སིལ། རྫིག་རྫིག་ཁ་མདོག་ག་ཚོད་བྱས་ཀྱང་། སྟོང་པ་རེད། སྔོན་མ་བོད་ནང་ལ་ཡོད་པའི་གསེར་དངུལ་གོས་ཆེན་འདི་དག་གིས་གང་ཕན་སོང་ངམ། གཙོ་བོ་སློབ་སྦྱོང་ལ་ཤུགས་རྒྱོབ། དཔེ་ཆ་བ་ཚོའི་ལྟོ་ཆས་དང་འཕྲོད་བསྟེན་ལ་དོ་སྣང་བྱོས།”གསུངས་པ་ཐོས།
དགོན་པ་མང་བ་དང་རྫིག་པོ་ཡོད་པར་རང་གཞན་བསམ་ཤེས་ཐུབ་མཁན་སུས་ཀྱང་མི་སྨོན། ནང་ལ་སློབ་སྦྱོང་ཡག་པོ་ཞིག་དང་། སློབ་ཁྲིད་ཡག་པོ་ཞིག་ཡོད་ན། དེ་ལ་ཚང་མས་སྨོན། བལ་ཡུལ་ནང་ལ། དགོན་པ་རྫིག་པོ་འགའ་ཤས་འདུག་རུང་། ནང་གི་བཤད་ཁྲིད་ཁུངས་ལུང་མེད་པ་མཐོང་མྱོང་།
ལྷག་པར་དུ་དགོན་པའི་ནང་ལ་གྲྭ་པ་མེད་པ་བྱས། སྦྱིན་བདག་ཡོང་དུས། ཕྱི་ནས་གྲྭ་པ་གཡར་ནས་འདུ་ཁང་རྒྱོང་མཁན་གྱི་བླ་མིང་འཛིན་པ་དེ་ཚོ་ཞབས་འདྲེན་རེད།
དེ་ཚོར་དགོན་པའི་མིང་ཐོབ་ན། སངས་རྒྱས་བསྟན་པ་ངོ་མ་ནུབ་རིར་ཕེབས་ཟིན་ཏོ།
སྐུ་ཞབས་མེ་ཏོག་དཀར་པོ་ལགས། ང་ལ་སུ་གཅིག་གིས་ཀྱང་ཁྲལ་བཀལ་མ་སོང་། ངས་ཁྱོད་དང་ཁྱོད་ལྟ་བུ་ཚོའི་མིག་དང་རྣ་བ་ལ་ཚ་ཤར་རེ་དང་ལྷག་པར་སྙིང་གི་ནང་ལ་གཟེར་ཤར་རེ་རྒྱུགས་ཐུབ་པའི་རེ་བ་བརྒྱབ་ནས་ཅིག་འབྲི་བཞིན་ཡོད།
ཐུགས་རྗེ་ཆེ། སྤོབས་པ་མཐའ་ཡས་ལགས། ཁྱེད་ཀྱི་ཀུན་སློང་དེ་འདྲ་མིན་པའི་ཡིད་ཆེས་ཡོད་དེ་ཡིན་ནའང་རང་བཞིན་གཤིས་ཀྱི་དྲི་མ་དེ་ངམ་ངམ་ཤུགས་ཀྱིས་འཐོན་ཡོངས་བ་ལ་སུས་འགོག་ཐུབ་སྟེ་ཐ་ན་དོ་བདག་རང་ཉིད་ཀྱིས་ཀྱང་ངོས་བཟུང་མི་ནུས་པ་འདིས་སོ།།