རྩོམ་པ་པོ་བོན་རྒྱ་བསྟན་འཛིན་རབ་རྒྱས།
༡༽ བཤད་རྒྱུ་ནི་མཐོ་རིམ་སློབ་མའི་རྩ་བའི་འགན་འཁྲི་ཞིག་རེད།
མཐོ་རིམ་སློབ་མས་ངེས་པར་བཤད་དགོས་པ་རེད། རང་གི་མི་རིགས་བཤད་དགོས་པ་རེད། རང་གི་རིག་གནས་བཤད་དགོས་པ་རེད། ཆོས་དང་ཆབ་སྲིད་བཤད་དགོས་པ་རེད། བཤད་ཚར་བ་དག་བསྐྱར་དུ་བཤད་དགོས་པ་རེད། བཤད་མེད་པ་དག་གསར་དུ་བཤད་དགོས་པ་རེད། བཤད་མི་རུང་བ་དག་བཙན་གྱིས་བཤད་དགོས་པ་རེད། བཤད་མི་ཆོག་པ་དག་སྤོབས་པས་བཤད་དགོས་པ་རེད། བཤད་བཤད་ན་ནམ་ཞིག་ཅིག་གིས་བྱེད་ནི་རེད། བཤད་མཁན་ནི་བྱེད་མཁན་གྱི་ལྷན་ཅིག་བྱེད་རྐྱེན་ཉེ་བར་བ་དེ་རེད། ཡིན་ནའང་། ང་ཚོའི་སྤྱི་ཚོགས་ནང་”ང་ཚོས་ད་ལྟའི་བར་དུ་བཤད་པ་རེད། བཤད་ཀྱིས་ཕན་གི་མ་རེད། བྱེད་མི་ཐུབ་ན་བཤད་པའང་ཉུང་ཉུང་གྱིས་”ཟེར་མཁན་མོད་པོ་རེད། ཡིན་ནའང་། ངས་བལྟས་ན་དེ་དག་གིས་ད་དུང་བཤད་ཀྱི་ནང་དོན་གོ་ཡོད་པ་མ་རེད། སྨྲ་བརྗོད་རང་དབང་ཞེས་པའང་བཤད་ཀྱི་རང་དབང་ལས་གཞན་མ་རེད་ལ། འཆད་རྩོད་རྩོམ་གསུམ་ཟེར་བའང་བཤད་ལས་གཞན་མ་རེད། ངས་བལྟས་ན། ང་ཚོ་འདི་ལྟར་རྗེས་སུ་ལུས་པའང་བཤད་ལ་སྟོང་ཆ་ཤོར་བ་དང་། བཤད་ཀྱི་རང་དབང་ཤོར་བས་རེད་སྙམ། ལེགས་བཤད་དག་ནའང་། མཁས་པའི་བྱ་བ་འཆད་རྩོད་རྩོམ་གསུམ་ཟེར་བ་ཞིག་ལས། བྱེད་ལས་སྒྲུབ་གསུམ་ཟེར་བ་ཞིག་ད་བར་བྱུང་མ་མྱོང་བ་རེད། དེའི་ཕྱིར། བཤད་ནི་སྙིང་བོ་མེད་པ་ཞིག་གཏན་ནས་མ་རེད།
ངས་བལྟས་ན། སྨྱུག་ཐོགས་སློབ་ཆེན་པ་རྣམས་ཀྱི་འགན་འཁྲི་ནི། ལྕགས་ཁེམ་བཟུང་ནས་ལས་དཀའ་འགྲོ་རྒྱུ་དང་སྒྲོན་མེ་བཟུང་ནས་ཁྲོམ་སྐོར་བྱེད་རྒྱུ་མིན་པ་མ་ཟད། ཁུ་ཚུར་དང་དར་ཆ་འཕྱར་ནས་བཙོན་ལ་འགྲོ་རྒྱུ་དང་ཙག་སྒྲ་སྦར་ནས་མེ་ལ་བསྲེག་རྒྱུའང་མ་རེད། སྨྱུ་གུ་བཟུང་ནས་ཟུངས་ཁྲག་གི་བརྙན་རིས་བཞེངས་རྒྱུ་དང་། མི་གཤིས་ཀྱི་ཤེས་རབ་སྦར་རྒྱུ་དེ་རེད་སྙམ། མཐོན་པོ་དཔོན་ས་བསྙེག་ན་སྡུག་པོ་བཙོན་ལ་ཆས་ན་སྨྱུག་རྩེ་ནས་འབངས་མི་སེར་གྱི་འཁུན་སྒྲ་མ་ཆད་ན་སློབ་ཆེན་པའི་འགན་འཁྲི་ཁུར་བ་རེད་སྙམ། དཔེར་ན། ཤར་ཕྱོགས་ནང་བའི་སེམས་ཀྱི་སྟོན་པ་ཆེན་པོ་ཤཱཀྱ་ཐུབ་པ་དང་། ནུབ་ཕྱོགས་མཚན་ཉིད་རིག་པའི་མེས་པོ་སོ་ཁིར་ཊིས་(Socrates)གཉིས་ཀྱི་གཅིག་གིས་ཀྱང་བྱེད་པ་ཕར་ཟད། བཤད་པ་ལས་ཐ་ན་བྲིས་ཀྱང་མ་མྱོང་བ་རེད། ད་དུང་ཉེ་ས་ནས་བཤད་ན། སྟོན་པ་ཏཱ་ལའི་བླ་མའི་ཞི་བདེའི་གཟེངས་རྟགས་དང་། གསེར་གྱི་གཟེངས་རྟགས། ཊམ་པེལ་གཟེངས་རྟགས་བཅས་ཀྱི་ཆ་རྐྱེན་གཙོ་བོ་ལའང་བཤད་བཞག་ཡོད། དེའི་ཕྱིར། བཤད་ཀྱི་རིན་ཐང་ནི་རྒྱས་པར་གླེང་ན་ཕ་མཐའ་ཡས་པ་ཞིག་ཡིན་ལ། ལྷག་པར་ང་ཚོའི་བཤད་པ་ལ་བདེན་གྱི་ལྗིད་ཚད་ཇི་འདྲ་ཆེ་ནའང་རྒྱབ་གཏད་སའི་རྒྱལ་ཁབ་མེད་ལ། དཔུང་ཞུ་སའི་རྩ་ཁྲིམས་ཀྱང་མེད་པས། གཏུམ་དྲག་དབང་ཡོད་པ་ཚོས་ཚེ་སྲོག་དང་ཕོར་བ་ཚུན་ཆད་ལ་ལག་བསྲིང་ཆོག་ཆོག་ཡིན་ཙ་ན། ང་ཚོས་བཤད་ཀྱི་འགན་འཁྲི་ཁུར་བ་ནི་བརྗིད་ཆེ་བའི་བསམ་བློའི་འགན་འཁྲི་ཞིག་ཁུར་བ་ཡིན་ལ། དེར་དཔྱད་པ་མ་ནོར་བ་བྱས་པ་ནི་འགན་འཁྲི་དེ་ཡང་དག་པར་ཁུར་བ་ཡིན། དེའི་ཕྱིར། བདག་གིས་སྤོབས་པས་བཤད་རྒྱུ་དང་དཔྱོད་པས་འབྲི་རྒྱུ་ནི་སྨྱུག་ཐོགས་སློབ་ཆེན་པའི་འགན་འཁྲི་དང་པོ་རུ་བསྒྲགས་པ་ཡིན།
༢༽ ཀློག་རྒྱུ་ནི་མཐོ་རིམ་སློབ་མའི་རྩ་བའི་འགན་འཁྲི་ཞིག་རེད།
ང་ཚོས་ངེས་པར་དུ་དཔེ་ཆ་ཀློག་དགོས་པ་རེད། བོད་རང་ཉིད་ཀྱི་དཔེ་ཆ་ཀློག་དགོས་པ་རེད་ལ། མི་རིགས་གཞན་གྱི་དཔེ་ཆའང་ཀློག་དགོས་པ་རེད། བཀླགས་ཟིན་པ་དང་ཡང་དང་བསྐྱར་དུ་ཀློག་དགོས་པ་རེད། ཀློག་མ་མྱོང་བ་དག་བཙལ་ནས་ཀློག་དགོས་པ་རེད། མང་པོ་དག་ལ་མ་ཉོབ་པར་ཀློག་དགོས་པ་རེད། མཁྲེགས་པོ་དག་མ་བསྐྱུར་བར་ཀློག་དགོས་པ་རེད། བཀླགས་ནས་སླ་བོ་ལ་བསྒྱུར། སླ་བོ་ནས་བྱང་ཆུབ་པར་མཛད་དགོས་པ་རེད། དེ་ལྟར་བྱས་ན་ནམ་ཞིག་ཤེས་བྱའི་གནས་ལ་གདེང་ཞིག་ཐོབ་པ་མ་ཟད། རང་ཉིད་ལའང་ཐུན་མིན་གྱི་རང་ཚུགས་ཤིག་དང་ངེས་པ་ཞིག་ཐོབ་རྒྱུ་ཡོད་པ་རེད། དེ་མིན་ཕོགས་དང་ལྟོ་ཡི་ཕྱིར་དུ་དཔེ་ཆ་བཀླགས་ན་ནོར་བ་རེད་ལ། མཚན་དང་གྲགས་པའི་ཕྱིར་དུ་དཔེ་ཆ་བཀླགས་ནའང་ནོར་བ་རེད།
སྤྱིར་ན་འཇིག་རྟེན་ལྟད་མོ་ཡིན་པས། དུས་ཚོད་བྲིན་པའི་སྐབས་སུ་ལག་སོན་བྱུང་བའི་དཔེ་ཆ་མཐའ་དག་བཀླགས་འོས་མོད། རིན་ཐང་མེད་པའི་དེབ་རིགས་ཤ་སྟག་གི་སྟེང་དུ་མགོ་འཁོར་བསྡད་ན་དེའང་བསམ་བློ་གསོ་སྐྱོང་གི་བར་ཆད་ཅིག་ཡིན། དེ་ལས་ཀྱང་ཁ་གསལ་དུ་བཤད་ན། གངས་རྒྱན་མེ་ཏོག་དང་སྦྲང་ཆར་སོགས་བོད་ཁམས་ཀྱི་དུས་དེབ་དང་ཚགས་པར་སྣ་ཚོགས་དང་། ན་གཞོན་ཁྲོད་བྲིན་རྒྱུག་ཆེ་བའི་སྙིང་སྟོབས་དང་རྟུལ་ཕོད་དཔེ་ཚོགས་སོགས་ཀྱི་ནང་དུ་མིག་གཉིས་ལོང་བར་གྱུར་ནའང་བསམ་བློར་གདེང་སྤོབས་ཤིག་ཐོབ་མི་སྲིད་དེ། དཔེར་ན། བོད་ཕྱི་ནང་གི་བསམ་བློ་དང་ཚིག་སྦྱོར་གཉིས་ཕུང་གི་དཔེ་དེབ་ནག་རིལ་མ་དག་གི་བདག་པོ་ཚོ་ལྟ་བུ་རེད། ད་དུང་དེ་ལས་ཀྱང་ཁ་གསལ་དུ་བཤད་ན། དགེ་ཆོས་དང་རང་གྲོལ། མཁར་རྨེ་དང་ཁང་གསར་སོགས་ཀྱི་བསྟན་བཅོས་དག་ཀྱང་དཔེ་ཀློག་གི་ཉིང་ཏིག་གང་ཡང་མིན། བོད་རང་གི་མ་སྐད་ཀྱི་སྟེང་ནས་བལྟས་ནའང་དེ་དག་གིས་བོད་ཀྱི་བསམ་བློ་དང་རིག་གནས་ཀྱི་ཚབ་མཚོན་བྱེད་ཁེགས་པ་མ་ཟད། དེ་དག་ལས་ལྷག་པའི་ཀློག་པ་ཐོས་བསམ་བྱེད་སའི་དཔེ་ཆ་བགྲང་གིས་མི་ལང་བ་ཞིག་བོད་རང་གི་སྐད་དུ་ཡོད་དེ། དཔེར་ན། མགོ་ནས་མཇུག་བར་དུ་ཐེངས་ལྔ་དྲུག་ལ་ཁྲིད་ཉན་བྱས། ད་དུང་ངག་ཐོག་ནས་ཤར་ཤར་སྐྱོར་ནའང་གོ་བ་མཐིལ་ཕྱིན་ཐོབ་མི་ནུས་པའི་དབུ་ཕར་ཚད་གསུམ་གྱི་རྩ་འགྲེལ་ཁག་དང་རྗེ་བླ་མའི་ལེགས་བཤད་སྙིང་བོ་དང་ལེགས་བཤད་གསེར་ཕྲེང་ལྟ་བུ་དག་ནི་དངོས་གནས་ཡང་ཡང་མ་བཀླག་ཐུ་མེད་ཀྱི་ལེགས་བཤད་ཤ་སྟག་རེད་སྙམ།
མཐོ་རིམ་སློབ་མས་དཔེ་དེབ་ཀློག་ཀླག་བྱེད་པ་ནི། རང་དོན་ཕུན་ཚོགས་སུ་གཏོང་བའི་བརྒྱུད་རིམ་ཞིག་ཡིན་པས། འདི་ནི་མཐོ་རིམ་སློབ་མའི་བསམ་བློ་འགན་འཁྲི་ཡང་དག་པར་འཁུར་ནུས་ཀྱི་ཐབས་ཆས་ཤིག་ཀྱང་ཡིན་ནོ། ། སྤྱིར་ན་ཀློག་སྔོན་དུ་མ་སོང་བར་བཤད་པ་དང་འབྲི་བ་ནི་བྱ་རོག་སོ་རྟོག་གི་བསྟན་བཅོས་བཞིན་ལྟར་སྣང་གི་བསྟན་བཅོས་དང་། མ་བག་མར་ལེན་པའི་བསྟན་བཅོས་ལྟར་དགོས་མེད་ཀྱི་བསྟན་བཅོས་སུ་འགྱུར་སྲིད་པས། བཤད་ཀྱི་སྔོན་དུ་ངེས་པར་དུ་འགྲོ་དགོས་པ་ནི་ཀློག་ཡིན་ཞིང་། ཀློག་པ་པོ་མིན་པའི་རྩོམ་པ་པོ་ཞིག་ད་ལྟའི་བར་འཇིག་རྟེན་ལ་བྱུང་མ་མྱོང་བས་ན། བོད་ཀྱི་མཐོ་རིམ་སློབ་མ་རྣམས་ཇི་ལྟར་མཐོ་ནའང་ཆོས་ཉིད་དེའི་ཁ་གཏད་དུ་ལངས་ཐུབ་མེད་པ་རེད། དེའི་ཕྱིར། ང་ཚོས་ཀློག་གི་སྟེང་ལ་ནུས་ཤུགས་ལྡོག་སྒྲིལ་བྱེད་རྒྱུ་ནི་འགན་འཁྲི་ཀུན་གྱི་རྩ་བ་ལྟ་བུ་རེད།
ང་ཚོས་རང་གི་ལག་པ་སྙིང་ཁར་བཞག་ནས་འདང་བརྒྱབ་ན། མཚན་ཉིད་རིག་པའི་ཐད་དང་། ཡང་ན་ལོ་རྒྱུས་དང་བརྡ་སྤྲོད་ཀྱི་ཐད། ཡང་ན་མགུར་དང་ལེགས་བཤད་ཐད། སྒྲུང་དང་སྙན་ངག་གི་ཐད་སོགས་གང་ནས་ཀྱང་བཤད་རྒྱུ་དང་འབྲི་རྒྱུའི་གདེང་སྤོབས་ཅི་ཡང་མེད་པ་ནི་དཔེ་ཀློག་གི་སྟོང་ཆ་ཤོར་བ་དང་དཔྱད་ཀྱི་རྣམ་དཔྱོད་ཀྱིས་མ་འདང་བ་ལས་གཞན་དུ་ཁ་གཡོགས་ས་ཅི་ཡང་མེད། སྤྱིར་ན་འུ་ཚང་གི་སློབ་མ་ཚོ་ནི་ཀློག་དང་སློབ་ལས་ལས་འགུལ་ལ་དགའ་བའི་ཤུགས་དེ་ཆེ་བ་མ་ཟད། མཐོ་རིམ་སློབ་མས་འཚོ་བ་རྒྱུས་ལོན་དགོས་རབས་ཀྱི་སྐད་ཆ་འཆད་མཁན་ཡང་མང་སེ་འདུག་མོད། ངས་བལྟས་ན། མཐོ་རིམ་སློབ་མའི་གནས་སྐབས་ཀྱི་རྩལ་འདོན་ས་དངོས་ནི་ཀློག་རེད་སྙམ་ཞིང་། ཀློག་ཟེར་བ་དེ་མི་ཞིག་ཚེ་ཐག་དང་བཅད་བགོས་བྱས་ན་མཐོ་སློབ་ཀྱི་སྐབས་ནི་ཀློག་གི་ཉིན་གུང་ལྟ་བུ་ཡིན་པས་ཀློག་གི་ཉི་མ་ཉིན་གུང་མ་ཚ་ན་མ་ཚ་བ་ལོས་ཡིན། དེ་ལྟར་མཐོ་རིམ་སློབ་མའི་སྐབས་སུ་ཀློག་གི་རྩིག་གདན་ཞིག་འདིང་མ་ཐུབ་ན། ཤེས་ཡོན་པ་ཞིག་ལ་ནམ་དུའང་འགྱུར་རེ་བྲལ་ཞིང་། ལོ་རྒྱུས་ལ་ཕྱིར་དྲན་བྱས་ནའང་ ཀུན་མཁྱེན་འཇམ་དབྱངས་བཞད་པས། མི་ཚེ་གང་བོར་དཔེ་ཆ་ལྟ་རྒྱུ་ལས་ང་ལ་ཉམས་ལེན་གཞན་གང་ཡང་མེད་ཅེས་གསུངས་པ་ལྟར་མཁས་པ་དག་གི་མཛད་རྣམ་ལ་བལྟས་ན་ཀློག་པ་ཐོས་བསམ་གྱི་མཛད་པ་ནི་སྐུ་ཚེ་གང་བོའི་ཉམས་ལེན་དུ་སྦྱར་བ་བགྲང་གིས་མི་ལང་བ་ཞིག་ཡོད།
༣༽ དཔྱད་རྒྱུའང་མཐོ་རིམ་སློབ་མའི་རྩ་བའི་འགན་འཁྲི་ཞིག་རེད།
ང་ཚོས་ངེས་པར་དུ་དཔྱད་དགོས་པ་རེད། སྲོལ་རྒྱུན་རིག་གནས་ལ་དཔྱད་དགོས་པ་རེད་ལ། གསར་བྱུང་རིག་གནས་ལའང་དཔྱད་དགོས་པ་རེད། མི་རིགས་དང་རྒྱལ་ཁབ་ལ་དཔྱད་དགོས་པ་རེད། ལྷག་པར་རང་ལ་དཔྱད་དགོས་པ་རེད། སྟོན་པ་བཅོམ་ལྡན་འདས་ཀྱིས། བདག་ཉིད་བདག་གི་དགྲ་ཡིན་ཞིང་། །བདག་ཉིད་བདག་གི་མགོན་ཡང་ཡིན། །ཞེས་སློབ་གསོ་མཐའ་དག་བདག་ཉིད་ཀྱི་སློབ་གསོར་བསྡུས་ཤིང་བདག་གི་གོལ་བ་མཐའ་དག་བདག་ལས་བྱུང་བར་བསྙད་པ་དེའང་བདག་ལ་དཔྱད་འཇུག་མ་བྱས་པ་ཉིད་ལས་གཞན་གང་ཡང་མིན། གང་ལའང་དཔྱད་སྟོབས་ཀྱིས་འཇུག་པ་ནི་སྐྱེས་བུ་དམ་པའི་འཇུག་སྟངས་རེད་ལ། དབང་བོ་རྣོན་པོའི་འཇུག་སྟངས་ཡང་རེད། ཇི་ལྟར་དངོས་པོའི་གཤིས་ལ་ཉེ་གྱུར་བ། །དེ་ལྟར་མཁས་པའི་ངག་ནི་ལྐུགས་པར་འགྱུར། །ཞེས་པ་ལྟར་དཔྱད་ཀྱི་རྣམ་དཔྱོད་རྟུལ་བོའི་མི་ཞིག་ནམ་དུའང་དངོས་པོའི་གཤིས་ལ་རེག་མི་སྲིད་པ་དང་། ཀློག་ལ་མཁས་ནའང་དཔྱད་ཀྱི་སྟོབས་མ་རྒྱས་ན། ནེ་ཙོའི་འདོན་པ་བཞིན་འུར་འུར་སྐྱོར་བ་ཙམ་ལས་དོན་ལ་སྒྲོ་འདོགས་ཅི་ཡང་ཆོད་མེད་པས་ཡུལ་དེར་ངེས་ཤེས་མ་འདྲོངས་པ་ཡིན། ཚད་མ་རྣམ་འགྲེལ་ལས། ཆ་ཤས་སྒྲོ་འདོགས་ཇི་སྙེད་པ། །དེ་བསལ་ཕྱིར་ན་ངེས་པ་དང་། །ཞེས་པ་བཞིན་སྒྲོ་འདོགས་པ་དང་སྐུར་འདེབས་ཀྱི་ཆ་ཐམས་ཅད་བསལ་བ་ནི་དངོས་གཤིས་དེར་ངེས་ཤེས་འདྲེན་ཚད་ཡིན་པས། དཔྱད་སྟོབས་ཀྱིས་དངོས་བོའི་གཤིས་ལ་ངེས་ཤེས་འདྲེན་རྒྱུ་ནི། མཁས་བའི་བྱ་བ་མཐའ་དག་གི་རབ་དང་ཕུལ་དང་གྱ་ནོམ་པ་དེ་ཡིན་ཞིང། དབུ་ཕར་ཚད་གསུམ་གྱི་གདུལ་བྱ་ངོས་འཛིན་སྐབས་དག་ལའང་དབང་བོ་རྣོན་རྟུལ་གྱི་ཁྱད་པར་དཔྱད་ཀྱིས་འཇུག་མི་འཇུག་གི་སྒོ་ནས་དབྱེ་ཡོད་པས། མཐོ་རིམ་སློབ་མ་ཡུལ་ལ་དམིགས་ཀྱིས་འཇུག་སྟངས་ལའང་དཔྱད་ལས་གཞན་ཞིག་མེད་པ་ཡིན། ལྷག་པར་བོད་ཡུལ་གྱི་མཐོ་རིམ་སློབ་མའི་ཁྲོད་ན་མ་དཔྱད་པར་གཏོར་རྒྱུ་ཞིག་དང་དགག་རྒྱུ་ཞིག་གི་འུར་སྒྲ་ཤིན་ཏུ་ཆེ་བས་སྐབས་འདིར་དཔྱད་ལ་དམིགས་བསལ་གྱིས་དོ་སྣང་བྱེད་རྒྱུའང་རྩ་བའི་འགན་འཁྲི་ཞིག་རེད། ད་དུང་བཤད་སྟངས་གཞན་ཞིག་ནས་བཤད་ན་དཔྱད་མེད་པའི་སྙིང་སྟོབས་ནི་ལོག་རྟོག་སྙིང་སྟོབས་དང་། དཔྱད་མེད་པའི་འགན་འཁྲི་ནི་བླུན་པོའི་འགན་འཁྲི་རེད། སྐབས་འདིར་བདག་གིས་མཐོ་རིམ་སློབ་མའི་རྩ་བའི་འགན་འཁྲི་ལ་བཤད་ཀློག་དཔྱད་གསུམ་བཞག་པ་འདི། ཁྱབ་ཁོངས་གཞན་ཞིག་གི་སྒོ་ནས་དབྱེ་ན། ཀློག་ནི་རང་དོན་གྱི་འགན་འཁྲི་དང་། བཤད་ནི་གཞན་དོན་གྱི་འགན་འཁྲི། དཔྱད་ནི་རང་གཞན་ཟུང་འཇུག་གི་འགན་འཁྲི་རུའང་བགོས་ཆོག་མོད་མང་བར་དོགས་ནས་འདི་ཙམ་གྱིས་འཚམ་པར་བྱས་པ་ཡིན།
༤༽ བགྲོ་རྒྱུ་འདིའང་མཐོ་རིམ་སློབ་མར་གལ་ཆེན་པོ་རེད།
ཕོ་རབ་གཅིག་གི་བློ་རྩེ་ལས་ཕོ་འབྲིང་གསུམ་གྱི་གྲོས་ཁ་ཡག་ཟེར་བ་ལྟར་བགྲོ་རྒྱུ་འདི་ཤེས་ཡོན་སྦྱོང་བརྡར་གྱི་ལམ་ལུགས་ནང་དུ་གལ་ཆེན་ཞིག་ཡིན་པ་རེད། འཛམ་གླིང་ཤར་ནུབ་ཀྱི་མཁས་པའི་ལམ་ལུགས་ཁྲོད་ཁྱབ་ཆེ་ཞིང་དར་སྔ་བ་ཞིག་ཀྱང་རེད། ལྷག་པར་སྟོན་པ་ཤཱཀྱ་ཐུབ་པའི་བཀའ་འགྱུར་དུམ་པ་བརྒྱ་ཐམ་པ་བོ་ཆ་ཚང་བགྲོ་ཞེས་པའི་འདིའི་རྣམ་པར་གྲུབ་ཡོད་པ་ལས། ཙོང་ཁ་པ་ལྟར་རི་ངོས་བྲག་ལྕིབས་ནས་ཁེར་རྐྱང་གིས་བྲིས་བཞག་པ་གཅིག་ཀྱང་ཡོད་པ་རེད། དེའི་ཕྱིར། དེ་རིང་གི་བགྲོ་འདིའང་སྐྱེས་བུ་དམ་པའི་རྣམ་ཐར་ཉམས་ལེན་ཞིག་རེད་ལ། ཤེས་ཡོན་གྱི་བྱེད་ཐབས་ཤིག་ལག་ལེན་བྱས་པའང་ཡིན་པས་གལ་ཆེན་པོ་རེད་སྙམ་ཞིང་། བགྲོ་འདི་ལ་ཚོགས་ཀྱི་དབུས་སུ་བགྲོ་བ་དང་། སྔ་རྒོལ་ཕྱི་རྒོལ་གྱི་རྣམ་པར་བགྲོ་བ་དང་། གར་སྟེགས་སྟེང་ནས་འཆད་ཁྲིད་ཀྱི་རྣམ་པར་བགྲོ་བ་སོགས་དུ་མ་ཞིག་ཡོད་པ་ལས་དེ་རིང་གི་བགྲོ་འདི་ནི་དེ་དག་གང་དང་ཡང་མི་འདྲ་བ་ཞིག་རེད། ལྷག་པར་དེ་རིང་གི་བགྲོ་འདི་ལ་ལག་མེད་ན་ཁ་ཡོད་པ་ཙམ་གྱིས་བགྲོ་མི་ཐུབ་པ་ཞིག་ཀྱང་རེད་ལ། ཁ་ཡོད་ཀྱང་མི་དགོས་པ་འདིའང་ངོ་མཚར་གྱི་གནས་ཤིག་རེད། སྔོན་ཆད་ལྗོན་ཤིང་རླུང་གིས་བསྒུལ་བ་ལས་འདུས་བྱས་མི་རྟག་པར་བགྲོ་བའི་གཏམ་རྒྱུད་སོགས་གསང་བ་བསམ་གྱིས་མི་ཁྱབ་པ་རེ་ཟུང་བྱུང་མྱོང་བ་ལས། དངོས་ཡོད་ལ་ཁ་མི་དགོས་པའི་བགྲོ་གླེང་འདི་འདྲ་བྱུང་མྱོང་ཡོད་པ་མ་རེད། དེའི་ཕྱིར། ཁ་མི་དགོས་པའི་བགྲོ་གླེང་འདི་དཀོན་མཆོག་གིས་འུ་ཚོར་དམིགས་བསལ་གྱིས་གཟིགས་བཟོས་གནང་བ་ཞིག་ལ་ངོས་འཛིན་བྱས་ནའང་འཐུས་པ་འདྲ་སྙམ། ད་དུང་བཤད་རྒྱུ་ཞིག་ལ་དྲ་ཐོག་བགྲོ་གླེང་འདི་སྔར་ཁོ་བོ་དྲ་ཐོག་ནས་ཚ་ཚ་འུར་འུར་གྱིས་འཁོར་དུས་ཐེངས་གཉིས་ཙམ་ལ་སྤེལ་མྱོང་ཞིང་། དེ་ནི་ཕལ་ཆེར་བོད་ཀྱི་དྲ་ཐོག་བགྲོ་གླེང་ཐོག་མ་ལྟ་བུའང་རེད་མོད། ཕྱིས་སུ་མུ་མཐུད་རྒྱུན་འཛིན་བྱེད་མ་ཐུབ་པ་རེད། ཡིན་ནའང་། དེ་རིང་ཁྱེད་ཅག་གིས་འདི་ལྟར་རྣམ་དཔྱོད་འགྲན་རྩོད་ཀྱི་སྡིངས་ཆ་ཞིག་བསྐྲུན་པ་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུས་པ་ཡིན་ལ། དྲ་ཐོག་བགྲོ་གླེང་བ་རྣམས་ཀྱིས་ཀྱང་ལས་རིམ་རྟིང་འཛིན་དང་འཚམས་འདྲི་ཤིས་བརྗོད་སོགས་ཀྱིས་དུས་ཚོད་མི་སྐྱེལ་བར་རང་རང་གི་བསམ་ཚུལ་དངོས་བཤད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད་སྙམ།
གསལ་བཤད།
རྩོམ་ཡིག་འདི་ནི། ནོར་གླིང་མཐོ་སློབ་ཀྱི་སློབ་ཀ་ཁག་ཅིག་གིས་འཆར་ཅན་གྱི་རེས་གཟའ་གཟའ་ཉི་མའི་ཉིན༼གསའ་ཉི་མའི་གླེང་མོལ༽ཞེས་པ་ཞིག་ཚུགས་མུས་ལ། དེ་རིང་དྲ་བོད་ཀྱི་དུས་བབ་དྲ་ཚིགས་ཀྱི་ཟིན་བྲིས་༼ཁྲོ་གཏུམ་གྱི་ཡུར་ཆུ༽ཞེས་པའི་ནང་དྲ་སྟེང་གི་བགྲོ་གླེང་སྐབས་ཆེད་འགྲེམས་གནང་བའི་ཆེད་རྩོམ་ཞིག་ཡིན། གླེང་མོལ་འདི་འབྲེལ་གྱི་གནས་ཚུལ་དག་དྲ་སྦྲེལ་ཁ་བྱང་ http://www.tibettimes.net/blogs.php?id=486&post_id=20687 འདི་རུ་ཡོད་པ་ནས་མཁྱེན་རྟོགས་ཡོང་བ་ཞུ།
ཆེད་རྩོམ་མཁོ་འདོན་པ་ཁྲོ་གཏུམ་གྱིས།