ཨ་མ་ལགས་ང་མྱུར་དུ་གཏོང་རོགས།
བོད་རིགས་དང་རྒྱ་རིགས་ཕ་མ་གཅིག་གི་བུ་དང་བུ་མོ་རེད།
ཨ་མའི་མིང་ལ་ཀྲུང་གོ་ཟེར།
གླུ་ཚིག་འདི་གོ་ཐེངས་རེ
གླུ་སྒྲ་འདི་ཐོས་ཐེངས་རེ
ཨ་མ་ནི་ཇི་འདྲའི་བྱམས་བརྩེ་ཆེ་ཞིང
ཨ་མ་ནི་ཇི་འདྲའི་དུང་བ་ཟབ་པའི་ཚོར་སྣང་ཞིག་སྦྱིན་འོངས
ཨ་མ་ལགས་མ་གཡར
ཨ་མ་ལགས་མ་ཚབ
བུ་ཆུང་ཉོམ་ལག་རྒྱས་ཟིན་པའི
རང་ཉིད་ལའང་རང་གི་འདོད་པ་ཡོད་ཅིང་
རང་ཉིད་ལའང་རང་གི་བསམ་ཚུལ་ཡོད་ངེས་བས
ང་རང་མྱུར་དུ་གཏོང་རོགས
བོད་ནས་ལྷ་མོ་སྒྲོལ་མས
བུ་མོ་ལྷ་མོ་སྒྲོལ་མས་དུངས་ཞེན་འདི་གང་ནས་རྙེད་པ་ཡིན་ནམ། བུ་མོ་ལྷ་མོ་སྒྲོལ་མ་ད་ལོ་མོ་ལོ་ག་ཚོད་ལ་སླེབས་འདུག གནས་ཡུལ་འཚོལ་བཞིན་ཡོད་འགྲོ
༄༅། །རང་རིགས་སྤུན་ཟླ་ཚོ་ལ་གུས་ཕུལ། །
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཤྲྰི་ཡེ། །
ཕྱི་དབྱིངས་སྐྱེ་མེད་སྟོང་ཆེན་སྤྲོས་བྲལ་གྱི་ངོ་བོ། །
ནང་ཡེ་འགགས་མེད་འོད་གསལ་སྙིང་པོ་ཡི་རང་བཞིན། །
གསང་ཆེན་དབྱེར་མེད་རང་རིག་རང་རྩལ་གྱི་ཐུགས་རྗེ། །
ཀུན་ཁྱབ་ཀུན་འདུས་རྩ་བའི་བླ་མ་ཁྱེད་མཁྱེན་ནོ། །
བསྟན་འགྲོར་ཕན་བདེ་འབྱུང་ངེས་དངོས་གྲུབ་དེ་སྩོལ་ཅིག །
གཙོ་བོ་ཤེས་རིག་རྟག་འདོད་གྲངས་ཅན་གྱི་མཁན་པོ། །
ཤི་ནས་ཤེས་མེད་ཆད་འདོད་རྒྱང་འཕེན་གྱི་སློབ་དཔོན། །
དེ་གཉིས་ཕྱོགས་སུ་མ་སློང་དེང་རབས་ཀྱི་དཔའ་བོ། །
རང་ཆོས་རང་གི་ལེན་པའི་ཐབས་ཤེས་ཤིག་ཡོད་ན། །
རང་ཚོད་རང་གིས་མ་བཟུང་རྒྱལ་དར་དེ་སྒྲེངས་ཤོག །
ཕ་མ་དྲིན་ལན་མེད་པའི་མདོ་ཤོར་གྱི་སྐྱེ་བོ། །
ཆོས་སྲིད་ལེགས་ཉེས་མི་ཤེས་རང་འདོད་ཀྱི་གང་ཟག །
ཤ་ཆང་དུག་རྫས་རོལ་བཞིན་ཁ་ཡག་དང་ངོ་དགས། །
ཁྲེལ་མེད་གཡོ་སྒྱུ་བྲེལ་བའི་ཆགས་སྡང་གི་ཕོ་མོ། །
ཁ་བའི་ལས་དབང་བསམ་ན་དེ་འདྲ་ཞིག་མ་རེད། །
འཇིག་རྟེན་ཡང་དག་ལྟ་བར་རང་ལུགས་ཀྱི་ས་མཚམས། །
བསམ་པ་གཞན་ཕན་སྤྱོད་པ་འཚེ་མེད་དང་དྲང་བདེན། །
རང་ལ་དཔེ་བཞག་གཞན་དག་ཕན་བདེ་ལ་བརྩོན་པའི། །
ཡ་རབ་ལྷ་ཆོས་རྣམ་དག་ངོས་འཛིན་ཞིག་བྱེད་ངེས། །
ཡབ་མེས་བསྟན་སྲིད་བསམ་ན་རིག་གཞུང་ལ་འབད་རོགས། །
འདིར་སྣང་ཞེན་ཆགས་བྲལ་བའི་མཚན་ལྡན་གྱི་བླ་མ། །
བཀའ་པོད་ཐུགས་ལ་འཁྲུངས་པའི་བསླབ་ལྡན་གྱི་དགེ་བཤེས། །
བརྟན་མཁས་ཡོན་ཏན་ཕྱུག་པའི་འདུལ་འཛིན་གྱི་མཁན་པོ། །
བཤད་སྒྲུབ་མཛད་རྒྱས་ཆེ་བའི་ཡང་དག་གི་སྤྲུལ་སྐུ །
འདོད་ཆུང་ཆོག་ཤེས་ལྡན་པའི་དགོན་གནས་ཀྱི་གྲྭ་བ། །
དགྱ་དམར་གཡོ་འགུལ་ནུས་པའི་བློ་ལྡན་གྱི་དཔོན་པོ། །
རིག་པའི་གཞུང་ལུགས་མཁས་པའི་དེང་རབས་ཀྱི་དགེ་རྒན། །
རྒྱུ་ནོར་ལོངས་སྤྱོད་ཆེན་པོའི་ཚོང་དཔོན་དང་བླ་བྲང་། །
རྟ་ལུག་ནོར་ཕྱུགས་སྐྱོང་བའི་འབྲོག་པ་ཡི་ཚོགས་དང་། །
འབྲུ་རིགས་གཡང་དུ་ལེན་པའི་ཞིང་པ་ཡི་རུ་ཁག །
ཞིང་འབྲོག་གཉིས་ལས་བབས་པའི་གྲོང་ཁྱེར་གྱི་བདག་པོ། །
རིག་པའི་ལང་ཚོ་རྒྱས་པའི་ན་གཞོན་གྱི་སློབ་གྲྭ །
མདོར་ན་ཤ་ཁྲག་རུས་གསུམ་གཅིག་པ་ལས་མཆེད་པའི། །
ཡ་ཀི་མཛངས་བླུན་རྒན་པ་མགོ་དཀར་གྱི་མན་ཆད། །
མ་ཀི་རང་དོན་བསམ་ཤེས་བྱིས་པ་ཡི་ཡན་ཆོད། །
མ་རིག་མུན་པའི་ཀློང་དུ་མགོ་འཁོར་དུ་མ་འདུག །
ལེགས་ཉེས་ཤན་འབྱེད་དགྲ་གྲོགས་མ་ནོར་བར་རེམ་རེམས།
མཆོད་འོས་དཀོན་མཆོག་ལྷ་ལ་ཡིད་ཆེས་དང་དད་གུས། །
རྣམ་དཔྱོད་གཞལ་བྱའི་གནས་ལ་ཚད་མ་ཡི་ངེས་ཤེས། །
མངོན་རྗེས་ལུང་རིགས་མི་འགལ་སེམས་ཐག་ཅིག་ཆོད་ན། །
ཕུ་ནུ་སྤུན་ཟླ་བརྗོད་པ་དོན་ལྡན་དུ་མཐོང་ལགས། །
རེ་འདོད་ཡིད་བཞིན་ནོར་བུ་སྙིང་ཁྲག་གི་དྭངས་མ། །
མི་འདོད་དགྲ་ཕྱོགས་འཛིན་པའི་བློ་ངན་དེ་སྤངས་ནས། །
རང་ཆོས་རང་གི་འཛིན་པའི་དམ་བཅའ་ཞིག་ཡོད་ན། །
རང་རིགས་གཞིས་བྱེས་ཀུན་དོན་མཉམ་འབད་ན་འགྲུབ་ངེས། །
བློ་ལྡོག་རྣལ་མའི་ངེས་འབྱུང་རང་རྒྱུད་ལ་ལྡན་ཀྱང་། །
གཞན་ཕན་བྱང་ཆུབ་སེམས་ཀྱི་སྡོམ་པ་ལ་བསམ་ནས། །
ཞི་ཁྲོ་ཡི་དམ་མཆོག་གི་རྣམ་པ་རུ་བཞེངས་ནས། །
རང་ལུགས་གཙང་མར་འདོད་པའི་སྙིང་ཁམས་ཀྱིས་བསྐུལ་ཏེ། །
ཞི་བདེའི་དབྱངས་རྟ་སྙན་པོ་མཁའ་དབྱིངས་ནས་སྒྲགས་ཤོག །
ཅེས་ཡོ་རོབ་ནུབ་ཕྱོགས་རྒྱ་མཚོའི་གྲུ་ཁ་ཞིག་ནས་ཅི་དྲན་དུ་
རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་༢༠༠༩ ༦ ༡༩ རང་རིགས་སྤུན་ཟླ་ཀུན་ལ་གུས་པས་ཕུལ།།