ཉག་ག་ཕ་གིར།
སེང་རྡོར།
རྟ་ཕོ་ཆུ་འཐུང་རྣ་བ་བསྒྲེངས་ཏེ་ཉན་སྒུག་བྱེད་པའི་བར་གླགས་དེར། །
ང་ཡི་མདུན་ཕྱོགས་ཐང་ཁུལ་རང་ནས་ངང་པ་སྐོར་ཞིག་ཚོམས་ཏེ་གྲག །
ལུག་གི་སུག་པས་རྩྭ་ལྡུམ་བཅད་དེ་དྲི་ཞིམ་སྣ་ཚོགས་རི་སྒང་འགྲོ །
སྟོངས་ཤིང་ཕྱེ་བའི་ཉག་ག་དེ་ནས་ལྗང་སེར་གློ་དམར་ན་བུན་བཅས། །
མཚོ་ནང་པད་མོ་འདར་བ་བཞིན་གྱི་ཅི་ཞིག་ཨེ་འབུད་སྙིང་ཁ་ལྡིང་། །
ཟིལ་པ་ཁྲོམ་ཁྲོམ་རྩི་ཤིང་དེ་དག་ཅི་ཞིག་ལྟར་སྟེས་འཚང་ཁ་རྒྱག །
དེ་དང་ལྷན་ཅིག་འཚུབ་སྐོར་གྱུ་ལེར་རྡུལ་གྱི་ཕུང་པོ་བར་སྣང་འདུག །
ཆུ་བོའི་གཞུང་ལ་མེ་ཏོག་ལྷུང་ཞིང་འོད་གུར་དང་བཅས་ཆིལ་ཆིལ་འཕྱོ །
བདག་རང་ཅིས་ཀྱང་སྒུག་བཟོད་མེད་པར་ལུང་པ་ཀུན་ཏུ་རྒྱང་མིག་བལྟས། །
རླུང་ངམ་ཅི་ཞིག་ས་ཚོད་རེ་ནས་འདི་གར་གཏོད་དེ་འོང་ངམ་སྙམ། །
བུང་བའི་འཕོངས་ལ་མེ་ཏོག་འཛུགས་པའི་བྱིས་པ་དེ་ཚོ་ལོགས་ཤིག་བྲོས། །
ཆོན་མགོར་འཕངས་པའི་སྐ་རགས་ངུར་སེར་བཞོ་འབྲི་མ་ཞིག་ཁུར་དེ་སོང་། །
ད་སྟེ་ཉི་མ་དམར་ཐག་ཆོད་ཀྱང་ཚེག་ཆོམ་སྒྲ་ནི་ཡོད་མི་དཔེ། །
ཁྱི་རྣམས་རི་གཤམ་ཟུག་སྐད་འདོན་ཞིང་གཅིག་འཕྲོར་གཅིག་ཏུ་ཤོར་བ་ན། །
བགྲེས་སོང་འགའ་ཞིག་ནུབ་ཁར་ཕྱོགས་ཏེ་སྨིན་མ་ནང་དུ་བསྡུད་ཅིང་འདུག །
ས་ངོས་མཉམ་པའི་བྱི་བ་རྒྱ་སྨུག་མགྲིན་པ་ཁྱོགས་ཏེ་མུར་མུར་ཟ། །
ཐལ་བ་ཤུར་ཤུར་ལྕུང་ཀ་རེ་གཉིས་ཕྱིར་ཞིང་ཕྱིར་ཞིང་ཙག་འགྱུ་བྱེད། །
མདའ་རྒྱང་གང་གི་རྒྱབ་མདུན་ཕྱིན་ན་ལྷས་རྩར་བྱིང་སྟེ་འགྲོར་མི་བཏུབ། །
ལྷིང་འཇགས་ཁྲོད་ཀྱི་ངང་སྒུག་འདི་འདྲ་ཁ་ཚ་དགོས་གཏུགས་མ་རེད་དམ། །
ད་ནི་ཅིས་ཀྱང་ཉག་ག་ཕ་གིར་ཡང་སྙིང་ག་རེ་འབུད་ན་ཨང་། །
ཤིང་སྒོ་སྐྱ་བོ་ཙིར་སྒྲ་དང་བཅས་གནམ་སའི་མཚམས་སུ་ཕྱེ་བ་དང་། །
སྡེ་འདབས་ཆུ་འཁོར་ཡི་གེ་དང་བཅས་མུན་པའི་མཚམས་སུ་འབར་བ་དང་། །
ལམ་གྱི་བཞི་མདོར་གྲིབ་མ་འགའ་ཞིག་རིང་ཐུང་སྣ་ཚོགས་སྟོན་ཞིང་སྟེ། །
གངས་རི་ནུར་བའི་ས་ཆགས་དེ་ལ་འདི་ནས་ཕྱིན་ན་སླེབས་སམ་ཅི། །
ད་ནི་ཅིས་ཀྱང་ཉག་ག་ཕ་གིར་ཡང་སྙིང་ག་རེ་འབུད་ན་ཨང་། །
དཀར་དམར་འདབ་མའི་ཚེ་སྲོག་འདི་དག་ཉག་ག་དེ་ནས་སྐྱེས་སམ་ཅི། །
ཉི་ཟེར་འབབ་པའི་རྒྱ་མཚོ་ཆེན་པོ་འདི་ཡི་རྒྱབ་ན་འཁྱིལ་ལམ་ཅི། །
ཁམ་ནག་སྔོ་སྐྱའི་ལྗོངས་བཀོད་རེ་རེ་རྣམ་རིག་འདྲོགས་པ་ཅིའི་ཕྱིར་ཡིན། །
གསེར་རྡུལ་འཐིབས་སེའི་ཤ་བ་ཁྱུ་གཅིག་ཉག་ག་དེ་ནས་འཐོན་ནམ་ཅི། །
ལྗང་ནག་ལོ་མའི་རྒྱབ་ཡོལ་ཅན་ཞིག་དེ་ཡི་རྗེས་སུ་འབྱོན་ནམ་ཅི། །
འདི་མོ་འདི་བཀླགས་ན་བཟི་འགྲོ་གི ནས་ཆང་རྒུན་ཆང་འཐུངས་པའི་ཡན་ཟིག་རེད།
གོང་གི་རྩོམ་འདི་བཅད་གསར་ཡིན་ཟེར་ན།
ས་སྐྱ་བའི་ས་སྐྱ་ལེགས་བཤད་དང་ཚངས་དབྱངས་རྒྱ་མཚོའི་མགུར་གླུ། དགེ་ཆོས་ཀྱི་ཚིགས་བཅད་སྙན་ངག་བཅས་ཀྱང་བཅད་གསར་ཡིན་པ་མ་ཟད་བཅད་གསར་གྱི་དཔེ་སྔ་ཤོས་དག་ཡིན་པ་རེད་།
དགེ་ཆོས་ཀྱིས་བྲིས་བའི་ཚིགས་བཅད་སྙན་ངག་དེ་ཚོ་སྙན་ངག་མེ་ལོང་མའི་སྒྲིག་གཞིའི་རྒྱ་ལས་བརྒལ་བའི་ཚིགས་བཅད་སྙན་ངག་ཤ་སྟག་རེད་ལབ་ན་རྫུན་ལ་མི་འགྲོ་བསམ་སོང་།
ད་དུང་བཙན་བྱོལ་ནང་གི་འདས་པོ་ཀླུ་ཚང་བློ་བཟང་ཡེ་ཤེས་ལགས་བཅད་གསར་འབྲི་མཁན་སྔ་གྲས་ཤིག་རེད་། སེང་རྡོར་དང་སེང་རྡོར་གྱི་རྗེས་སུ་འཇུག་པ་ཚོས་འདི་དག་མཁྱེན་དགོས།
ད་དུང་། གོང་གི་སེང་རྡོར་གྱི་བྲིས་རྩོམ་འདིའི་ཁོངས་སུ་ཡང་མེ་ལོང་མའི་ཤན་ཐེབས་པ་ཁ་ཤས་ཤིག་འདུག
དཔེར་ན།
1) མཚོ་ནང་པད་མོ་འདར་བ
2) ཆུ་བོའི་གཞུང་ལ་མེ་ཏོག་ལྷུང་ཞིང
3) ཉི་ཟེར་འབབ་པའི་རྒྱ་མཚོ་ཆེན་པོ་སོགས་ལྟ་བུ།
ཧོར་འཇིགས་ཀྱང་མ་རྗེད།
ཧོར་འཇིགས་ཀྱི་ཚིགས་བཅད་སྙན་ངག་སྔ་མ་དག་ལ་མེ་ལོང་མའི་ཤན་ཆེ་ཞིང་ཕྱི་མ་དག་ལ་ཆུང་།
ནག་རུལ་མ་བཞི་ནི་བཅད་གསར་གྱི་ཁོངས་སུ་འགྲོ་དཀའ་རུང་བཙན་བྱོལ་ནང་གི་རྩེ་གྲས་སུ་ཡོད་།
བཙན་བྱོལ་དུ་ཚིགས་བཅད་སྙན་ངག་འབྲི་མཁན་རྩེ་གྲས་གསུམ་འདེམས་དགོས་ཚེ།
ཧོར་འཇིགས་དང་འདས་པོ་བློ་བཟང་ཡེ་ཤེས། བློ་གྲོས་དཔལ་བཟང་གསུམ་ཡིན།
རང་མོས་སྙན་ངག་འབྲི་མཁན་རྩེ་གྲས་འགའ་འདེམས་དགོས་ཚེ།
གཟུངས་ཕྱུག་སྐྱིད་དང་ཚེ་བརྟན་རྒྱལ། ཨ་འཇམ་གསུམ་འགོ་མ་ཡིན།
ཚིག་ལྷུག་སྙན་ངག་ཡག་མོ་འཁྱོངས་མཁན་ཞིག་ད་བར་མ་རྙེད་།
བརྩམས་སྒྲུང་ངམ་བཅོས་སྒྲུང་འབྲི་མཁན་ཞིག་བཙལ་དགོས་ན།
ཀླུ་སྨྱོན་རྩེ་ཏོག་དེ་ཡིན། འོན་ཀྱང་། ཀླུ་སྨྱོན་རྒས་བ་དང་མཉམ་དུ་ཀླུ་སྨྱོན་གྱི་བརྩམས་སྒྲུང་དག་ཀྱང་རྒས་བཞིན་པའི་ཚོར་སྣང་ཞིག་ཀློག་མཁན་མང་པོར་བྱུང་ཡོད་།
མདོར་དེད་ན། དུས་ཚོད་དང་རྩོམ་གྲངས་གཉིས་ཀྱི་སྒོ་ནས་ཞིབ་འཇུག་བྱས་ཚེ། བཅད་གསར་སྙན་ངག་འབྲི་མཁན་དག་ནི་ཁ་སང་དེ་རིང་ས་ཁར་ཐོན་པའི་གཞོན་སྐྱེས་སེང་རྡོར་སོགས་མ་ཡིན་པར་བཙན་བྱོལ་ནང་གི་རྩོམ་མཁན་ཚོ་ཡིན་པ་འདྲ། བདེན་མི་བདེན་། ལོ་རབས་དགུ་བཅུའི་རྗེས་ཀྱི་བོད་ཕྱི་ནང་གི་རྩོམ་མཁན་ཚོས་བྲིས་བའི་ཚིགས་བཅད་སྙན་ངག་དག་ཀློག་ནས་ཐག་ཆོད་།
ཡག་གི།
སྙན་ཚིག་འདི་ཀློག་རྗེས།
གོ་སླ་བ།
ཀློག་བདེ་བ།
ཚིག་ཉུང་བ།
དོན་འདུས་པ།
མདུན་གྱི་ཐང་ཡངས་པ།
རྒྱབ་ཀྱི་རི་མཐོ་བ།
དོན་གྱི་གཏིང་ཟབ་པ།
ཚིག་གི་དཔལ་ཕྱུག་པ།
ཐོག་མར་བཀླག་ན་བྲོ་བ་ཡོད་པ།
བར་དུ་བཀླག་ན་འགོ་བོ་འཐོམ་པ།
མཐར་མར་བཀླག་ན་གོ་རྒྱུ་ཆེ་བ།
རྩོམ་པའི་རྩལ་ནི་རྦབ་ཆུ་རྒྱུག་པ།
སྤྱིར་འདོད་ལྷས་བཤད་པ་ལྟར་ཡིན་པར་སྨོན། ང་ལ་ནི་བར་དུ་བཀླག་ན་མགོ་བོ་འཐོམ་པ་ཞེས་པ་དེ་ཏག་ཏག་འདུག འདི་ནི་རང་གི་ཤེས་ཚད་དང་ལྷག་པར་འདི་ནང་ཡོད་པའི་བརྡ་ཆད་ཁག་ཅིག་ལ་རྒྱུས་མེད་པས་སོ།།